སྐལ་ལྡན་གྱིས་སྒྲ་ཕབ་བྱས། (ས་རཱ།)
གོང་དཀར་ངག་རྣམ་གྱིས་ཞུས། (ས་རཱ།)
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་གལ་གནད།
The importance of Secular Ethics
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་ནོར་བཟང་དང་སྐུའི་དབྱིན་སྐད་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དབར་གྱི་དྲི་བ་དྲིས་ལན།
l. དྲི་བ། ང་ཚོས་༸གོང་ས་སྐྱབས་མགོན་ཆེན་པའི་དགོངས་པར་སློབ་སྦྱོང་བྱེད་དུས་དོ་སྣང་འབྱུང་བཞིན་པ་གཅིག་ནི་ཉེ་བའི་ལོ་རབས་ཁ་ཤས་ནས་༸གོང་ས་མཆོག་གིས་ཡུལ་གྲུ་ག་པར་ཆིབས་སྒྱུར་གནང་བ་ཡིན་ནའང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དམ་ཡང་ན་དབྱིན་སྐད་དུ་(Secular ethics) ཞེས་པའི་ཐོག་ལ་བཀའ་སློབ་ཡང་ནས་ཡང་དུ་ནན་པོ་ཞིག་མཛད་ཀྱི་འདུག་པས། ཐོག་མར་དགེ་བཤེས་ལགས་ཀྱིས་ང་ཚོའི་གསན་མཁན་རྣམ་པ་ཚོར་ཡང་སྙིང་ (Secular ethics) ཞེས་པ་གོ་བ་གང་འདྲ་ཞིག་ལེན་དགོས་མིན་ཐད་ངོ་སྤྲོད་ཅིག་གནང་རོགས།
ལན། (Secular ethics )ཞེས་པར་བོད་སྐད་ནང་སྒྱུར་མཁན་འདྲ་མིན་ཡོང་བཞིན་འདུག འགའ་ཞིག་གིས་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་དང་། འགའ་རེས་ཆོས་དད་ལ་དམིགས་བསལ་ལྟོས་མི་དགོས་པའི་ཐོག་ནས་གསལ་བཤད་བྱེད་པའི་བཟང་སྤྱོད་དང་བླང་དོར་ཚུལ་ཁྲིམས་ཀྱི་སྐོར། གང་ལྟར་རྩ་བའི་དོན་ནི། སྤྱིར་བཏང་བྱམས་སྙིང་རྗེ་དང་བཟང་སྤྱོད་དང་འབྲེལ་བའི་དགེ་བའི་བློའི་ཕྱོགས་དེ་དག་གལ་འགངས་ཆེན་པོ་བརྩི་བ་དེ་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མའི་གཅིག་གྱུར་གྱི་ལངས་ཕྱོགས་རེད། ཡིན་ནའང་། དེ་སྔ་འདི་དག་ཁྱབ་སྤེལ་བྱེད་པ་སོགས་ཀྱི་སྐབས་སུ་ཆོས་ལུགས་ཀྱི་ལྟ་བ་གཞིར་བཞག་པའི་ཐོག་ནས་ཡིན། དཔེར་ན། ང་རང་ཚོ་ནང་པར་ཆ་བཞག་ན་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་འགྲེལ་བཤད་བརྒྱབ་པའི་ཐོག་ནས་མི་ལ་གནོད་པ་སྐྱེལ་རྒྱུ་ཡོད་མ་རེད། མི་ལ་གནོད་བསྐྱལ་ན་ལས་ངན་པའི་འབྲས་བུ་ཡོང་གི་རེད་ཅེས་ལས་འབྲས་ཀྱི་ཐོག་ནས་འགྲེལ་བཤད་སྐྱོན་གྱི་ཡོད་པ་དང་། འབྲས་བུ་དེ་ཡང་སྐྱེ་བ་འདིར་མ་མྱོང་ཡང་ཚེ་ཕྱི་མར་མྱོང་གི་རེད་ཅེས་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད་རེད།
ཆོས་ལུགས་ཆེ་ཁག་མང་ཆེ་བ་ནི་འཇིག་རྟེན་བྱེད་པ་པོ་ཁས་ལེན་མཁན་ཡིན་སྟབས། དེ་དག་གིས་བཟང་སྤྱོད་འགྲེལ་བཤད་རྒྱག་སྐབས་འདི་བྱས་ན་དཀོན་མཆོག་གི་བཀའ་དང་འགལ་གྱི་རེད། ཡ་རབས་སྤྱོད་བཟང་དང་བཟང་པོའི་ཕྱོགས་དང་ངན་པའི་ཕྱོགས་འདི་གང་ལྟར་དཀོན་མཆོག་གིས་གཏན་ལ་འབེབས་པའི་སྤྱི་ཁྲིམས་ལྟ་བུར་བརྩི་བས། དཀོན་མཆོག་གི་རྗེས་འཇུག་པ་ཚོ་བཟང་པོའི་ཕྱོགས་སུ་འགྲོ་བ་ལས་ངན་པའི་ཕྱོགས་གཏན་ནས་འགྲོ་མི་རུང་བས་གཞན་ལ་གནོད་འཚེ་བྱེད་རྒྱུའི་བྱ་བ་རིགས་སུ་འགྱུར་བ་རྣམས་ངན་པའི་ཕྱོགས་རེད་ཅེས་འགྲེལ་བརྗོད་དེ་འདྲ་བྱེད་སྟབས་༸སྐྱབས་མགོན་རིན་པོ་ཆེས་བཀའ་ག་རེ་གནང་གི་ཡོད་དམ་ཞེ་ན། ཡ་རབས་སྤྱོད་བཟང་དང་བཟང་སྤྱོད་གང་ལྟར་དགེ་བའི་སེམས་ཀྱི་ཁྱད་ཆོས་འདི་དག་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་སྤེལ་བྱེད་དགོས་ན་ཆོས་ཀྱི་འགྲེལ་བཤད་རྒྱག་སྟངས་ལ་བསྟུན་མི་དགོས་པའི་ཐོག་ནས་བྱུང་བ་ཡིན་ན་ཁྱབ་ཆེ་བ་དང་། ལྷག་པར་དུ་དེང་དུས་ཀྱི་སྤྱི་ཚོགས་ནང་ཕྱོགས་གཅིག་ནས་ཆོས་དད་མེད་མཁན་ཡང་མང་པོ་ཞེ་དྲག་རེད།
དཔེར་ན། མི་དུང་ཕྱུར་བཅུ་ལྷག་ཙམ་ནི་སོ་སོར་ཆོས་དད་མེད་ལབ་མཁན་གྱི་གྲས་རེད། འདིའི་ཐོག་ཆོས་དད་ཡོད་མཁན་གྱི་ལུང་པར་ཆ་བཞག་པ་ཡིན་ན་ཁ་ཆེ་ལུང་པ་དང་ས་གནས་ཁ་ཤས་ལ་མ་གཏོགས། ས་གནས་མང་ཆེ་བར་ཆོས་ལུགས་ཐ་དད་པ་མང་པོ་ཞིག་འཛོམས་པའི་སྤྱི་ཚོགས་ཤིག་ཆགས་སྟབས། ཆོས་ལུགས་ཀྱི་ལྟ་བ་གཞིར་བཞག་པའི་ཐོག་ནས་འགྲེལ་བཤད་རྒྱག་དགོས་ན་ཆོས་ལུགས་ཀྱི་ལྟ་བ་ག་གི་འཁྱེར་དགོས་སམ། སྤྱི་ཚོགས་དེའི་ནང་གི་ཆོས་ལུགས་ཆེ་ཤོས་དེ་འཁྱེར་བ་ཡིན་ན། ཆོས་ལུགས་དེར་དད་པ་མི་བྱེད་མཁན་གྱི་སྤྱི་ཚོགས་གཞན་གྱི་མི་དེ་དག་གིས་གང་འདྲ་བྱེད་དགོས་མིན་ཐད་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ༸སྐྱབས་མགོན་རིན་པོ་ཆེས་བཟང་སྤྱོད་སྤེལ་ཆེད་ཀྱི་ཐབས་ལམ་འདི་གང་ལྟར་ཆོས་ལུགས་ཀྱི་ལྟ་བར་དམིགས་བསལ་ལྟོས་མི་དགོས་པའི་ཐོག་གཏན་གཏན་སྤེལ་རྒྱུའི་ཐབས་ཤེས་ཡོད་པ་དང་སྤེལ་ཐུབ་ཀྱི་རེད་ཅེས་གསུང་གི་ཡོད། དེ་ཙམ་མ་ཟད་སྤེལ་སྟངས་དེ་ཡང་ངོ་བོ་འགྲེལ་བཤད་རྒྱག་སྟངས་དང་དེའི་ཁེ་ཕན་གྱི་ཐོག་ནས་འགྲེལ་བརྗོད་བྱེད་སྟངས་ཐོག་ལ་ཆོས་དད་ལ་དམིགས་བསལ་ལྟོས་མི་དགོས་པ་དང་། ལྷག་པར་དུ་ཆོས་ལུགས་ཆེ་ཁག་ཚང་མས་གཅིག་མཐུན་དུ་འདི་དག་གལ་ཆེར་ངོས་བཟུང་བའི་སྐབས་སུ་གང་ལྟར་ཚང་མར་ཁྱབ་པའི་འགྲོ་བ་མིའི་སྤྱིའི་རང་བཞིན་དང་རིན་ཐང་དང་ཁྱད་ཆོས་གཅིག་ཆགས་ཀྱི་ཡོད་པ་ནི་རྣམ་པ་གསལ་པོ་འཐོན་གྱི་འདུག་ཅེས་གང་ལྟར་དགོངས་པ་བཞེད་ས་གཙོ་བོ་དེ་རེད།
འདིར་(Secular)ཞེས་གསུང་དགོས་དོན་ནི་ཆོས་ལུགས་ཚང་མའི་ལྟ་བ་དང་མ་འགལ་བ་དང་། ཡང་ཆོས་ལུགས་ཀྱི་ལྟ་བ་ལ་ལྟོས་མི་དགོས་པ། དེ་ཡང་༸སྐྱབས་མགོན་རིན་པོ་ཆེས་རྒྱ་གར་གྱི་རྩ་ཁྲིམས་འདི་ (Secular) གཞི་བཞག་གི་ཐོག་བཟོས་ཡོད་རེད། ཡིན་ནའང་། (Secular) ཟེར་སྐབས་ངེས་པར་དུ་ཆོས་ལ་སྡང་པོ་བྱེད་དགོས་པ་དང་ཆོས་ལ་ངོ་རྒོལ་བྱེད་པ་དང་གང་ལྟར་ཆོས་སྤངས་པའི་སྐད་ཆ་མ་རེད། གལ་ཏེ་དེ་འདྲ་ཡིན་ན་རྒྱ་གར་ཆོས་ཀྱི་ལུང་པར་རྩ་ཁྲིམས་འདི་(Secular)ངོས་ལེན་བྱེད་ཀྱི་མ་རེད་ཅེས་གསུང་གི་ཡོད།
གང་ལྟར་(Secular) ཟེར་བའི་ཐ་སྙད་འདིར་ནུབ་ཕྱོགས་ཀྱི་འགྲེལ་བཤད་རྒྱག་སྟངས་དང་རྒྱ་གར་གྱི་འགྲེལ་བཤད་རྒྱག་སྟངས་གཉིས་ལ་ཏོག་ཙམ་མི་འདྲ་བ་དང་། ནུབ་ཕྱོགས་སུ་ (Secular) ཟེར་དུས་ཆོས་ཕྱོགས་ནས་ལྟ་སྟངས་ཀྱི་ལངས་ཕྱོགས་གཅིག་དང་ཆོས་དང་མ་འབྲེལ་བའི་ལྟ་སྟངས་ཀྱི་ལངས་ཕྱོགས་གཅིག་བཞག་པའི་ཐོག་ནས་ (Secular) ཟེར་བའི་གོ་བ་འགའ་ཞིག་ལ་ཆོས་སྤངས་པ་དང་། ཆོས་ལ་འདུ་ཤེས་ཏོག་ཙམ་ཞན་པོའི་གོ་བ་ཞིག་ཡོང་གི་ཡོད་པ་རེད། འོན་ཀྱང་ ༸སྐྱབས་མགོན་རིན་པོ་ཆེས་བཀའ་གནང་རྒྱུ་དེ་རྒྱ་གར་གྱི་བསམ་བློ་གཏོང་ཕྱོགས་དང་གོ་བ་ལེན་ཚུལ་འདི་རྩ་བར་བཞག་ནས་གང་ལྟར་ཁྱབ་ཆེན་པོ་ཞིག་དང་། ཆོས་ལུགས་ཡོངས་དང་མཐུན་པ། ཡང་ཆོས་ལུགས་བྱེ་བྲག་པ་གཅིག་གི་ལྟ་བ་ལའང་ལྟོས་མི་དགོས་པ། གང་ལྟར་ཆོས་དད་་ཁས་མི་ལེན་མཁན་ཡིན་ནའང་འདི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པའི་ཁྱབ་ཆེ་བའི་དགོངས་པ་ཞིག་བཞེད་ཀྱི་ཡོད་རེད།
2. དྲི་བ། ང་ཚོས་ཤེས་གསལ་ལྟར་༢༠༡༢ལོར་༸གོང་ས་མཆོག་གིས་(འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད། Beyond religion)ཅེས་པའི་དེབ་དེ་ལྗགས་རྩོམ་གནང་བ་ དང་། དེ་བཞིན་༢༠༠༠ལོར་(སྟོང་ལོ་གསར་པའི་བླང་དོར་གྱི་ཚུལ། Ethics for new Millennium) ཞེས་པའི་དེབ་དེ་ལྗགས་རྩོམ་གནང་བ་རེད། བྱས་ཙང་དེབ་དེ་གཉིས་ཀྱི་གནད་འགག་གང་ཡིན་མིན་གྱི་སྐོར་ལ་ཏོག་ཙམ་གསུང་རོགས།
ལན། སྟོང་ལོ་གསར་པའི་བླང་དོར་གྱི་ཚུལ་ཟེར་བ་དེ་སྤྱི་ལོ་༡༩༩༩ ལོ་སྟོང་ལོ་གསར་པ་མ་ཤར་ཙམ་དེར་ཐོན་པ་རེད། དེའི་ནང་ལ་ཡོད་པའི་བརྗོད་བྱ་གནད་འགག་ཅན་མང་པོ་ཞིག་ནི་༸སྐྱབས་མགོན་རིན་པོ་ཆེ་དེ་སྔོན་བདུན་ཅུ་དོན་དགུ་ལོར་ཨ་རིར་ཐོག་མ་ཆིབས་སྒྱུར་གནང་རྒྱུ་དབུ་ཚུགས་པ་ནས་བཟུང་སྟེ་གསུང་བཤད་གནང་རྒྱུའི་ནང་ལ་ཚུད་པ་ཞིག་དང་། དེའི་གོང་བདུན་ཅུ་དོན་གསུམ་ལོར་དབྱིན་ཡུལ་དང་ཡུ་རོབ་ཏུ་ཆིབ་སྒྱུར་སྐབས་ཀྱི་གསུང་བཤད་དེི་ཚོའི་ནང་ལའང་གཟིགས་པ་ཡིན་ན་དེ་ཚོའི་ནང་ཁོར་ཡུག་སྲུང་སྐྱོབ་གལ་ཆེ་ཡིན་པ་དང་། འགྲོ་བ་མིའི་གཅིག་གྱུར་གྱི་ལྟ་བ་གལ་ཆེ་ཡིན་པ། གཞན་ཕན་གྱི་བློ་དེ་གལ་ཆེ་ཡིན་པའི་སྐོར་རྣམས་འཁོད་ཡོད། ལྷག་པར་དུ་ནང་ཆོས་ཀྱི་སེམས་ཁམས་རིག་པ་སོགས་ཀྱི་ནང་ནས་ཚུར་ལེགས་ཆ་ལེན་པ་ལས་ང་ནང་པ་ཡིན་ནའང་ངས་འཛམ་གླིང་གཞན་ལ་སྐྱོད་པའི་སྐབས་སུ་ནང་པ་སྤེལ་རྒྱུ་དང་ནང་པ་ཁྱབ་སྤེལ་བྱེད་རྒྱུའི་ཐད་དབྱིངས་མེད་པར་ངའི་ཀུན་སློང་ནི་ནང་པའི་གཞུང་ལས་བཤད་པ་དང་ལྷག་པར་དུ་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་དག་ཧ་ཅང་གི་ཕྱུག་པོ་ཡོད་སྟབས། འདི་ནས་ཚུར་ལེགས་ཆ་བླངས་ནས་འགྲོ་བ་མི་སྤྱིའི་བདེ་དོན་ཐོག་ཕན་པ་སྒྲུབ་རྒྱུ་དང་ཞབས་འདེགས་ཞུ་ཐུབ་རྒྱུ་འདི་ཡིན་ཞེས་བཀའ་གནང་བ་དེ་བདུན་ཅུ་དོན་གྲངས་ནས་གསུངས་པ་རེད། སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་སམ་ཡང་ན་གོ་རིམ་བསྒྲིགས་ནས་དེབ་གཅིག་གི་ནང་ལ་ཤོང་ཐུབ་པ་བྱས་ཏེ་ཁྱབ་སྤེལ་བྱེད་རྒྱུ་དེ་ཐོག་མ་འདི་ནས་བྱུང་བ་རེད། འོན་ཀྱང་། དགོངས་པ་བཞེད་སྟངས་དང་གསུང་བཤད་ཀྱི་ནང་་ལ་ནི་གང་འཚམ་སྔ་པོ་ནས་ཡོད་རེད།
གང་ལྟར་༸སྐྱབས་མགོན་རིན་པོ་ཆེས་གནད་འགག་ལྟེ་བ་དེ་ག་རེ་དགོངས་ཀྱི་ཡོད་དམ་ཞེ་ན། ད་ལྟའི་དུས་ཚོད་ལ་གོ་ལ་གཅིག་གྱུར་ཆགས་ཏེ་དཔལ་འབྱོར་དང་། ཁོར་ཡུག་གི་གནས་སྟངས་སོགས་ཀྱི་ཐོག་ནས་འཛམ་གླིང་འདི་ཆུང་དུ་ཕྱིན་ནས་གང་ལྟར་གོ་ལ་གཅིག་གྱུར་ཆགས་སྟབས། གནས་སྐབས་དེའི་ནང་ལ་ང་རང་ཚོའི་སྔོན་མའི་བསམ་བློ་གཏོང་ཕྱོགས་དཔེར་ན་བོད་པ་ཡིན་ན་བོད་པ་ཁྱེར་རྐྱང་བསམ་བློ་གཏོང་བ་ལས་གཞན་ནས་ཅི་ཡང་ལེན་གྱི་མེད་བསམ་པའི་གུ་དོག་པོ་དེ་འདྲ་མ་བྱེད་པར་ལེགས་པའི་ཆ་དེ་ཕྱོགས་གང་ས་ནས་ལེན་རྒྱུའི་གོ་སྐབས་ཡོད་སྟབས་གང་ལྟར་༸སྐྱབས་མགོན་རིན་པོ་ཆེ་དགུང་ལོ་ཆུང་ངུའི་སྐབས་ནས་ནང་པའི་གཞུང་ལ་སློབ་གཉེར་གནང་བ་དང་། མཚན་ཉིད་ཀྱི་གཞུང་ཆེན་ལའང་གསན་བསམ་ཤུགས་ཆེ་གནང་བ་ཡིན་སྟབས། དེ་འདྲའི་ཐོག་ནས་ནང་ཆོས་ཀྱི་གཞུང་ནས་སེམས་ཁམས་རིག་པའི་རྣམ་གཞག་གི་བཤད་པ་ཕྱུག་པོ་ཡོད་པ་དེ་དང་ཚན་རིག་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་སྤྱོད་དང་། ཡ་རབས་སྤྱོད་བཟང་། བླང་དོར་གྱི་ཚུལ། སེམས་ཁམས་རིག་པའི་འགྲོ་སྟངས། མྱོང་ཚོར་དང་དེ་ཚོ་སྟངས་འཛིན་བྱེད་ཕྱོགས་དེ་ཚོའི་སྐོར་འདི་གང་ལྟར་ཚན་རིག་དང་ནང་ཆོས་ཀྱི་གཞུང་ལས་བཤད་པའི་སེམས་ཁམས་རིག་པ་ཟུང་འབྲེལ་གྱི་ཐོག་ནས་གང་ལྟར་བསམ་བློ་གཏོང་སྟངས་དང་། སྐད་ཆ་བཤད་སྟངས། ཁྱབ་སྤེལ་བྱེད་སྟངས། ལག་ལེན་བསྟར་སྟངས་གསར་པ་ཞིག་༸སྐྱབས་མགོན་རིན་པོ་ཆེ་རང་ཉིད་ཀྱིས་གསར་གཏོད་གནང་ཡོད་རེད། ཕྱག་དེབ་དེ་གཉིས་གལ་ཆེན་པོ་རེད།
དེ་དང་ཆབས་ཅིག་ཚན་རིག་པ་མང་དག་ཅིག་དང་ལྷན་དུ་ལོ་མང་རིང་བགྲོ་གླེང་གནང་ནས་དེའི་ཁྲོད་དུ་ཚན་རིག་པ་མང་པོ་ཞིག་ནི་ཤེས་ཡོན་སློབ་ཚན་གྱི་སྡེ་ཚན་ནས་ཕེབས་པ་དང་། མང་པོ་ཞིག་ནི་སེམས་ཁམས་རིག་པའི་སྡེ་ཚན་ནས་ཕེབས་ཀྱི་ཡོད་དུས་༸སྐྱབས་མགོན་རིན་པོ་ཆེས་བཀའ་ག་རེ་གནང་གི་ཡོད་དམ་ཞེ་ན། ཆོས་ལུགས་ཀྱི་ལྟ་བ་གཞིར་མ་བཞག་པར་འོ་ན་འགྲེལ་བཤད་ཇི་ལྟར་བྱེད་དགོས་སམ་ཞེ་ན། དེ་ལ་ཚན་རིག་གི་དཔྱད་པ་བྱས་པའི་གྲུབ་དོན་དང་གཅིག ང་རང་ཚོ་འགྲོ་བ་མི་གཅིག་གྱུར་གྱི་ཉམས་མྱོང་དང་ཐུན་མོང་གི་ཉམས་མྱོང་དང་གཉིས། གསུམ་པ་དེར་ (Common sense)ཞེས་ང་རང་ཚོས་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་ཕན་ཚུན་ལ་བལྟས་ནས་གང་ལྟར་སེམས་པ་ལྷོད་ལྷོདང་གཞན་ལ་བརྩེ་བ་བྱེད་མཁན་གྱི་མི་དེ་སྐྱིད་པ་འདུག་གམ་ཡང་ན་ཁོང་ཁྲོ་རྐྱང་རྐྱང་དང་རང་དོན་ཁོག་བཅུག་བྱེད་མཁན་གྱི་མི་དེ་སྐྱིད་པ་འདུག
དེ་བཞིན་ཁྱིམ་ཚང་གི་ནང་ལའང་སྐྱིད་མི་སྐྱིད་གང་འདྲ་ཡོད་མེད་དེ་ཚོའི་རིགས་འདི་རྣམ་དཔྱོད་བེད་སྤྱད་དེ་འདི་གསུམ་གྱི་ཐོག་ནས་ཏན་ཏན་ཡ་རབས་སྤྱོད་བཟང་གི་གསལ་བཤད་བྱ་རྒྱུ་དང་ཡ་རབས་སྤྱོད་བཟང་གི་རྩ་བ་ཚུགས་ཐུབ་པ་ཞིག་ཡོང་གི་རེད་ཅེས་གང་ལྟར་ཚན་རིག་གི་གྲུབ་དོན་དང་། འགྲོ་བ་མི་གཅིག་གྱུར་དང་ཐུན་མོང་གི་ཉམས་མྱོང་། གསུམ་པ་དེར་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་གང་ལྟར་སྙིང་པོ་དེ་འདི་གསུམ་གྱི་ཐོག་ཏུ་འབབ་ཀྱི་ཡོད།
3.) དྲི་བ། ནུབ་ཕྱོགས་པ་ཚོས་༸གོང་ས་མཆོག་གི་ལམ་སྟོན་གྱི་གནད་འགག་འདི་ཤེས་རྟོགས་ཐུབ་ཀྱི་ཡོད་མེད་དང་ཁོང་ཚོས་འདི་ལ་མཐོང་ཚུལ་གང་འདྲ་ཡོད་མེད་གསུང་རོགས།
ལན། ཁོང་ཚོས་དེ་ཏན་ཏན་ཤེས་རྟོགས་ཐུབ་ཀྱི་ཡོད་རེད། ཕྱི་རྒྱལ་གྱི་སྤྱི་ཚོགས་དང་བོད་པའི་སྤྱི་ཚོགས་གཉིས་ལ་གཞིགས་པ་ཡིན་ན་ཕྱི་རྒྱལ་སྤྱི་ཚོགས་དེ་དྲག་པ་ལས་སྐྱོ་བ་ཡོད་མ་རེད། གང་ལ་ཞེ་ན། ཕྱི་རྒྱལ་གྱི་ལུང་པའི་ནང་ཕྱོགས་གཅིག་ནས་གསར་གཏོད་ལ་དགའ་པོ་ཡོད་པ་དང་ཀླད་པའང་གུ་ཡངས་པོ་ཡོད་རེད། ཕྱོགས་གཞན་ནས་ཕ་གིར་སྤྱི་པའི་སྡིངས་ཆའི་ཐོག་བགྲོ་གླེང་གི་རིགས་ཡོངས་ལ་རྣམ་དཔྱོད་དང་རྒྱུ་མཚན་བེད་སྤྱོད་བྱས་ནས་འགྲོ་མཁན་རྐྱང་རྐྱང་ཡིན་པ་ལས་གསུང་མཁན་དེ་རྩ་ཆེན་ཡིན་པ་དང་སྙན་གྲགས་ཅན་རེད་ཅེས་པའི་ལམ་དེ་ཙམ་མེད།
ལྷག་པར་དུ་གསུང་བ་པོ་དེ་སྟོན་པ་བཅོམ་ལྡན་འདས་རེད། གསུང་བ་པོ་ཡེ་ཤུའི་སྟོན་པ་རེད་ཅེས་གསུངས་ནས་འགྲོ་ས་དེ་ཙམ་མེད། གང་ལྟར་ང་ཚོའི་བོད་པའི་ངོས་ནས་༸སྐྱབས་མགོན་རིན་པོ་ཆེར་སྤྱན་རས་གཟིགས་དངོས་ཀྱི་འདུ་ཤེས་བཞག་སྟེ་དད་གུས་ཧ་ཅང་ཆེན་པོ་ཞུ་གི་ཡོད་རེད། ཡིན་ནའང་། འཛམ་གླིང་སྤྱིའི་སྡིང་ཆའི་ནང་ལ་༸སྐྱབས་མགོན་རིན་པོ་ཆེར་བརྩི་མཐོང་ཆེན་པོ་ཞུ་བ་ནི་ཁོང་གི་རྩ་བའི་དགོངས་བཞེད་དེ་འགྲོ་བ་མི་སྤྱིའི་བདེ་དོན་དང་། འདས་པའི་ལོ་ལྔ་བཅུ་ང་གྲངས་ནང་ལ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ལ་༸སྐྱབས་མགོན་རིན་པོ་ཆེས་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྐྱངས་ཡོད་སྟབས། ཁོང་གིས་ཞལ་ནས་གང་གསུངས་པ་དེ་ཕྱི་གསལ་ནང་གསལ་ ངང་སྐུ་སྒེར་གྱི་སྐུ་ཚེའི་ནང་ལག་ལེན་བསྟར་གནང་གི་ཡོད་པས་དེར་ཕྱི་དང་ནང་གི་བར་ལ་བར་སྟོང་རྩ་བ་ནས་མཐོང་རྒྱུ་མེད་པ་དེ་འདྲའི་རིགས་ཀྱི་མི་ནི་འཛམ་གླིང་ནང་ཧ་ཅང་དཀོན་པོ་རེད།
ཕྱོགས་གཅིག་ནས་འཛམ་གླིང་ནང་བླ་ཆེན་མང་པོ་ཡོད་ཀྱང་དེ་དག་མང་ཆེ་བས་སོ་སོ་སོའི་ཆོས་ལུགས་ཀྱི་ཁྱབ་ཁོངས་ལ་ཡོད་པའི་མི་དེ་སྲུང་སྐྱོབ་བྱེད་རྒྱུ་དང་སྤྱི་ཚོགས་ཀྱི་བདེ་དོན་ཐོག་བསམ་བློ་གཏོང་བ་ལས། འགྲོ་བ་མི་སྤྱིའི་ཐོག་ལ་བསམ་བློ་གཏོང་མཁན་ཧ་ཅང་གི་དཀོན་པོ་རེད། རྒྱལ་ཁབ་ཁག་གི་དབུ་འཁྲིད་ལ་ཆ་བཞག་ན་ཨ་རིའི་སྲིད་འཛིན་ལ་སོགས་པ་སྟོབས་དང་ལྡན་པའི་མི་སྣ་མང་པོ་ཡོད་ཀྱང་སོ་སོའི་རྒྱལ་ཁབ་ཀྱི་བདེ་དོན་དེ་རྩ་བར་འཛིན་པ་ལས་འགྲོ་བ་མི་སྤྱིའི་ཐོག་བསམ་བློ་གཏོང་མཁན་དེ་བས་དཀོན་པ་རེད།
འདིའི་ཐོག་འཛམ་གླིང་ནང་གི་དབུ་འཁྲིད་ཀྱི་གྲས་ནས་༸གོང་ས་མཆོག་སྐུ་རྐྱང་ལྟ་བུ་ཞིག་ཆགས་ཀྱི་ཡོད་རེད། སྔོན་མ་(Nelson Mandela)ཞལ་བཞུགས་པའི་སྐབས་སུ་ཁོང་ལ་འདི་ཐོག་ནས་བརྩི་མཐོང་ཞུ་གི་ཡོད་རེད། ཁོང་ནི་མཛད་རྗེས་ཆེན་པོ་ཡིན་ནའང་མཁས་པའི་སྙན་གྲགས་ཀྱི་ཐོག་ནས་ཆེད་ལས་པའི་སྡེ་ཚན་ནང་ལ་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་གནང་རྒྱུའི་ཐུགས་གཤིས་མེད།
༸སྐྱབས་མགོན་རིན་པོ་ཆེས་འདས་པའི་ལོ་དེ་དག་གི་རིང་ཚན་རིག་པ་དང་བགྲོ་གླེང་གནང་བ་ཡིན་ཙང་ནུབ་ཕྱོགས་པས་ཁོང་གི་མཛད་པའི་སྙིང་དོན་དང་ལྷག་པར་དུ་ཆོས་ལུགས་ཀྱི་ལྟ་བར་ལྟོས་མི་དགོས་པའི་ཡ་རབས་སྤྱོད་བཟང་སྤེལ་སྟངས་འདི་ཚོའི་ཐོག་ལ་དོ་སྣང་ཧ་ཅང་བྱས་ནས། འདི་ཐོག་ནས་དཔེར་ན་ནུབ་ཕྱོགས་སྤྱི་ཚོགས་བྱང་ཨ་མི་རི་ཀ་དང་ཡུ་རོབ་ནང་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་སྡེ་ཚན་ནང་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད་རེད། ད་ལྟ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་འདི་ཐེབས་ཀྱི་མི་འདུག་ལ་རྒྱ་གར་ནང་ལའང་ རིམ་བཞིན་འགྱུར་བ་འགྲོ་བཞིན་པ་རེད་མ་གཏོགས་ནུབ་ཕྱོགས་ལ་(Social emotional learning) ཞེས་ནས་མི་ཕན་ཚུན་གྱི་འབྲེལ་བ་དང་སོ་སོའི་མྱོང་ཚོར་ལ་སྟངས་འཛིན་བྱེད་རྒྱུའི་ཐོག་ལ་གལ་ཆེན་པོ་ཡིན་པ་དེ་ཤེས་ཡོན་གྱི་སྡེ་ཚན་ནང་སླེབས་པ་ནི་གཙོ་བོ་༸སྐྱབས་མགོན་རིན་པོ་ཆེས་འདས་པའི་ལོ་མང་རིང་ལ་བཀའ་གནང་བ་འདིའི་ཤུགས་རྐྱེན་ཐེབས་ནས་ད་ལྟ་སློབ་གྲྭ་ཁག་ལ་སློབ་འགོ་བཙུགས་ནས་ལོ་ཉི་ཤུ་ལྷག་འགྲོ་གི་ཡོད། ད་ལྟ་རྒྱ་གར་དང་བོད་པའི་སྤྱི་ཚོགས་ནང་ལ་གཞི་ནས་གཉིད་སད་པ་ལྟ་བུ་རེད།
4. དྲི་བ། བོད་པའི་སྤྱི་ཚོགས་ནང་འདིའི་ཐོག་ལ་རྗེས་ལུས་དང་འཐུས་ཤོར་བྱུང་བ་དེ་འགག་རྩ་གང་ལ་ཐུག་འདུག་གམ།
ལན། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་དེ་སྔ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ང་ཚོ་བོད་པ་ཚོ་རྙིང་པ་གང་ཡིན་པ་དེ་རྩ་ཆེར་འཛིན་པ་དང་གསར་པ་གང་ཡིན་པ་དེ་འདྲེ་ལ་བརྩི་གི་རེད་ཅེས་གསུང་མང་པོ་ཤོར་འདུག གང་ཡིན་ཟེར་ན། གསར་པར་འཕྲལ་དུ་དོགས་ཟོན་བྱེད་རྒྱུ་ནི་བོད་པའི་གཤིས་ཀ་རེད། གཉིས་ནས་ང་རང་ཚོ་ཆོས་དད་ཆེན་པོ་ཞིག་ཡོད་པའི་སྤྱི་ཚོགས་གཅིག་ཡིན་པས་ཡ་རབས་སྤྱོད་བཟང་དང་བཟང་སྤྱོད་དང་བྱམས་སྙིང་རྗེ་དེ་དག་ཆོས་ཀྱི་ཁོངས་སུ་བཏང་སྟེ་གང་ལྟར་མ་ཎི་བགྲང་རྒྱུ་དང་། འདོན་པ་འདོན་པ། སྐོར་བ་རྒྱག་པ། ཞལ་འདོན་སོགས་བྱས་པ་ཡིན་ན་དེས་འགྲིག་གི་ཡོད་པའི་དགོངས་ཚུལ་ཞིག་ཞལ་ནས་གསུང་མིན་ལ་མ་ལྟོས་པ་ཡོད་རེད།
ལྷག་པར་དུ་སློབ་གྲྭ་ཁག་ལ་གསར་གཏོད་བྱ་རྒྱུ་ནི་དེ་བས་ཀྱང་ཁག་པོ་རེད། གང་ལ་ཞེ་ན། སློབ་སྟོན་བྱེད་མཁན་དགེ་རྒན་གསར་པ་དགོས་པ་དང་དེ་ལ་ཟབ་སྦྱོང་དགོས་ཀྱི་ཡོད་རེད། མི་ཚེ་སྐྱེལ་རྒྱུའི་ཆེད་ངེས་པར་དུ་སྦྱང་དགོས་པའི་སློབ་ཚན་ཨང་རྩིས་དང་། དབྱིན་ཇི། ཚན་རིག་གི་སྡེ་ཚན་དེ་དག་ལ་འཐུས་ཤོར་མི་ཡོང་ངམ་སྙམ་པའི་ཐོག་ནས་གསར་གཏོད་བྱེད་རྒྱུར་ཏོག་ཙམ་ལམ་སེང་འདུན་པ་སྐྱེད་རྒྱུ་དང་ལག་ལེན་བསྟར་རྒྱུ་སོགས་ཁག་པོ་ཡོད་རེད།
དེར་རྐྱེན་མང་པོ་ཞིག་འཕྲད་པ་འདྲ། (Social emotional learning)ཞེས་ད་ལྟ་༸སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེད་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་བཟང་སྤྱོད་སློབ་སྟངས་སྐོར་འདི་སློབ་གྲྭ་ཁག་ལ་ཆ་བཞག་པ་ཡིན་ན་གལ་ཏེ་ལག་ལེན་བསྟར་ཐུབ་པ་ཡིན་ན་སློབ་ཚན་གཞན་གྱི་དུས་ཚོད་ཀྱི་ཐོག་ཏུ་འཁྲིད་དགོས་པ་གང་ཡང་ཡོད་མ་རེད། དཔེར་ན། སློབ་གྲྭ་ཁག་མང་པོ་ཞིག་ལ་ཆོས་དགེ་ཡོད་རེད། (འདི་ང་རང་སྒེར་གྱི་བསམ་ཚུལ་ཡིན་པ་ལས་༸གོང་ས་མཆོག་གི་དགོངས་པ་མིན།) ང་རང་སྒེར་གིས་བལྟས་པ་ཡིན་ན་སློབ་ཕྲུག་སྤྱི་ལ་ཁྱབ་པའི་དགེ་རྒན་ནི་ཆོས་དགེ་ཚོ་ཆགས་ཡོད་པ་དང་ཆོས་དགེ་ཚོས་ཞལ་འདོན་འདོན་རྒྱུའི་ཆེད་དུ་དུས་ཚོད་རྐྱང་མི་གཏོང་བར་སེམས་ཁམས་རིག་པ་དང་སྦྲགས་ཏེ་༸སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེད་པ་ནང་བཞིིན་སྟོང་ལོ་གསར་པའི་བླང་དོར་གྱི་ཚུལ་ཟེར་བ་དང་། (Beyond religion འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད།)ལ་སོགས་པ་དེ་ཚོའི་རིགས་རིམ་པས་བོད་ཡིག་ནང་འཐོན་གྱི་ཡོད་རེད། དེ་ཚོ་རྩ་བར་བཞག་ནས་ང་རང་ཚོའི་གཞུང་ལས་བཤད་པའི་བློ་སྦྱོང་ལ་སོགས་པའི་དཔེ་ཆ་ལས་ཚུར་སེམས་སེམས་བྱུང་གི་སྐོར་མངོན་པའི་གཞུང་ནང་ཡོད་པ་དེ་ཚོ་ཚུར་ལེན། གང་ཐུབ་ཀྱིས་ཆོས་སློབ་པ་དང་ལྷན་དུ་སེམས་ཁམས་རིག་པའི་འགྲོ་སྟངས་དང་ཡ་རབས་སྤྱོད་བཟང་དང་ལ་སོགས་པ་དེ་དག་གང་ལྟར་སོ་སོའི་ཉམས་མྱོང་དང་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་མི་གཅིག་གྱུར་གྱི་ཐུན་མོང་གི་ཉམས་མྱོང་དང་སེམས་ཀྱི་འགྲོ་སྟངས་དེ་ཚོ་རྩ་བར་བཞག་ནས་གསལ་བཤད་བྱེད་ཐུབ་པ་ཡིན་ན་འདི་ངས་གོ་སྐབས་གཅིག་ཏུ་མཐོང་གི་འདུག
ད་ལྟ་སློབ་ཚན་བྱེ་བྲག་པ་གཅིག་སློབ་བཞིན་པའི་དུས་ཚོད་དེ་ལེན་ནས་བརྗེ་དགོས་པ་དེ་འདྲ་མིན། ང་རང་ཚོའི་སློབ་གྲྭ་མང་པོ་ཞིག་རྒྱ་གར་གྱི་ས་ཁོངས་སུ་ཡིན་སྟབས་ནུབ་ཕྱོགས་པ་ཆ་བཞག་ན་བདུན་ཕྲག་རེར་སློབ་གྲྭའི་ཚོགས་དུས་ཞག་མ་ལྔ་ལས་མེད་པ་དང་རེས་གཟའ་སྤེན་པ་དེ་གུང་གསེང་རེད་ལ་རེས་གཟའ་སྤེན་པ་གཉིས་པ་ལའང་གུང་གསེང་རེད། ནུབ་ཕྱོགས་པའི་སློབ་ཕྲུག་ཚོ་འཛམ་གླིིང་ས་ཆ་མང་པོ་ཞིག་ལ་བདུན་ཕྲག་གཅིག་ནང་ཞག་མ་ལྔར་སློབ་འཁྲིད་བྱས་ཏེ་ཁུངས་འཁྱོལ་གྱི་ཡོད་ན་ང་ཚོ་བདུན་ཕྲག་གཅིག་ནང་ཞག་མ་དྲུག་ཨུ་ཚུགས་བརྒྱབ་ནས་སློབ་དགོས་པའི་དགོས་པ་གང་ཡང་ཡོད་མ་རེད།
ང་ཚོ་བོད་པ་ཚོ་དམིགས་བསལ་གྱི་རིག་པ་སྐྱོ་བ་ཡོད་ན་ནི་ཐུགས་ཁག་མེད། དེ་འདྲ་ནི་མ་རེད། སྔོན་མ་ཞིག་ལ་འདིའི་སྐོར་ལ་བསམ་འཆར་ཕུལ་ཡིན། གཟའ་སྤེན་པའི་ཉིན་དེར་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་བཞིན་བཟང་སྤྱོད་དང་སེམས་ཁམས་རིག་པ་སློབ་རྒྱུ་ཁོ་ནའི་ཐོག་ཏུ་ཤུགས་བརྒྱབ་པ་ཡིན་ན་དགོངས་པ་བཞེད་རིན་འདུག་སྙམ་གྱི་འདུག གང་ལྟར་དབུ་ལ་བཞུགས་མཁན་ཚོས་དགོངས་པ་གཅིག་བཞེད། དགེ་རྒན་ཚོ་བསྐོངས། གང་འདྲ་བྱས་ན་ལེགས་མིན་ཐོག་ལ་བགྲོ་གླེང་དང་ཕན་ཚུན་བསམ་ཚུལ་བསྡུ་ལེན་བྱས་ཏེ་ཕེབས་རྒྱུ་རེད་མ་གཏོགས་དེ་ཚོའི་གྲས་ལམ་སེང་སླེབས་རྒྱུ་ཡོད་མ་རེད།
5. དྲི་བ། དགེ་བཤེས་ལགས་ཀྱིས་གོང་དུ་བཀའ་གནང་་བའི་ཁྲོད་དུ་(CASEL)ཨ་རིར་ཡོད་པའི་(Colaboration for the Academic Social and Emotional Learning) བསྟི་གནས་ཁང་འདི་ནས་༸གོང་ས་མཆོག་གི་དགོངས་གཞི་ཡང་ན་བཀའ་སློབ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་འདི་ང་ཚོས་ལྟས་ཡོང་སྐབས་ཁོང་ཚོའི་སློབ་གྲྭའི་ནང་ཕྱིས་སུ་ཨ་རིའི་སློབ་གྲྭ་མང་པོ་ཞིག་ལ་དེང་སང་ཨཧྥ་རི་ཁའི་(Africa)སློབ་གྲྭ་འགའ་རེའི་ནང་ལ་གོ་སྒྲིག་ཞུ་གི་ཡོད་པ་འདྲ། འདི་ནང་རྐང་འདི་དབྱིན་སྐད་ཐོག་(Emotional)གསུང་གི་འདུག སེམས་ཚོར་སྟངས་འཛིན་བྱས་ཏེ་སློབ་མ་དང་གཞོན་སྐྱེས་ཀྱི་མི་ཚེ་བཟང་པོ་ཞིག་སྐྱེལ་རྒྱུའི་ཐོག་གཙོ་བོ་སློབ་སྟོན་གནང་གི་ཡོད་པ་འདྲ། འདི་དང་༸གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བཀའ་སློབ་ཐོག་ཁྱད་པར་གཙོ་བོ་གང་གཟིགས་ཀྱི་འདུག་གམ།
ལན། ད་ལྟ་༸སྐྱབས་མགོན་རིན་པོ་ཆེས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐད་སློབ་སྟོན་གནང་བའི་ནང་ལ་(Social Emotional)ཞེས་པའི་ལས་འཆར་འདི་འདུ་གི་ཡོད་རེད། འོན་ཏེ་ (Social Emotional)ཞེས་པ་འདིས་༸སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་ཆ་ཚང་སྒྲུབ་ཐུབ་ཀྱི་མེད། དཔེར་ན། སྐྱབས་མགོན་རིན་པོ་ཆེས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་རྒྱུའི་ནང་བྱམས་པ་གལ་ཆེན་པོ་རེད། མིར་བརྩེ་བ་བྱེད་དགོས་པ། སྙིང་རྗེ་སྒོམ་དགོས་ཞེས་ལབ་ན་ཕན་ཐོགས་ཀྱི་མ་རེད་ཅེས་བཀའ་གནང་གི་ཡོད་རེད། དེ་མ་བྱས་ན་སྐྱེ་བ་ཕྱི་མ་དམྱལ་བར་ལྷུང་གི་རེད་ལ་དཀོན་མཆོག་གི་བཀའ་དགོངས་ལས་འགལ་གྱི་རེད་ཅེས་པ་དེ་རེད། འདི་ནི་ཆོས་ལུགས་པ་ཚོའི་སློབ་སྟངས་རེད།
འོ་ན་༸སྐྱབས་མགོན་རིན་པོ་ཆེས་ག་རེ་བཀའ་གནང་གི་ཡོད་དམ་ཞེ་ན། བྱེད་དགོས་རེད་ཅེས་ལབ་པ་གཅིག་པུས་ཤུགས་ཐེབས་ཀྱི་མ་རེད། བྱམས་པ་དང་བརྩེ་བ་དེ་དག་ང་རང་ཚོ་འགྲོ་བ་མིའི་རྩ་བའི་རང་བཞིན་གྱི་ཆ་ཤས་ཡིན་པ་དང ་། ཇི་ཙམ་གྱིས་གཞན་ལ་བརྩེ་བ་བྱེད་ནུས་ན་དེ་ཚོད་ཀྱིས་སོ་སོའི་སེམས་སྐྱིད་པ་དང་ལྷོད་པ་ཡོང་བ། དངངས་སྐྲག་ཉུང་དུ་འགྲོ་བ་དང་། དངངས་སྐྲག་གི་རིགས་མང་དག་ཅིག་ནི་རང་འདོད་ཁོག་བཅུག་ཀྱི་ཐོག་ནས་རྒྱས་ཀྱི་ཡོད། སེམས་གུ་ཡངས་པོ་ཡོད་ན་དེའི་ཚོད་ཀྱིས་དངངས་སྐྲག་ཀྱང་ཉུང་དུ་འགྲོ་བ་སོགས་མདོར་ན་སེམས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་དགེ་བ་དང་སྡིག་པའི་སྐད་ཆ་མིན་པར་སོ་སོ་ལ་ཕན་པའི་རིགས་ཅན་གང་དང་གནོད་པའི་རིགས་ཅན་གང་ཡིན་པ་དེ་སློབ་དགོས་ཀྱི་འདུག་ཅེས་གསུང་གི་ཡོད། འདིའི་སྐོར་གང་འཚམ་ཞིག་གོང་དུ་བཤད་པའི་(Social Emotional Learning)ཞེས་པ་འདིའི་ནང་འཚུད་ཀྱི་ཡོད་རེད།
འོ་ན་འདི་ནང་ག་རེ་འདང་གི་ཡོད་རེད་དམ་ཞེ་ན། ༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་ལ་བྱམས་བརྩེའི་རིགས་འདི་བློ་སྦྱོང་ཚུལ་རང་གི་ཐོག་ནས་སློབ་ཐུབ་པ་དང་གཅིག འདིའི་ཐོག་འགྲོ་བ་མིའི་རིན་ཐང་བྱེ་བྲག་པ་དཔེར་ན་(Tolerance)བཟོད་སེམས་བསྟེན་པ། གཞན་ལ་བརྩེ་བ་བྱེད་པ། རང་སྲུང་(Self Discipline)སོགས་འདི་ཚོའི་གྲས་འདི་ཆོས་ཀྱི་བསླབ་བྱའི་ཁྲོད་ལ་མང་པོ་ཡོད་ཀྱང་ཆོས་དང་དམིགས་བསལ་འབྲེལ་མི་དགོས་པར་སློབ་ཐུབ་ཅེས་གསུང་གི་ཡོད་རེད། གང་ལྟར་འདི་དག་ནི་(Ethics)ཞེས་པ་དེའི་ཐོག་ནས་སློབ་ཐུབ་ཅེས་གསུང་གི་ཡོད་རེད། (Social emotional learning)ཟེར་བའི་ནང་ལ་( Ethics བླང་དོར་གྱི་ཚུལ།) ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་ཀྱི་མེད།
བླང་དོར་གྱི་ཚུལ་ཟེར་བ་དེ་ཁོང་ཚོས་ཆོས་འབྲེལ་བའི་ཉེན་ཁ་ཞིག་ཏུ་མཐོང་སྟེ་བེད་སྤྱོད་བྱེད་ཀྱི་མེད། ༸སྐྱབས་མགོན་རིན་པོ་ཆེས་(Ethics)ཞེས་པའི་ཐ་སྙད་བེད་སྤྱོད་བྱས་ནའང་ངེས་པར་དུ་ཆོས་འཁྱེར་མི་དགོས། གང་ཡིན་ཟེར་ན (Ethics)ནི་བླང་དོར་ཚུལ་ཁྲིམས་ཀྱི་སྐོར་ཡིན་པ་དང་། བླང་དོར་ཚུལ་ཁྲིམས་ནི་རང་དང་གཞན་ལ་ཕན་པའི་རིགས་ཅན་འདི་ལེགས་པར་བཞག རང་གཞན་གཉིས་ཀར་གནོད་པའི་རིགས་ཅན་འདི་མི་དགོས་པར་བཞག་ནས་རང་གཞན་གཉིས་ཀར་ཕན་གནོད་ཀྱི་ཐོག་ནས་བླང་དོར་ཚུལ་ཁྲིམས་ཀྱི་འགྲེལ་བཤད་རྒྱག་ཐུབ་ཀྱི་རེད་ཅེས་གསུང་གི་ཡོད།
(Social emotional learning)ཞེས་པ་འདིའི་ཐོག་ལ་ཆ་ཤས་འགའ་ཞིག་ཁ་སྣོན་རྒྱག་དགོས་ཀྱི་ཡོད། དེ་འདྲ་ཡིན་ཙང་(Emory)མཐོ་སློབ་ཁང་ནས་འབྲས་སྤུངས་བློ་གླིང་གི་དགེ་བཤེས་ལྷ་རམས་པ་བློ་བཟང་བསྟན་འཛིན་ལགས་ཀྱིས་ཐུགས་འགན་བཞེས་ནས་ད་ཆ་ཨ་རིའི་ཨད་མོ་རི་(Emory)སློབ་གྲྭའི་ནང་(Social emotional learning)ཞེས་པའི་ནང་གི་རྩ་བའི་སྒྲོམ་གཞི་དེ་བཞག་ཐོག་ཁ་སྣོན་བརྒྱབ་ནས་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་བཞེད་ཡོངས་འགྲུབ་པ་ཞིག་ཡོང་རྒྱུའི་བསམ་བློ་ཞིག་གཏོང་བཞིན་པ་རེད། དེ་བཞིན་སེམས་དང་སྲོག་གི་ཚོགས་པའི་ཐོགས་ནས་ཚོད་ལྟའི་ཆེད་དུ་སྙིང་རྗེའི་བློ་སྦྱོང་རྒྱུའི་(curriculum གཏན་འབེབས་སློབ་ཚན།)གཅིག་བཟོས་ཡོད་རེད།
རིམ་པ་བཞིན་དུ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་དང་མཐུན་པའི་ཐོག་ནས་(Social emotional learning)རྩ་བར་བཞག་པའི་ཐོག་ནས་སྒྲོམ་གཞི་འདི་ཆེ་རུ་གཏང་སྟེ་དབྱིན་སྐད་ལ་གཞིགས་ན་སྔ་མོ་མཉེན་ཆས་ཀྱི་རིགས་ཐོན་པའི་སྐབས་སུ་ཐོན་རིམ་གྱི་རིམ་པ་(1.0,2.0)ཟེར་བ་ཐོན་གྱི་ཡོད་པ་བཞིན་ད་ལྟ་(Social emotional learning2.0) ཟེར་བ་ཞིག་འདོན་དགོས་ཀྱི་ཡོད་རེད། (2.0) ཟེར་བ་ཞིག་ཐོན་པ་ཡིན་ན་༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་མཐའ་དག་སྒྲུབ་ཐུབ་ཀྱི་རེད།
ད་ལྟ་(Emory) དང་། (Mind and Life)ཚོགས་པའི་ལས་འགུལ་དེ་དག་གི་ཐོག་ནས་ (Social emotional learning 2.0) ཡོང་རྒྱུ་དང་དེའི་ནང་༸སྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་དང་མཐུན་པ་ཆ་ཚང་བ་ཞིག་ཡོང་རྒྱུ་དེ་རེད། སོ་སོའི་མྱོང་ཚོར་སྟངས་འཛིན་བྱེད་རྒྱུ་ཙམ་མིན་པར་སོ་སོའི་མྱོང་ཚོར་དང་མིར་འབྲེལ་བ་བྱེད་ཕྱོགས་རྩ་བར་བཟུང་ནས་ཇི་ཙམ་གྱིས་སོ་སོའི་ཡོན་ཏན་བཟང་པོ་དག་སྤེལ་ཐུབ་པ་དང་དེ་ཡང་ཕན་གནོད་ཀྱི་རིགས་ཅན་གྱི་བསམ་བློ་འཁོར་བའི་ཐོག་ནས་ཕན་ཐོགས་རྒྱུ་དང་། སེམས་བཟང་པོ་ཡོང་བ། སྙིང་རྗེ་ཅན་གྱི་མི་ཞིག་ཏུ་འགྱུར་ཐུབ་རྒྱུ་བཅས་མང་པོ་ཞིག་གིས་ཐབས་ཤེས་འདི་བྱེད་ཀྱི་ཡོད་རེད།
6. དྲི་བ། སེམས་དང་སྲོག་གི་ཚོགས་འདུ་ཁག་གི་ནང་བྱུང་བའི་གྲུབ་དོན་ཁག་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གཉིས་དབར་འབྲེལ་བ་ཞིག་གཟིགས་ཀྱི་འདུག་གམ།
ལན། སེམས་དང་སྲོག་ཅེས་པ་འདི་ནི་ཚན་རིག་གི་ཞིབ་འཇུག་གི་སྡེ་ཚན་གཅིག་ཡིན་ཙང་ཚོགས་པའི་ངོས་ནས་བཟང་སྤྱོད་དང་བླང་དོར་ཚུལ་ཁྲིམས་སྤེལ་རྒྱུའི་ལས་འགུལ་དེ་ཡོད་མ་རེད། ཡང་ཚན་རིག་གི་འགྲོ་སྟངས་ལ་གཞིགས་ན་ཚན་རིག་གི་འགྲོ་སྟངས་དེ་ཡུལ་དངོས་པོའི་རང་བཞིན་ཅི་ཞིག་ཡིན་མིན་དཔྱད་པ་བྱེད་བ་ལས། ཁྱོད་ཚོས་འདི་བྱེད་དགོས་ཞེས་ཚུལ་དེ་ཚན་རིག་གི་སྡེ་ཚན་ནང་སྤྱིར་བཏང་གི་འགྲོ་སྟངས་ཤིག་མེད། ཚན་རིག་འདི་ཡུལ་དངོས་པོའི་རང་བཞིན་དཔྱད་པ་བྱེད་རྒྱུ་དང་དཔྱད་པའི་གྲུབ་དོན་དེ་སྤྱི་ཚོགས་ལ་གསལ་བཤད་བྱེད་པ་ལས་ལག་ལེན་བསྟར་མིན་ནི་ཆབ་སྲིད་དང་ཤེས་ཡོན་སྲིད་བྱུས་དང་མང་པོ་ཞིག་གི་ཐོག་ནས་འགྲོ་དགོས་པ་རེད།
ཡིན་ནའང་། ༸སྐྱབས་མགོན་རིན་པོ་ཆེས་དགོངས་བཞེད་གནང་བའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྤེལ་རྒྱུ་དང་སེམས་དང་སྲོག་གི་ལས་ཀ་གཉིས་བར་ལ་འབྲེལ་བ་ནི་ཆེན་པོ་ཞེ་དྲག་ཡོད་རེད། དཔེར་ན། སྙིང་རྗེའི་བློ་སྐྱེ་སྐབས་ལུས་སེམས་ལ་འགྱུར་བ་གང་འདྲ་འགྲོ་མིན་དང་ཀླད་པར་འགྱུར་བ་ཇི་ལྟར་འགྲོ་མིན་འདི་ཚོ་ཚང་མ་སེམས་དང་སྲོག་གི་ནང་ཡོད་པའི་ཚན་རིག་པ་མང་དག་ཅིག་གིས་གསར་གཏོད་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྐྱང་ཆགས་ཡོད། དེ་བཞིན་དྲན་པ་ཉེར་བཞག་དང་ནང་པའི་གཞུང་ལས་བཤད་པའི་སྙིང་རྗེའི་བློ་སྒོམ་རྒྱུ་དེ་ཚོ་རྩ་བར་བཞག་ནས་ཆོས་དང་དམིགས་བསལ་འབྲེལ་མི་དགོས་པའི་ཐོག་ནས་སློབ་ཡོང་སྐབས་ཡང་སེམས་ཀྱི་ནད་བཅོས་ཐབས་ཀྱི་སྐོར་ལ་དེང་སང་(Therapy སེམས་ནད་བཅོས་ཐབས།)ནང་ལ་ཤུགས་ཆེ་འགྲོ་བཞིན་པ་རེད།
དཔེར་ན ། (Depression ཞུམ་སེམས།)ཞེས་པའི་ནད་གཞི་འདི་ཁོངས་སུ་སྤྱིར་བཏང་ནུབ་ཕྱོགས་ཙམ་མིན་པར་རྒྱལ་ཁབ་མང་པོའི་ནང་དཀའ་ངལ་ཆེན་པོ་ཡོད་པ་དང་། ན་ཚ་འདི་བྱུང་བའི་རྗེས་སུ་བསྐྱར་སློག་རྒྱག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་དེ་མི་ཡོང་བའི་ཆེད་སྨན་སྤྲོད་པ་ལས་བློ་སྦྱངས་ནས་དྲན་པ་ཉེར་བཞག་ལ་བརྟེན་ན་ནུས་པ་ཆེ་བ་ཐོན་པ་དེ་མངོན་གསལ་དོད་པོ་ཡོང་གི་ཡོད་རེད། དེ་བཞིན་ཆང་རག་དང་ཐ་མག་ཉལ་ཐ་སོགས་པའི་རྗས་ལ་ངན་པ་ལངས་ཤོར་བྱུང་སྟེ་(Addiction )གོམས་གཤིས་ཐེབས་མཁན་ཚོ་ལའང་བློ་སྦྱོང་རྒྱུ་རྩ་བར་འཇོག་པའི་སྙིང་རྗེ་སྒོམ་རྒྱུ་དེ་འདྲ་ལ་སོགས་པས་ཤུགས་རྐྱེན་ཞིག་ཐེབས་ཀྱི་ཡོད་རེད།
ལྷག་པར་དུ་དམག་མི་ཚོ་དམག་སར་སོང་སྟེ་ཚུར་འོང་སྐབས་དངངས་སྐྲག་གི་ཐོག་ནས་མི་གསོད་ཁྲག་སྦྱོར་གྱི་དཀའ་ངལ་ཚབས་ཆེ་འཕྲད་པས་སེམས་ལ་རྨ་ཤུལ་ལུས་ཏེ་(trauma སེམས་གཅོང་།)ཟེར་བའི་དཀའ་ངལ་འཕྲད་པའི་སྐབས་སུ་སྨན་རང་གི་ཐོག་ནས་བཅོས་བྱེད་མི་ཐུབ་པ་མང་དག་ཅིག་དཔེར་ན་ངའི་ལས་ཀ་བྱེད་ས་(Standford)ལ་སྙིང་རྗེའི་བློ་སྦྱོང་རྒྱུའི་ལས་ཀ་ཞིག་ངས་སྤེལ་ཡོད། འདི་བདུན་ཕྲག་བརྒྱད་དང་བདུན་རེའི་ནང་ཆུ་ཚོད་གཉིས་རེའི་ཡུན་ལ་སྒོམ་རྒྱུ་ཞིག་ཡོད་རེད།
འདི་བེད་སྤྱོད་བྱེད་སྐབས་སྨན་གྱིས་བཅོས་མི་ཐུབ་པའི་དམག་མི་ཟུར་པའི་རིགས་མང་པོ་ཞིག་ལ་ཕན་པ་ཡོང་གི་འདུག འདི་ཚོའི་གྲས་དེ་དངོས་ཡོད་གནས་ཚུལ་རེད་ལ་མིག་གིས་མངོན་སུམ་དུ་མཐོང་གི་ཡོད་པས་ཚན་རིག་པ་མང་པོ་ཞིག་གིས་ནང་པའི་མཁས་པ་དང་བགྲོ་གླེང་བྱེད་རྒྱུ་དང་ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེར་བརྩི་མཐོང་ཞུ་གི་ཡོད་པ་དང་། ༸སྐྱབས་མགོན་རིན་པོ་ཆེས་ལམ་དེ་གསར་གཏོད་མཛད་པ་རེད། ཐོག་མ་བརྒྱད་ཅུའི་འགོ་སྟོད་ནས་བཟུང་ཚན་རིག་པ་དང་བགྲོ་གླེང་གནང་། ནང་པའི་གཞུང་ནས་སེམས་ཁམས་རིག་པའི་སྐོར་ལ་བཤད་པ་ཕྱུག་པོ་ཡོད་པ་ཙམ་མ་ཡིན་པར་དེ་གཞི་ལ་བཞག་པའི་བློ་སྦྱོང་རྒྱུའི་ཐབས་ཤེས་ཀྱང་ཡོད་པ་དེ་དག་ཚན་རིག་པ་དང་ཟུང་འབྲེལ་བགྱིས་ཏེ་དེའི་ཐོག་ཐབས་ཤེས་ཡོད་མེད་སྔ་མོ་ནས་བཀའ་གནང་བའི་རྐྱེན་གྱིས་ད་ཆ་(Contemplative Science )ཞེས་ཚན་རིག་གི་སྡེ་ཚན་གསར་པ་གཅིག་ཆགས་ཡོད་རེད། སྡེ་ཚན་གསར་པ་འདི་སྐོར་འགྲེལ་བརྗོད་བྱེད་མཁན་བློ་གཟུ་བོར་གནས་མཁན་མང་ཆེ་བས་སྡེ་ཚན་གསར་པ་ཡོང་བའི་བྱུང་རྐྱེན་གཙོ་བོ་གཅིག་ནི་༸སྐྱབས་མགོན་རིན་པོ་ཆེའི་ཕྱག་ལས་ལ་རག་ལས་པ་རེད་ཅེས་བརྗོད་ཀྱི་ཡོད།
སེམས་དང་སྲོག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་རེ་ཡོད་ཟེར་ན་སྤྱིར་བཏང་ཚན་རིག་པ་མང་དག་ཅིག་གིས་ང་རང་ཚོའི་མྱོང་བའི་ཐོག་ནས་འགྲེལ་བཤད་རྒྱག་པའི་ཚེ་ལུས་པོའི་རྣམ་འགྱུར་དང་རྩའི་འགྱུར་བ་འགྲོ་སྟངས་དང་ཁྲག་ཡར་རྒྱུགས་མར་རྒྱུགས་སོགས་ཕྱིའི་རྣམ་པའི་ཐོག་ནས་འགྲེལ་བཤད་བྱེད་ཀྱི་ཡོད། ཀླད་པར་ཆ་བཞག་ན་ཀླད་པའི་ཀླད་རྩ་འཕར་སྟངས་དང་། ཀླད་རྩའི་མཐུད་ཀ། ཀླད་རྩའི་ནང་རྒྱུ་བཞིན་པའི་(Chemical )རྫས་དེ་དག་གི་རྣམ་འགྱུར་གྱི་ཐོག་ནས་འགྲེལ་བཤད་བརྒྱབ་པ་མ་གཏོགས་གང་ཟག་བྱེ་བྲག་པ་ཁོ་རང་གི་མྱོང་བའི་ཐོག་ནས་སེམས་ལ་རྣམ་རྟོག་འདི་འཆར་གྱི་འདུག་ཅེས་པའི་འགྲེལ་བཤད་རྒྱག་རྒྱུ་ཡོད་མ་རེད།
ཚན་རིག་པ་ཚོས་འགྲེལ་བཤད་རྒྱག་རྒྱུ་ནི་ཕྱི་ལོགས་ནས་ཡར་བལྟས་པའི་འགྲེལ་བཤད་རྐྱང་པ་མ་གཏོགས་ཡོད་མ་རེད། ནང་པའི་གཞུང་ནས་འགྲེལ་བརྗོད་སྐྱོན་རྒྱུ་མང་ཆེ་བ་ཞིག་ནང་ནས་མར་གཟིགས་པའི་འགྲེལ་བཤད་ཆགས་ཀྱི་ཡོད། གང་ཟག་བྱེ་བྲག་པ་ཁོ་རང་གི་མྱོང་བའི་ཐོག་ནས་རེད། གང་ལྟར་སེམས་དང་འབྲེལ་བའི་འགྲེལ་བཤད་འདི་ནང་པའི་གཞུང་ནང་ཧ་ཅང་གི་ཕྱུག་པོ་ཡོད་པ་དང་། ཀླད་པ་དང་ལུས་དང་འབྲེལ་བའི་འགྲེལ་བཤད་དེ་ཚན་རིག་པའི་གཞུང་ནས་བཤད་པ་ཕྱུག་པོ་ཞེ་དྲག་ཡིན་སྟབས་སེམས་དང་སྲོག་གི་ཚོགས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡོད་ཟེར་ན་དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་གི་ཡོད།
འགྲེལ་བཤད་དེ་གཉིས་ཟུང་འབྲེལ་ངང་འགྲོ་བ་འདི་ལམ་གསར་པ་ཞིག་ཆགས་ཡོད། དེ་སྔ་ཚན་རིག་པ་ཚོས་བློར་མི་ཆུད་བའི་ཐབས་ལམ་གཅིག་ཆགས་ཡོད་པ་རེད། འདི་ཚན་རིག་རང་གི་ནང་ལ་བྱས་རྗེས་ཆེན་པོ་ཆགས་ཀྱི་ཡོད་རེད། བྱས་ཙང་༸སྐྱབས་མགོན་རིན་པོ་ཆེ་ཕལ་ཆེར་ཕྱི་ལོ་ཉིས་སྟོང་བདུན་ཡིན་པ་འདྲ་དེ་དུས་རྒྱལ་སྤྱིའི་ཀླད་རྩའི་ཚན་རིག་པ་ཚོའི་རྒྱལ་ཡོངས་ཚོགས་ཆེན་སྟེང་དུ་ཐོག་མའི་གསུང་བཤད་གནང་མཁན་དེར་༸གོང་ས་མཆོག་གདན་འདྲེན་ཞུས་པ་རེད། དངོས་གནས་བྱས་ན་ཚན་རིག་གི་རྒྱལ་ཡོངས་ཚོགས་འདུ་སྐབས་སུ་༸སྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུ་དེ་འབྲེལ་བ་ཡོད་མ་རེད། ཡིན་ནའང་། ༸སྐྱབས་མགོན་རིན་པོ་ཆེས་ཁོང་གིས་ཚན་རིག་རང་གི་ཐོག་ལ་དམིགས་བསལ་གྱི་མཛད་རྗེས་རླབས་ཆེ་གནང་ཡོད་ཙང་དེ་ལྟར་བྱུང་བ་རེད།
7. དྲི་བ། ད་ལྟ་བོད་པའི་སློབ་གྲྭའི་ཁག་ཏུ་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་གཞིའི་ཁོངས་སུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བཀའ་སློབ་ཀྱི་ལམ་སྟོན་དང་འབྲེལ་བའི་ལས་འཆར་ཞིག་འགྲོ་བཞིན་པ་རེད། སློབ་གྲྭ་ཁག་ལ་དངོས་སུ་ལག་ལེན་བསྟར་བའི་སྐབས་སུ་གང་འདྲ་ཞིག་ཡོང་ངམ། དམའ་རིམ་ནས་འགོ་འཛུགས་དགོས་སམ། དུས་ཡུན་ཇི་ཙམ་འགོར་མིན་དེ་བཞིན་སློབ་ཚན་དེ་གང་འདྲ་ཡིན་མིན་སྐོར་ལ་ངོ་སྤྲོད་གཅིག་གནང་རོགས་ཞུ།
ལན། ངའི་རེ་བ་ལྟར་ན་ཤེས་རིག་དང་བོད་ཁྱིམ་གྱི་ཁོངས་ན་སློབ་གྲྭ་མང་པོ་ཞིག་ཡོད་རེད་ལ་དེ་མིན་གྱི་སྒེར་པའི་སློབ་གྲྭ་ཁག་འགའ་རེ་ཡོད་སྟབས། སློབ་གྲྭ་དབུ་བཞུགས་དང་དགེ་རྒན་གནད་ཡོད་ཚོ་སྔོན་ལ་ཚུར་རུབ་རུབ་བྱས་ཏེ་བཀའ་མོལ་ཞིག་གནང་ཐུབ་ན་ཡག་པོ་རེད། དེ་འདྲའི་སྐབས་ལ་ནུབ་ཕྱོགས་ཀྱི་སློབ་གྲྭ་ཁག་ལ་(Social Emotional) སློབ་མཁན་གྱི་ཉམས་མྱོང་ཅན་གཅིག་གཉིས་སྐད་བཏང་སྟེ། གང་ལྟར་ཕྲུ་གུ་ཆུང་ངུའི་དུས་ནས་སློབ་པའི་སྐབས་ལ་གནད་འགག་གཅིག་གང་ཡོད་ཅེ་ན། སློབ་ཚན་དེ་དག་བཟོ་སྐབས་ངེས་པར་དུ་ཕྲུ་གུའི་ཐོག་དཔྱད་པ་བྱེད་མཁན་གྱི་སེམས་ཁམས་རིག་པའི་ཚན་རིག་པ་དེ་འདྲ་སྐད་གཏོང་དགོས་རེད།
གང་ལ་ཞེ་ན། ཕྲུ་གུ་ཆུང་ཆུང་གི་ལོ་ཚད་དང་བསྟུན་ཏེ་ཀླད་པས་བྱ་བ་ཇི་ལྟར་བྱེད་ཀྱི་ཡོད་མེད་ཚན་རིག་པས་འགྲེལ་བཤད་རྒྱག་གི་ཡོད་རེད། དཔེར་ན། ང་ཚོའི་ཕྲུ་གུ་ཆུང་ཆུང་ལ་ཆ་མཚོན་ན་ངས་ཕྲུ་གུ་གཉིས་གསོ་སྐྱོང་བྱས་པ་ཡིན་པས་ཕྲུ་གུ་ལོ་གཉིས་ལ་མ་སླེབས་བར་དུ་སོ་སོའི་མིང་ནས་བོས་ཏེ་དཔེར་ན་ཚེ་རིང་ལྟ་བུ་ཞིག་ཡིན་ན་ཚེ་རིང་དེ་ལ་དགའ་ཞེས་པ་ལས་ང་དང་ཁྱོད་ཅེས་མི་བརྗོད་ཀྱི་མི་འདུག
བྱས་ཙང་ཕྲུ་གུའི་སྐད་ཆ་ཤོད་སྟངས་ཀྱི་ཐོག་ནས་བློའི་རིམ་པ་དེ་ཇི་ཙམ་སླེབ་མིན་ནི་ང་ཚོས་རགས་ཙམ་ཞིག་ཚོད་དཔག་བྱེད་ཐུབ་པས་དེའི་ཆེད་དུ་ཞིབ་འཇུག་དམིགས་བསལ་བྱེད་མཁན་གྱི་ཆེད་ལས་པ་དེ་འདྲ་སྐད་གཏོང་རྒྱུ་གལ་ཆེ། དཔེར་ན། ནུབ་ཕྱོགས་པར་མཚོན་ན་ལོ་དྲུག་ལ་མ་སོན་བར་དུ་སྔོན་འགྲོའི་སློབ་གྲྭར་སྡོད་དགོས་པ་ལས་སྔོན་འགྲོའི་སློབ་གྲྭར་ཡི་གེ་གཏན་ནས་སློབ་ཀྱི་མེད། དེའི་སྐབས་སུ་རི་མོ་དང་རྩེད་མོ་སོགས་ཀྱི་ཐོག་ནས་གང་ལྟར་ཕྲུ་གུའི་ཀླད་པ་རྦད་དེ་ལྷུག་ཏུ་གཏོང་གི་ཡོད།
གཞན་ཡི་གེ་སློབ་སྐབས་འཕྲལ་དུ་སྒྲིག་འཛུགས་སློབ་ཀྱི་ཡོད་པས་དེ་འདྲ་མིན་པར་ཕྲུ་གུའི་ཀླད་པའི་སྒོ་འབྱེད་དུ་བཅུག་སྟེ་རྩེད་མོ་རྩེ་བ་དང་། རི་མོ་འབྲི་བ། དེ་ནས་མྱོང་ཚོར་གྱི་སྐོར་ཤོད་པའི་སྐབས་སུ་ཁོང་ཚོར་གདོང་པའི་རྣམ་འགྱུར་ཡོད་པའི་པར་བྲིས་ཏེ་རླུང་དང་། ཞེད་སྣང་། དངངས་སྐྲག སེམས་ཕམ་པ ། ཧ་ལས་པ་སོགས་ཀྱི་རྣམ་འགྱུར་བྲིས་ཏེ་གང་ལྟར་རི་མོའི་ལམ་ནས་ཕྲུ་གུ་ཚོར་མིང་གི་ཐོག་ནས་འདི་གང་བྱས་འདུག་གམ། ཞེས་འདྲི་གི་ཡོད། ཕྲུ་གུ་ཚོས་སྐད་ཆ་ཤོད་ཐུབ་པ་ཡིན་ཙང་ཁྱེད་རང་གི་ཉམས་མྱོང་གི་ཐོག་ནས་ཁོ་ཚོ་མ་སྐྱིད་པ་ཡོང་བའི་སྐབས་སུ་དེ་དག་བསྟན་ནས་པར་རིས་དེ་དག་གི་ཁྲོད་ནས་ཁྱེད་རང་གི་མྱོང་བ་ག་གིས་མཚོན་གྱི་འདུག་གམ་ཞེས་འདྲི་བའི་ཐོག་ནས་ནས་མྱོང་ཚོར་གྱི་སྐོར་དེ་སློབ་ཐུབ་ཀྱི་ཡོད།
དེ་བཞིན་དུ་དྲན་པ་ཉེར་བཞག་གི་སྒོམ་སྒྲུབ་རྩ་བར་བཞག་པའི་དབུགས་འབྱུང་རྔུབ་དང་། དེའི་ཐོག་བློ་ལྷིང་འཇགས་རྒྱུ་དེ་ཚོའི་གྲས་སློབ་ཀྱི་ཡོད་རེད། དེ་དང་མཚུངས་པར་བོད་པའི་ནང་སློབ་མི་ཐུབ་པ་གང་ཡང་ཡོད་མ་རེད། རིམ་པ་གང་འདྲ་ཞིག་གི་ཐོག་ནས་སློབ་དགོས་མིན་དང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ནང་པའི་ལྟ་བ་འདི་ཁྱབ་ཆེན་པོ་ཡོད་ཙང་ངེས་པར་དུ་ཨུ་ཚུགས་བརྒྱབསྟེ་ཆོས་དང་མ་འབྲེལ་བ་བཟོ་དགོས་པ་གང་ཡང་མེད།
ཡིན་ནའང་། གཙོ་བོ་སློབ་སྟངས་ནང་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སོགས་པ་ཆོས་ཀྱི་ཐ་སྙད་མ་བཤད་པར་ནང་ཆོས་རང་གི་གཞུང་ནས་གསུངས་པ་རྣམས་ལེགས་ཆ་ལེན་རྒྱུར་དཀའ་ངལ་མེད། ནུབ་ཕྱོགས་ལ་ཡིན་ན་མགོན་པོ་ཀླུ་སྒྲུབ་ཀྱིས་དེ་འདྲ་གསུང་འདུག་ཅེས་བརྗོད་པ་ཡིན་ན། ཁོང་སུ་ཞིག་ཡིན་མིན་རྩད་གཅོད་པའི་སྐབས་སུ་ནང་པའི་མཁས་པ་ཞིག་ཡིན་པར་མངོན་ཚེ་སློབ་གྲྭའི་ཤེས་ཡོན་སྡེ་ཚན་ནང་ན་ལྟག་སྒོ་ནས་ནང་པ་སླེབས་ཀྱི་འདུག་ཟེར་བའི་སྐད་ཆ་ཡོད་རེད།
ང་ཚོ་བོད་པའི་སྤྱི་ཚོགས་ནང་འདིའི་དཀའ་ངལ་ཡོད་མ་རེད། གང་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ཡིན་རུང་དྲང་ཆོག་ལ་རྗེ་རིན་པོ་ཆེའི་གསུང་ཡིན་རུང་དྲང་ཆོག་གི་རེད། དཔེར་ན། རྗེ་ཙོང་ཁ་པ་ཆེན་པོས་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་།། སེམས་པ་ངན་ན་ས་དང་ལམ་ཡང་ངན།། ཐམས་ཅད་བསམ་པ་དག་ལ་རག་ལས་པས།། དེ་ཚོ་ལེགས་པོ་འདུག་ལ་དེ་ཚོའི་རིགས་འདི་དྲང་རྒྱུར་ང་ཚོར་དཀའ་ངལ་གང་ཡང་ཡོད་མ་རེད། ༸སྐྱབས་མགོན་རིིན་པོ་ཆེའི་གསུང་དྲང་རྒྱུར་ཡང་དེ་བཞིན་སློབ་གྲྭའི་ནང་ན་དཀའ་ངལ་རྩ་ནས་ཡོད་མ་རེད།
ཡིན་ནའང་། སློབ་སྟངས་འདི་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་ཐོག་ནས་མ་ཡིན་པར་ཁ་ཚ་དགོས་གཏུགས་ཀྱི་སྒོ་ནས་ཕྲུ་གུ་སོ་སོའི་ཉམས་མྱོང་དང་སེམས་སྐྱིད་མ་སྐྱིད་དང་བདེ་སྐྱིད་སོགས་དང་འབྲེལ་ནས་ཕྲུ་གུ་ཚོ་གཤིས་ཀ་འཇམ་པོ་དང་སེམས་པ་བཟང་པོ་ཡོད་ན་གྲོགས་པོ་གྲོགས་མོ་ཡིན་ནའང་མང་བ་ཡོང་གི་རེད། གྲོགས་པོ་གྲོགས་མོ་མང་བ་ཡོད་ན་རྩེད་མོ་རྩེ་རོགས་མང་བ་ཡོང་གི་རེད། ཇི་ཙམ་གྱིས་རྩེད་མོ་རྩེ་ཐུབ་པ་དེའི་ཚོད་ཀྱིས་ཉི་མ་དེའི་རིང་ལ་སྐྱིད་པ་ཡོང་གི་རེད།
དེ་ཚོའི་ཐོག་ནས་འགྲེལ་བཤད་བརྒྱབ་སྟེ་ཏན་ཏན་བཟང་སྤྱོད་རིགས་འདི་སློབ་ཐུབ་པའི་གོ་སྐབས་ཡོད་རེད། ལྷག་པར་དུ་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་གོ་སྐབས་དེ་བས་ཀྱང་མང་བ་ཡོད་རེད། ཡིན་ནའང་། སྤྱི་ཚོགས་གནས་སྟངས་འདིའི་འོག་ལ་གལ་ཆེ་ཤོས་ནི་དབུ་ལ་བཞུགས་མཁན་དང་ལྷག་པར་དུ་དགེ་རྒན་རྣམ་དཔྱོད་ལྡན་པ་ཚོས་འདི་རིགས་ལ་ཐུགས་སྣང་གནང་ན་དབྱིན་ཇིའི་ནང་ཡིག་ཆ་འདྲ་མིན་སྣ་མང་ཡོད་ལ་ ༸སྐྱབས་མགོན་རིན་པོ་ཆེའི་ཕྱག་དེབ་ཀྱི་ནང་དུའང་ཡོད། ད་ལྟ་ཨད་མོ་རིར་(Emory)སློབ་གཞི་སྒྲིག་མུས་རེད།
དེ་ཚོའི་ཁྲོད་ནས་ཀྱང་ལེགས་ཆ་ལེན་པ་དང་། སྔོན་ལ་ཚོད་ལྟའི་ངང་འགོ་བཙུགས་པ་ཡིན་ན་དགེ་རྒན་ཚང་མ་གཅིག་པ་མིན་ཙང་དགེ་རྒན་ནང་ལའང་རིགས་འགའ་ཤས་སྐད་ཆ་བཤད་རྒྱུ་དང་སྒྲུང་གཅིག་ཡིན་ནའང་ཤོད་སྟངས་མཁས་པ་དེ་འདྲ་ཡོང་སྲིད་པ་རེད། དེ་ནི་སོ་སོའི་ཐུན་མོང་མ་ཡིན་པའི་གཤིས་ཀ་རེད། དེ་འདྲའི་ཐོག་ནས་ཏོག་ཙམ་ཤོད་མཁས་པ་འདི་ཚོའི་རིགས་ལ་དམིགས་བསལ་གྱི་ཟབ་སྦྱོང་སྤྲད། དེ་འདྲའི་ངང་ནས་དབུ་ཚུགས་ན་ཏན་ཏན་ཁྱད་པར་ཡོང་གི་རེད་བསམ་གྱི་འདུག
དཔེར་ན། བོད་ཁྱིམ་ཁག་ལ་ཆ་མཚོན་ན་སྔ་མོ་ནི་བོད་པའི་ལུགས་སྲོལ་ཡིན་སྟབས་གང་ལྟར་ཉེས་པ་གཏོང་སྐབས་གཞུ་གི་ཡོད་རེད། ད་ཆ་དེ་མི་ཆོག་པ་བཟོས་ཚར་རེད། ཡིན་ནའང་། སྒྲིག་ཁྲིམས་གཅིག་ཉར་དགོས་པ་དང་སྒྲིག་ཁྲིམས་ཉར་སྟངས་དེ་ཡང་ན་གཤེ་གཤེ་གཏང་ནས་ཉར་རྒྱུ་རེད། དེ་མིན་ཕྲུ་གུར་འགྲེལ་བཤད་བརྒྱབ་སྟེ་སྒྲིག་འཛུགས་ལེགས་པོ་ཞིག་བཟོ་དགོས་ཀྱི་ཡོད། དེ་འདྲ་སོང་ཙང་། ད་ལྟ་༸སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བའི་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་སྤེལ་རྒྱུ་དེ་ཕུགས་རྒྱང་རིང་པོའི་ཐོག་ནས་ཕྲུ་གུ་རང་ཉིད་ཀྱི་མི་ཚེ་སྐྱིད་པ་དང་ཚགས་ཚུད་པོ་བཟའ་ཚང་མཐུན་པ་ཡོང་གི་རེད།
འོན་ཀྱང་། ཁ་ཚ་དགོས་གཏུགས་ལ་སློབ་གྲྭ་རང་གི་ངོས་ནས་ཆ་བཞག་པ་ཡིན་ནའང་སྒྲིག་འཛུགས་ལེགས་ལ་སྤྱོད་ངན་ཉུང་བ་འཁྲུག་པ་ཉུང་བ་ཏན་ཏན་ཡོང་གི་རེད། དཔེར་ན། ངའི་ཕྲུ་གུ་ཚོ་ཆུང་དུས་སློབ་གྲྭ་འགྲིམ་ས་དེར་ངའི་བཟའ་ཟླས་(Social emotional learning)སློབ་འགོ་བཙུགས་པ་རེད། དེ་ནས་བཟུང་སྟེ་ལེགས་གྲུབ་བྱུང་བ་ཡིན་ཙང་ད་བར་སློབ་གྲྭ་དེར་བསླབས་ནས་ལོ་བརྒྱད་ཙམ་འགྲོ་གི་ཡོད་རེད། ད་ལྟ་ང་རྡ་རམ་ས་ལར་ཡོད་ཀྱང་མོ་ལ་དྭགས་ལ་ཡོད། ལ་དྭགས་ཀྱི་སྒེར་པའི་སློབ་གྲྭ་གཅིག་གིས་གནས་ཚུལ་འདི་མཐོང་ནས་ཆེད་མངགས་འདིར་ཡོང་ནས་(Social emotional learning)དང་། འདིའི་ཐོག་སྐུ་མདུན་གྱི་དགོངས་པ་བཞེད་སྟངས་དག་ཁ་སྣོན་བརྒྱབ་ནས་ཡ་རབས་བཟང་སྤྱོད་སློབ་སྟངས་འདི་ཆོས་ཀྱི་ངོ་བོའི་ཐོག་ནས་སློབ་མི་དགོས་པར་ལས་འགུལ་གསར་པ་ཞིག་སྤེལ་རྒྱུའི་བསམ་བློ་གཏོང་གི་ཡོད། སྔོན་ལ་དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དང་འགོ་འཛུགས་རྒྱུ་དེ་ཁྱེད་རང་གིས་གནང་རོགས། བྱུང་ན་དབྱར་ཁའི་རིང་ལོ་ལྔ་ཙམ་གྱི་རིང་ཡོང་རྒྱུའི་ཁས་ལེན་བྱེད་རོགས་ཞེས་ལབ་པར་མོས་ཡིན་དང་ཡིན་ཞེས་བརྗོད་དེ་ཕྱིན་པ་རེད།
ལ་དྭགས་ཕྱོགས་ལ་དེ་འདྲ་མཐོང་དུས་ང་ཚོ་བོད་པའི་ནང་ལ་ལག་ལེན་བསྟར་མི་ཐུབ་པ་དེ་ཏོག་ཙམ་ཡ་མཚན་པོ་མཐོང་གི་འདུག ༸སྐྱབས་མགོན་རིན་པོ་ཆེ་དབུ་ལ་བཞུགས་ང་ཚོ་གཤམ་དེར་དད་པའི་ཐོག་ནས་ཁོང་གི་བཀའ་ཅི་གསུང་སྒྲུབ་ཞུ་རྒྱུ་མཁན་ཞིག་རེ། ཡིན་ནའང་། གནད་འགག་དེ་འདྲའི་སྐབས་སུ་ཕྱི་ཕྱོགས་རྣམས་ཧ་ཅང་གི་ཡར་ཐོན་ཕྱིན། ང་ཚོ་འདི་ཐད་ཚོར་བ་དེ་ཙམ་མེད་པ་ལྟ་བུ་མངོན་གྱི་འདུག
8. དྲི་བ། དགེ་བཤེས་ལགས་སྐུ་སྒེར་ངོས་ནས་ད་བར་རྐང་༸གོང་ས་མཆོག་གི་གསུང་སྒྱུར་གནང་གི་ཡོད་རེད། དེ་དང་དུས་ཅིག་ཅར་དུ་དགེ་བཤེས་སྐུ་སྒེར་ངོས་ནས་ཕྱག་དེབ་མང་པོ་ཞིག་ལྗགས་རྩོམ་གནང་འདུག ད་ལྟ་ཐོན་གསར་ཤོས་ནི་(A Fearless Heart)ཞེས་པ་དེ་ཆགས་འདུག དགེ་བཤེས་ལགས་ཀྱི་བརྩམས་ཆོས་དེ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་བར་དབར་འབྲེལ་ཐག་གང་འདྲ་ཡོད་མེད་གསུང་རོགས།
ལན། ད་ལྟ་ངའི་དེབ་(A Fearless Heart ཞུམ་པ་མེད་པའི་སྙིང་། )ཟེར་བ་དེའི་རྐང་ནི་སྙིང་རྗེའི་ཐོག་ལ་ནུབ་ཕྱོགས་སེམས་ཁམས་རིག་པ་དང་ལྷག་པར་དུ་ནང་པའི་གཞུང་ནས་བཤད་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཤད་པ་བྱེད་རྒྱུ་གཅིག་རེད། གཞན་མི་མང་པོ་ཞིག་གིས་སྙིང་རྗེ་ཞེས་བརྗོད་དུས་དེ་ནི་བརྩེ་བ་བྱེད་རྒྱུ་ཙམ་མ་གཏོགས་སྙིང་རྗེ་ནི་གཏིང་གཟབ་ཅིག་ཡིན་པ་མང་པོ་ཞིག་གིས་ཤེས་ཀྱི་མི་འདུག ང་རང་ཚོའི་ནང་པའི་གཞུང་ནང་ལ་ཐབས་དང་ཤེས་རབ་གཉིས་ཏེ་ཤེས་རབ་ནི་ཡུལ་གྱི་གནས་ཚུལ་གཙོ་བོ་དོན་དམ་པའི་གནས་ལུགས་རྟོགས་རྒྱུ་དེ་རེད། སྟོང་པ་ཉིད་སྐོར་བཤད་ཀྱི་ཡོད་རེད། ཐབས་ཀྱི་ཆར་སླེབ་སྐབས་གལ་ཆེ་ཤོས་དེ་སྙིང་རྗེ་ཆགས་ཡོད། སྙིང་རྗེའི་རྣམ་པ་དེ་གཞན་ལ་བརྩེ་བ་དེ་རེད། ཡིན་ནའང་། སྙིང་རྗེ་ཞེས་པ་དེ་ང་རང་ཚོའི་ཀུན་སློང་དང་འབྲེལ་བ་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད། ཇི་ཙམ་གྱིས་སྙིང་རྗེ་ཀུན་སློང་དུ་སླེབ་ཐུབ་པ་ཡིན་ན་འདི་ཚོད་ཀྱིས་ལུས་ངག་གི་བྱ་སྤྱོད་ལ་འགྱུར་བ་འགྲོ་གི་རེད།
དེ་བཞིན་སྙིང་རྗེ་དེ་བློས་འཕེན་པ་བཏང་ནས་མི་ཚེ་སྐྱེལ་སྟངས་རང་ལ་གཞན་ཕན་རྩ་བར་འཛིན་པ་ཡིན་ན་འཕེན་པ་བཏང་སྟེ་བསམ་བློར་འགྱུར་བ་ཆེན་པོ་འགྲོ་གི་ཡོད་པ་དང་། སྙིང་རྗེའི་བློ་ལ་གོམས་དུས་ནམ་ཞིག་ལ་སྙིང་རྗེ་དེ་སོ་སོའི་གཤིས་ཀའི་ཆ་ཤས་འདྲ་ཆགས་ཏེ། གང་ལྟར་རྐྱེན་གཅིག་འཕྲད་ཡོང་སྐབས་འཕྲལ་དུ་སྙིང་རྗེའི་ཐོག་ནས་གདོང་ལེན་བྱེད་པ་དེ་འདྲ་བའི་ཆ་རྐྱེན་དང་གོ་སྐབས་མང་པོ་ཞིག་ཡོད་རེད། ལྷག་པར་དུ་དེང་སང་ནུབ་ཕྱོགས་པའི་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱེད་སྐབས་ཇི་ཙམ་གྱིས་སྙིང་རྗེ་ཅན་བྱེད་ནུས་ན་འདི་ཚོད་ཀྱིས་མི་རང་ཉིད་གཤིས་ཀ་ལྷོད་པ་དང་། (Stress དངངས་སྐྲག་)ཉུང་དུ་འགྲོ་བ། བློ་སྟོབས་ཆེ་རུ་འགྲོ་བ་སོགས་དུས་རྒྱུན་༸སྐྱབས་མགོན་རིན་པོ་ཆེས་ཡང་ནས་ཡང་དུ་བཀའ་གནང་བ་ལྟར་རེད། གནས་ཚུལ་འདི་དག་མི་དཀྱུས་མ་ཚོས་གོ་ཐུབ་པ་ཞིག་བྱུང་ན་ཞེས་གང་ལྟར་(Secular ethics ཆོས་དང་མ་འབྲེལ་བའི་བཟང་སྤྱོད།)ཁྱབ་སྤེལ་བྱེད་ཆེད་ཀྱི་ཆ་རྐྱེན་ལ་འགྲོ་ཐུབ་པ་ཞིག་ཏུ་དམིགས་ཡོད་རེད། དེའི་ཐོག་ང་རང་ཚོ་ནང་པའི་གཞུང་ནས་བཤད་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཕྱུག་པོ་ཡོད་པ་རྟོགས་ཐུབ་པ་བཅས་གཙོ་བོའི་ཀུན་སློང་དེ་ཡིན།
9. དྲི་བ། དགེ་བཤེས་ལགས་ཀྱིས་སྐུ་ཚེ་ཧྲིལ་པོ་ནང་པའི་གཞུང་ལུགས་ཐོག་བསླབ་པ་སློབ་གཉེར་གནང་བ་རེད། ལྷག་པར་དུ་འདས་པའི་ལོ་སུམ་ཅུ་ལྷག་གི་རིང་ལ་༸གོང་ས་མཆོག་གི་ཆིབས་ཞབས་ལྷན་རྒྱས་སུ་ཕེབས་ནས་དབྱིན་སྐད་གསུང་སྒྱུར་གནང་ཡོད་སྟབས ། དགེ་བཤེས་ལགས་སྐུ་སྒེར་གྱི་ཉིན་རེའི་འཚོ་བའི་ཉམས་མྱོང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱིས་དེ་འདྲ་ཞིག་ཕན་ཐོགས་བྱུང་ཟེར་བའི་དཔེ་མཚོན་ཞིག་གསུང་ཐུབ་བམ།
ལན། ལོ་ངོ་སུམ་ཅུ་ལྷག་གི་རིང་༸སྐྱབས་མགོན་རིན་པོ་ཆེའི་གསུང་སྒྱུར་གྱི་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་བྱུང་། དེ་འདྲ་སོང་ཙང་། ཁོང་གི་དགོངས་པ་བཞེད་སྟངས་དང་ཉིན་རེའི་ཉམས་ལེན་གནང་སྟངས་དེ་དག་མཇལ་སྐབས་དེ་དག་གི་ཐོག་ནས་ང་ལ་ཤུགས་རྐྱེན་ཤུགས་ཆེ་ཐེབས་བྱུང་། ང་རང་ཆུང་དུས་རིག་པ་ཅུང་རྣོ་བ་ཡོད་པས་ང་རང་དྲག་ཤོས་ཡིན་བསམ་པའི་ཁེངས་པ་ཡོད་མཁན་ཞིག་ཡིན། དེའི་ཐོག་ཕྲུ་གུའི་སྐབས་ལ་ དངངས་སྐྲག་ཀྱང་ཡོད་མཁན་ཞིག་ཡིན། དེ་ནས་རྐང་དཔེ་ཆ་བལྟ་རྒྱུའི་གོ་སྐབས་ཤིག་བྱུང་ལ་ལོ་སུམ་ཅུ་མ་ཟིན་གོང་ནས་༸སྐྱབས་མགོན་རིན་པོ་ཆེར་ཞབས་ཕྱི་ཞུ་རྒྱུ་བྱུང་བས་དུས་རྒྱུན་དུ་ཁོང་གི་ཞབས་ལ་བཅར་ཏེ་མཛད་པ་སྐྱོང་སྟངས་དང་དགོངས་པ་བཞེད་ཚུལ་མཇལ་སྐབས་སེམས་ལྷོད་པོ་ཡོང་རྒྱུ་དང་གཤིས་ཀ་ལྷོད་པ་ཡོང་རྒྱུ་དང་མཐར་གཉོམ་ཆུང་ངང་ཁེངས་པ་མེད་པར་སྡོད་རྒྱུ་སོགས་ཀྱི་ཐོག་ལ་ཕན་ཐོགས་ཆེན་པོ་བྱུང་། གང་ལྟར་མི་མང་པོ་ཞིག་གིས་ད་ལྟ་དཀའ་ལས་བརྒྱབ་སྟེ་མ་འོངས་པར་ལྷོད་པོའི་ངང་བདེ་སྐྱིད་ལ་རོལ་རྒྱུའི་བསམ་བློ་འཁོར་གྱི་ཡོད།
ཡིན་ནའང་། མི་ཚེ་ཟེར་ནའང་ད་ལྟའི་དུས་ཚོད་འདི་ཉིད་མི་ཚེ་ཆགས་ཡོད། འཚོ་བར་རོལ་སྐབས་སུ་ཇི་ཙམ་གྱིས་བདེ་སྐྱིད་དང་། སེམས་ལྷོད་པོ། གཞན་ལ་ཕན་ཐོགས་བྱེད་རྒྱུའི་ཆེད་སྐྱེལ་བ་ཡིན་ན་མི་ཚེ་དོན་དང་ལྡན་པ་ཞིག་ཆགས་ཡོད། དེ་ཚོའི་ཐོག་ལ་༸སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བཞེད་སྟངས་ཞབས་ཕྱི་ཞུས་པའི་རྐྱེན་གྱིས་རང་ཉིད་སྒེར་གྱི་ཐོག་ལ་ཕན་པ་གང་མང་བྱུང་། ཕྱི་ལ་ཁྱབ་སྤེལ་གནང་བའི་སྐབས་སུ་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་ཞེས་བཀའ་གནང་གི་ཡོད་ཀྱང་། འོན་ཏེ། ང་རང་ཚོ་ནང་པ་ཚོས་ངེས་པར་དུ་ཆོས་དང་མ་འབྲེལ་བ་བྱེད་དགོས་པའི་ཨུ་ཚུགས་གང་ཡང་མེད།
བསླབ་བྱའི་རིགས་མང་པོ་ཞིག་ནི་ནང་པ་ཚོར་དཔེ་ཆ་ཤེས་མཁན་ཞིག་གིས་འགྲེལ་བརྗོད་བྱེད་པའི་སྐབས་ལ་འདི་བྱེད་རྒྱུ་ཡོད་མ་རེད། དེ་ལས་ངན་རེད། འདིས་སྡིག་གསོག་གི་རེད་ཅེས་མི་གསུང་བར་གཞུང་ཆེན་པོའི་ཁག་ལས་འགྲེལ་བཤད་བྱེད་སྐབས་དཔེར་ན་ཁོང་ཁྲོའི་རིགས་འཕེལ་སྐབས་ཁྲོ་བ་སྐྱེས་ན་དམྱལ་བར་ལྷུང་གི་ཞེས་མི་བརྗོད་པར་ཁོང་ཁྲོ་འཕེལ་སྐབས་སོ་སོའི་གདོང་ཡན་ཆད་ཀྱི་རྣམ་འགྱུར་ཡིན་ནའང་ངན་ཞིང་། གཞན་གྱིས་ལྟ་སྐབས་ཀྱང་མི་མཛེས་པ ། འཕྲལ་དུ་སེམས་ཀྱི་ཞི་བདེ་བརླག་པ། ཟས་ཡིན་ནའང་ཟ་སྙིང་མི་འདོད་པ། དེ་འདྲའི་ཐོག་ནས་ཁོང་ཁྲོས་ཁོར་ཡུག་ངན་པ་བཟོ་བ། དེའི་རྐྱེན་གྱིས་སོ་སོའི་སེམས་ཀྱི་ཞེ་བདེ་བརླག དེ་ལ་བརྟེན་ནས་ལེགས་ཉེས་འབྱེད་ནུས་པའི་རྣམ་དཔྱོད་ཀྱི་ཆ་ཤས་དེའང་མེད་པ་ཆགས་པ་དེ་ཚོའི་རིགས་ལ་ནང་པའི་གཞུང་ནས་བཤད་པ་ཟབ་མོ་ཡོད་སྟབས་ང་རང་ལ་ཆ་བཞག་ན་དཔེ་ཆ་བལྟ་མྱོང་བའི་དྲིན་གྱིས་༸སྐྱབས་མགོན་རིན་པོ་ཆེས་བཀའ་གསལ་པོ་གནང་ཡོད་ཙང་ཉིན་རེའི་འཚོ་བའི་ནང་ཏན་ཏན་ཁྱད་པར་འདུག
དཔེར་ན། ང་ལྟ་བུར་མཚོན་ན་མི་ཚེ་སྐྱེལ་ས་ནི་ནུབ་ཕྱོགས་ཡིན་པ་དང་། ནུབ་ཕྱོགས་པའི་སྤྱི་ཚོགས་དེ་ནི་འཁྲུག་པོ་ཞེ་དྲག་དང་། [1](Stress སེམས་ངལ།)མང་པོ། ཕྲུ་གུ་གཉིས་གསོ་སྐྱོང་བྱེད་སྐབས་ཕྲུ་གུ་སྐྱོང་སྟངས་ལ་ཆ་བཞག་པ་ཡིན་ནའང་ང་ཚོའི་ངོ་ཤེས་དག་གིས་ཕྲུ་གུ་སྐྱོང་སྟངས་དང་ང་དང་ངའི་སྐྱེ་དམན་གཉིས་ཀྱིས་ཕྲུ་གུ་སྐྱོང་སྟངས་བར་ཧེ་བག་ཧ་ཅང་ཆེན་པོ་ཡོད། ང་ཚོ་གང་འདྲ་བྱེད་རུང་གཤིས་ཀ་ལྷོད་པ་དང་ཕྲུ་གུ་ཚོར་མཚོན་ནའང་ཕ་མར་བརྩི་མཐོང་ཆེ་བ། འདི་དག་གི་རིགས་སུ་གྱུར་བ་རྣམས་སྤྱིར་བཏང་ནས་ཡ་རབས་སྤྱོད་བཟང་དང་བྱམས་བརྩེ་དང་སྙིང་རྗེ་རིགས་འདི་ང་ཚོ་ནང་པས་རིན་ཐང་ཆེ་བ་ཞིག་ཏུ་བརྩི་གི་ཡོད་སྟབས། འདི་དག་ནི་ཁྱིམ་ཚང་གི་ཁོར་ཡུག་གི་ཆ་ཤས་ཆགས་ཡོད་ཁར་༸སྐྱབས་མགོན་རིན་པོ་ཆེའི་བཀའ་ནན་པོ་གནང་གི་ཡོད་སྟབས་འདིའི་གྲུབ་འབྲས་རེད།
གང་ལ་ཞེ་ན། ཁོང་གིས་བཟང་པོའི་ཡོན་ཏན་འདི་སྐྱེ་བ་སྔ་ཕྱི་དང་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུའི་ཆ་རྐྱེན་ཙམ་དུ་མི་འཇོག་པར་ཉིན་རེའི་འཚོ་བའི་ནང་དགོས་མཁོ་ཡོད་པ་ཞིག་དང་འབྲེལ་བ་ཡོད་པ་ཞིག་མངོན་ཐུབ་ན་ཁེ་ཕན་ཡོད་རེད་ཅེས་བཀའ་གནང་གི་ཡོད་རེད། ངས་གང་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་བའི་ཁུལ་རེད། དེ་འདྲའི་ཐོག་ནས་གང་ལྟར་སེམས་པ་སྐྱིད་པ་དང་ལྷོད་པ་སོ་སོའི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་གི་འདུག་བསམ་པའི་ཡིད་ཚིམ་པ་འདྲ་ཡོང་བ་དེ་ཚོའི་གྲས་ནི་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་རེད། དེ་དག་ནི་༸སྐྱབས་མགོན་རིན་པོཆེས་བཀའ་གནང་རྒྱུར་ནང་པའི་གཞུང་ལས་བཤད་པའི་བསླབ་བྱ་དེ་དག་ཉིན་རེའི་ནང་མི་ཚེ་དང་འབྲེལ་བ་ཡོད་པ་ཞིག་ཏུ་(Relevance )སྐྲུན་ཐུབ་པ་ཡིན་ན་ཏན་ཏན་སོ་སོར་ཁེ་ཕན་ཡོད་རེད་ཅེས་བཀའ་གནང་རྒྱུའི་གནང་འགག་འདི་རེད།
མཇུག་སྡོམ། ད་ལྟ་ནོར་ཝེ་རླུང་འཕྲིན་ཁང་ནས་དམིགས་བསལ་འདི་ཐོག་ལ་ཐུགས་སྣང་གནང་བ་དེར་ང་རང་དགའ་པོ་ཞེ་དྲག་བྱུང་། ད་གིན་ང་ཚོའི་དབར་བཀའ་མོལ་བྱུང་བ་བཞིན་ང་ཕྱི་ལ་གང་སར་འགྲོ་བའི་སྐབས་སུ་༸སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེད་ཅིང་གསར་གཏོད་གནང་བ་མང་པོ་ཞིག་ནུབ་ཕྱོགས་པས་ལག་ལེན་བསྟར་ཏེ་ཁེ་བཟང་བླངས་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་འདི་ལག་ལེན་བསྟར་མ་ཐུབ་པ་དང་ཁེ་བཟང་ལེན་མ་ཐུབ་པ་འདིར་ཏོག་ཙམ་མ་སྐྱིད་པ་ལྟ་བུ་ཞིག་ཡོང་གི་འདུག ལྷ་ས་བས་ལྷ་སའི་ཇོ་བོ་མ་མཇལ་ཟེར་བའི་བཤད་སྲོལ་ལྟར་སོ་སོའི་ནང་གི་ནོར་བུ་དེ་སོ་སོས་ནོར་ཉམས་མ་ཆོད་པའི་རྣམ་པ་འདྲ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས་ད་ལན་འདི་ཐོག་ལ་རླུང་འཕྲིན་ཁང་ནས་དམིགས་བསལ་གྱིས་ཐུགས་སྣང་གནང་སྟེ་བརྗོད་གཞི་འདིའི་ཐོག་ལ་དམིགས་བསལ་དགོངས་བཞེད་གནང་བ་དེར་ང་རང་དགའ་པོ་ཤུགས་ཆེན་བྱུང་། ཐུགས་རྗེ་ཆེ།
གསུང་སྒྱུར་ཐུབ་བསྟན་སྦྱིན་པ་ལགས་ནས་བཀའ་ལན་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བསླབ་བྱ་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་དོ་སྣང་ཞེད་པོ་ཅིག་གནང་ཡུལ་ཆགས་ཡོད་པ་གསུངས་འདུག །
་་་་་་་་་ ནུབ་ཕྱོགས་པའི་སློབ་ཕྲུག་ཚོ་འཛམ་གླིིང་ས་ཆ་མང་པོ་ཞིག་ལ་བདུན་ཕྲག་གཅིག་ནང་ཞག་མ་ལྔར་སློབ་འཁྲིད་བྱས་ཏེ་ཁུངས་འཁྱོལ་གྱི་ཡོད་ན་ང་ཚོ་བདུན་ཕྲག་གཅིག་ནང་ཞག་མ་དྲུག་ཨུ་ཚུགས་བརྒྱབ་ནས་སློབ་དགོས་པའི་དགོས་པ་གང་ཡང་ཡོད་མ་རེད། ་་་་་་་་་
་་་་་་་་་་་་ ང་ཕྱི་ལ་གང་སར་འགྲོ་བའི་སྐབས་སུ་༸སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེད་ཅིང་གསར་གཏོད་གནང་བ་མང་པོ་ཞིག་ནུབ་ཕྱོགས་པས་ལག་ལེན་བསྟར་ཏེ་ཁེ་བཟང་བླངས་ཀྱང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་འདི་ལག་ལེན་བསྟར་མ་ཐུབ་པ་དང་ཁེ་བཟང་ལེན་མ་ཐུབ་པ་འདིར་ཏོག་ཙམ་མ་སྐྱིད་པ་ལྟ་བུ་ཞིག་ཡོང་གི་འདུག ་་་་་་་་་་