སྐྱོ་བྲག་དགའ་དབང༌།
འཇིག་རྟེན་ན་གཅེས་པ་རང་སྲོག་ཡིན་པའི་ཕྱིར་སྲོག་གི་རྣམ་བཞག་ཤེས་རྒྱུ་གལ་ཆེ་ཡང་ད་བར་གཅིག་གྱུར་གྱི་ངོས་འཛིན་ཐུབ་མེད།
ཁོ་བོས་འདིར་ནང་ཆོས་དང་ཚན་རིག་པའི་འདོད་ཚུལ་བཀོད་པ་ཡང་དཔེ་མཚོན་ཙམ་ཡིན།
སྤྱིར་ཚན་རིག་ལ་གང་ཟག་སོ་སོའི་བློ་རང་ག་བས་ནུས་ཚོད་ཀྱི་བརྟགས་དཔྱད་བྱས་པའི་གྲུབ་དོན་ལས་འདོད་ཚུལ་ཕྱོགས་གཅིག་པའི་གཞུང་ལུགས་ཤིག་མེད་པ་བཞིན་སྲོག་གི་ངོས་འཛིན་ཡང་གཅིག་མཚུངས་མེད་མོད།
དེང་སང་གྲགས་ཆེ་བ་ལྟར་ན། གསེལ་ཞེས་པའི་སྐྱེ་རྡུལ་ཅན་ཡིན་པ་གཞིར་བཞག་ཐོག
།གཞན་ལ་མ་བརྟེན་པར་རང་སྟོབས་ཀྱིས་འགུལ་བསྐྱོད་བྱེད་པ།
དབུགས་ཕྱི་ནང་དུ་གཏོང་ལེན་བྱེད་པའི་ནུས་པ་ཡོད་པ།
ཕྱིའི་ཁོར་ཡུག་ལ་བརྟེན་ནས་འགྱུར་བ་ཐེབས་པ། ཆུང་ཆུང་ནས་སྐྱེ་བ་ཡིན་པ།
སོ་སོའི་རྒྱུའམ་རིགས་ལས་བྱུང་བ།
རང་རང་གི་ཟ་མས་སྟོབས་བསྐྱེད་དེ་སྙིགས་མ་འདོར་བའི་ཁྱད་ཆོས་རྣམས་ཡོད་པ་ཞིག་ལ་སྲོག་ཅན་དུ་འདོད་ཀྱི་ཡོད།
འགའ་རེས་ཚན་རིག་པ་དང་གཅེར་བུ་པ་མཐུན་པར་འདོད་པ་ལྟར་ནི་མ་ཡིན་ཏེ།
གཅེར་བུ་པས་སྲོག་ལྡན་སེམས་ཡོད་དུ་འདོད་ཅིང༌།
ཚན་རིག་པ་ལ་རྣམ་ཤེས་ཡོད་མེད་དོན་འགྱུར་གྱི་ཐེ་ཚོམ་ཙམ་ལས་ཁྲུན་ཐག་ཆོད་པ་མེད་པའི་ཕྱིར་རོ།
།ནང་པའི་གཞུང་གིས་སྲོག་ཅེས་འདོགས་ས་ངོ་མ་ནི་རླུང་ལྔའི་ཡ་གྱལ་སྲོག་རླུང་ཉིད་ཡིན་པར་གསལ་ཏེ།
བདེ་མཆོག་སྡོམ་འབྱུང་ལས། རླུང་ནི་སྲོག་ཏུ་ཡང་དག་བལྟ། །ཞེས་དང༌།
སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །ཅེས་དང༌།
དེའི་དཀའ་འགྲེལ་པདྨ་ཅན་ལས།
སྲོག་བྱེད་པ་དང་རྒྱུ་བའི་ཕྱིར་སྲོག་ནི་རླུང་ངོ༌། །ཞེས་དང༌།
རླུང་ནི་འབྱུང་བ་དང་རྔུབ་པའི་བདག་ཉིད་རྣམ་པར་ཤེས་པ་སྦྱོར་བར་གྱུར་པར་ཤེས་པར་བྱའོ།
།ཞེས་དང༌། ནང་དོན་འགྲེལ་ཆེན་གསལ་རྒྱན་ལས།
སྲོག་ཆེན་པོའི་རླུང་གི་ངོ་བོ་ནི་སེམས་ཅན་རྣམས་ཀྱི་ལུས་དང་རྣམ་པར་ཤེས་པ་དང་དྲོད་ཀྱི་རྟེན་བྱེད་པའི་ཚེ་ཞེས་གྲགས་པ་དེ་ཡིན་ལ།
ཞེས་དང༌། ཀརྨའི་མཁན་པོའི་ཕུར་པའི་རྣམ་བཤད་ལས།
སྲོག་གི་དབང་པོའམ་ཚེ་ཞེས་པ་དྲོད་དང་རྣམ་ཤེས་རྒྱུན་ཆགས་སུ་གནས་པའི་རྟེན་དང་རྒྱུར་གྱུར་པའི་རླུང་གི་ཁམས་དྭངས་པ་སྟེ།
ཞེས་གསུངས་པའི་ཕྱིར་རོ། །མངོན་པ་མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི།
།རྣམ་ཤེས་རྟེན་གང་ཡིན་པ་འོ།
།ཞེས་དྲོད་དང་རྣམ་ཤེས་ཀྱི་རྟེན་རྫས་ཡོད་དམ་བཏགས་ཡོད་ཀྱི་ལྡན་མིན་འདུ་བྱེད་ལ་འདོད་པ་ནི་མདོ་ལུགས་སུ་རླུང་གི་བཤད་པ་ཆེར་མེད་པའི་དབང་གིས་ཡིན་ནོ།
།ཞིབ་ཏུ་བྱས་ན་སྲོག་དེ་ཉིད་ལ་བླ་ཚེ་སྲོག་གསུམ་དུ་དབྱེར་ཡོད་པ་ལས།
སྲོག་ནི། དྲོད་དང་རྣམ་ཤེས་ཀྱི་རྟེན་སྲོག་རླུང་དང༌། ཚེ་ནི།
རླུང་དེས་ལུས་ཆགས་འཇིག་བྱེད་པའི་དུས་ཀྱི་ཆ་དང༌། བླ་ནི།
ཚེ་སྲོག་གི་རྟེན་དྭངས་མ་དག་ཡིན་ཏེ། ཕུར་པའི་རྣམ་བཤད་དེ་ཉིད་ལས༌།
སྲོག་དང་ཚེ་གཉིས་ལྡོག་ཆས་ཕྱེ་ན། འབྱུང་བ་ལྔའི་རླུང་ནི་སྲོག་དང༌།
དེས་ལུས་ཆགས་གནས་འཇིག་གསུམ་བྱེད་པའི་དུས་ཀྱི་ཆ་ནི་ཚེ་ཡིན་ནོ། །ཞེས་དང༌།
སྨན་ཡིག་མེས་པོའི་ཞལ་ལུང་ལས།
སྲོག་དང་ཚེ་དེ་གནས་པའི་རྟེན་ངོ་བོ་དེ་ལ་བླ་ཞེས་གྲགས་ཏེ། ཞེས་དང༌།
བླའམ་མདངས། ཞེས་དང༌།
དྭངས་མ་མཐར་ཕྱིན་པ་ནི་མདངས་ཞེས་བྱ་བའི་མཆོག་དམ་པ་སྟེ། ཞེས་སོ།
།དེ་ལྟར་ན་ཚན་རིག་པས་སྐྱེ་ལྡན་གྱི་དངོས་པོའི་ཁྱད་ཆོས་ཙམ་ལས་ད་དུང་སྲོག་རང་གི་ངོ་བོ་ངོས་ཟིན་མེད་པ་དང༌།
ནང་པས་སྲོག་གི་ངོ་བོ་དང་དབྱེ་བ་བྱེད་ལས་མཐར་ཕྱིན་པ་ཤེས་པའི་ཁྱད་པར་འདུག་གོ།
།འོན་ཀྱང་ད་དུང་ནང་པས་གསལ་བཤད་བྱེད་དགོས་པ་ནི།
ལུང་ལ་བརྟེན་པ་ཙམ་མིན་པར་མི་ལ་སེམས་ཡོད་པ་དང་ཤིང་ལ་མེད་པའི་རྒྱུ་མཚན་མཐུན་སྣང་ཞིག་སྟོན་རྒྱུ་དེ་ཡིན།
ཁ་ཤས་ཀྱིས་ཚོར་བ་ཡོད་མེད་བཀོད་སྲིད་ཀྱང༌།
དེར་ཡང་རྒྱུ་མཚན་མཐུན་སྣང་མེད་པ་དང༌། མཛངས་བླུན་ལས།
ཤིང་ཆེན་པོ་ཞིག་ལ་ལོ་མ་དང་ཡལ་གའི་བར་དུ་ཁབ་ཀྱི་རྩེ་མོ་ཙམ་གཟུགས་པའི་ས་སྟོང་ཙམ་ཡང་མེད་པར་སྲིན་བུ་མང་པོ་ཟ་བ་ལ།
སྐད་ཆེན་པོར་ངུ་ཞིང་འབོད་པའི་སྒྲ་ཀུན་ཏུ་གྲག་པའི་ཤིང་དེ་ནི་དགེ་འདུན་གྱི་དཀོར་ལ་སྤྱོད་པའི་དགེ་སློང་ལི་ཏ་ཞེས་བྱ་བ་ཡིན་པ་དང༌།
ཤིང་ལ་ཟ་བའི་སྲིན་བུ་དེ་དག་ནི་དགེ་སློང་གིས་བྱིན་པ་ཐོབ་པའི་མི་རྣམས་ཡིན་པར་གསུངས་པ་དང༌།
གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་ཆེན་ལས།
ཤིང་གི་ལྷ་ཁ་ཅིག་ཤིང་ལ་བདག་གི་འདུ་ཤེས་སྐྱེ་བ་དང་སའི་ལྷ་ཁ་ཅིག་ས་ལ་བདག་གོ་ཞེས་འདུ་ཤེས་པ་ཡང་ཡོད།
ཅེས་གསུངས་པ་ལ་ཡང་བསམ་གཞིག་དགོས་པ་ཡིན།
གཞུང་ག་གེ་མོ་དང་གང་ཟག་ཆེ་གེ་མོ་ཞིག་མིན་ན་ཁས་མི་ལེན་པའི་ལུགས་སྲོལ་རང་རེར་ཡོད་མོད།
དེ་ནི་ནོར་ཏེ། སྔོན་མ་བྱེ་སྨྲའི་རྟོག་བཏགས་སུ་འདོད་པའི་རྡུལ་ཕྲན་བར་སྟོང་དང༌།
གྲོང་ཆོག་ཙམ་ཡིན་པའི་འཁྲུགས་བསྐང་ལས། བུད་མེད་སྣ་ཚོགས་སྟོང་ཁམས་གང༌།
།མི་ནད་ཕྱུགས་ནད་སྣ་ཚོགས་གཏོང། །མཁའ་ལ་ནད་སྤྲིན་སྣ་ཚོགས་འཁྲིགས།
།ཞེས་པ་རྣམས་ད་ལྟར་དངོས་སུམ་གྱུར་པས་སོ།
།གཞན་ལུགས་ཤིག་ཡིན་ནས་བཟུང་དགག་རྐྱང་དུ་བྱེད་པའི་གུ་དོག་ཀྱང་རང་ཕུང་གི་རྩ་བར་འདུག་ཕྱིར་བློ་རྒྱ་ཆེ་ཙམ་བསྐྱེད་ན་བཟང་བར་མངོན་ནོ།
།
འོ་ཡ། ཡང་མཁན་པོ་དགའ་དབང་གིས་ཁྲི་ཐོག་ན་ཆོན་རྒྱག་གོ་ཀི རྒྱ་ཆོན་རྒྱག་ལྟར་གོ་རྐང་ལག་གཡུག་པ་ལ་གོ་རིམ་རྩ་ནས་མི་འདུག ལྟོས་དང་༼སྲོག་གི་རྣམ་བཞག་ཤེས་རྒྱུ་གལ་ཆེ་ཡང་ད་བར་གཅིག་གྱུར་གྱི་ངོས་འཛིན་ཐུབ་མེད།༽ཟེར་ནས་རང་གིས་གཅིག་ཀྱང་སྔ་མ་དག་གིས་འདོད་པ་བཀོད་པ་མ་གཏོགས་གཅིག་གྱུར་གྱིས་ངོས་འཛིན་བྱས་མེད་པས། ཆོ་ཁོ་རང་མི་འདུག དེ་ལས་སྔ་རབས་མཁས་པའི་གསུང་རྒྱུན་བཀོད་ན་ཞེས་བྲིས་ན་ལེགས། ད་དུང་མཇུག་ཏུ་སུ་ཞིག་ལ་ཟུར་ཟའི་ཚུལ་ཏུ་གཞན་ལུགས་དང་རང་ལུགས་སོགས་དགོས་མེད་ཀྱི་ཕྱོགས་རེ་སྐད་ཆ་ཞིག་བཤད་དགོས་བསམ་འདུག་མོད། དེ་ལས་སླ་བོའི་ཐོག་ནས་བཤད་འེ་ཐུབ། ད་དུང་མདོ་ལུང་འདྲ་བཀོད་ནས་ལྗོན་ཤིང་སེམས་ལྡན་དུ་ཁས་ལེན་གི་ཡིན་མདོག་མདོག་ཀྱང་སྟོན་གྱི་འདུག སྙིང་རྗེ།
ལྗོན་ཤིང་ལ་ཤིང་ལྷ་སོགས་གནས་པ་ཡོད་ཀྱང་ནང་པའི་ལྗོན་ཤིང་སེམས་ལྡན་དུ་མི་འདོད། སྔགས་ལུགས་ཀྱི་རླུང་ལྔའི་ནང་ནས་སྲོག་འཛིན་རླུང་ཙམ་ལ་སྲོག་ལ་འདོད་པ་ནི་ཅུང་ཟད་རག་པའི་སྐྱོན་མེད་འགྲོ སྲོག་དེ་རླུང་གི་དྭངས་མ་ཞིག་ཡིན་པར་འདོད་ན་ནི་དཔྱད་པར་འོས་པའི་གནས་སུ་མཐོང་།
བཀྲ་ཤིས་བདེ་ལེགས།
སྔགས་གཞུུང་ཁག་ནང་དུ་བླ་སྲོག་ཚེ་གསུུམ་མཆོད་མེ་ལ་དཔེར་མཛད་འདུུག་པ་འདི་ཁུངས་ལུུང་གང་ནས་ཡིན་ནམ སྔར་ཤེས་རིག་དཔར་ཁང་ནས་དཔར་བས་མདོ་སྔགས་ཚིག་མཛོད་རིས་མེད་མཁས་པའི་ཞལ་ལ༧ང་དུ་གསུུངས་འདུུག