ལོག་སྨྲ་ཚར་གཅོད།
རི་བོ་ཇོ་མོ་གླང་མའི་ཉེ་འདབས་སུ།།
འདུ་འཛི་ཅ་ཅོ་དབེན་པའི་ནགས་ཀླུང་ན།།
བདག་མེད་ཁྱི་ལྟར་ཉུལ་བའི་སྤྲང་འཁྱམས་ང་།།
གནས་མལ་བསོད་སྙོམས་ཆོག་ཤེས་བསྟེན་པར་ཤོག །
ཨ་སྒོར་ཡོ་སྒོར་ཡོང་འབབ་རྒྱང་དུ་བསྲིངས་།།
དཀར་ནག་རྒྱ་ཡི་སྒོར་མོ་རིང་དུ་དོར།།
ཡོང་སྒོ་གཏོང་སྒོ་མེད་པའི་རྣལ་འབྱོར་ངར།།
མཛའ་བཤེས་གཉེན་གྱིས་རེ་ཐག་ཆོད་པར་ཤོག །
ཚུ་རོལ་འཁོར་བའི་ཕུན་ཚོགས་རླུང་ལ་བསྐུར།།
སྙན་གྲགས་གཏམ་དང་ཟང་ཟིང་རྒྱབ་ཏུ་བསྐྱུར།།
གྲོགས་མེད་བསེ་རུ་ལྟ་བུ་བན་རྒན་ང་།།
མི་མེད་གནས་འདིར་ས་ཚུགས་ཟིན་པར་ཤོག །
ཆོས་ཀུན་སྒྱུ་མ་རྨི་ལམ་ལྟར་མཐོང་སྟེ།།
ནམ་ཞིག་བྱམས་དང་སྙིང་རྗེ་ལས་འཁྲུངས་པའི།།
འདུན་པ་གཉིས་ལྡན་བྱང་ཆུབ་སེམས་བསྐྱེད་ནས།།
ཕྱིན་དྲུག་སྤྱོད་པ་སྤྱི་ལ་ལོབས་པར་ཤོག །
དེ་ནས་རྡོ་རྗེ་སློབ་དཔོན་དབང་དུས་སུ།།
བླངས་པའི་དམ་སྡོམ་མིག་འབྲས་བཞིན་སྲུང་ནས།།
སྐྱེ་ཤི་བར་དོར་སྐུ་གསུམ་ལམ་ཁྱེར་འོག །
ཐ་མལ་སྣང་ཞེན་མེད་པ་ཡི་དམ་གྱི།།
དག་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་རྣམས།།
ང་རྒྱལ་གསལ་སྣང་ཇི་བཞིན་ལེགས་ཐོན་ཏེ།།
བསྐྱེད་རིམ་ཕྲ་རགས་ཏིང་འཛིན་རྫོགས་པར་ཤོག །
དེ་ནས་དབེན་པ་གསུམ་གྱི་རྫོགས་རིམ་དང་།།
ཕྱི་ཡི་ཕྱག་རྒྱ་ནང་གི་སྲོག་རྩོལ་མཐུས།།
སོར་སྡུད་བསམ་གཏན་ཡང་ཡང་སྒོམ་པ་ལས།།
རྩ་རླུང་ཐིག་ལེ་གནད་དུ་བསྣུན་པར་ཤོག །
སྨིག་རྒྱུ་དུ་བ་མེ་ཁྱེར་མར་མེའི་རྟགས།།
ཤར་ཏེ་བརྒྱད་ཅུའི་ཀུན་རྟོག་འགོག་པ་དང་།།
སྣང་བ་དཀར་ལམ་དམར་ལམ་ནག་ལམ་པའང་།།
ཤར་ཏེ་ཟླ་ཉི་སྨག་གསུམ་སྐྱོན་བྲལ་ཤོག །
སྣང་མཆེད་ཐོབ་གསུམ་ཡེ་ཤེས་སྐྱེས་པ་ན།།
རོ་རྐྱང་རླུང་རྣམས་ཨ་ཝ་དྷཱུ་ཏཱིར་འཚུབ།།
མི་ཤིགས་ཐིག་ལེར་ཞུགས་གནས་ཐིམ་གསུམ་གྱིས།།
ཡས་བབས་མས་བརྟན་དགའ་བཞི་སྟོང་གསུམ་གྱིས།།
ལྷན་སྐྱེས་བདེ་བས་སྟོང་ཆེན་འདྲེན་པར་ཤོག །
ལུས་ཀྱི་རླུང་ནི་ཡེ་ཤེས་མཐུ་ཡིས་བཟློག །
དབྱེ་དཀའི་རྩ་མདུད་རྡོ་རྗེའི་སྔགས་ཀྱིས་བཀྲོལ།།
འོད་གསལ་ཉི་མ་སྙིང་གི་དབུས་སུ་འཆར།།
སྐྱེ་འཆིའི་རྒུད་པ་བརྗོད་མེད་ངང་དུ་དྭངས།།
ཐབས་མཁས་ཕྱག་རྒྱ་སྔགས་དང་ཏིང་འཛིན་མཐུས།།
འོད་གསལ་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུ་དང་།།
བྱེ་བ་ཐེར་འབུམ་སྤྲུལ་སྐུའི་མཛད་པ་རྣམས།།
ཕྱོགས་བཅུར་ཁྱབ་པས་སྐྱེ་རྒུ་སྨིན་གྲོལ་ཤོག །
ཅེས་པ་འདི་ནི་བོད་ཟླ་༦ ཚེས་༤ ཉིན་དབེན་པའི་ཤིང་ནགས་སུ་བྲིས།།
ཆོས་དང་འཇིག་རྟེན་ཁ་ཁ་ཟེར་བ་ལ་ཞིབ་ཆ་གཅིག་དགོས་བསམ་ནས་ཡོད། ཁ་ཆེ་ཕ་ལུས། ཆོས་དང་འཇིག་རྟེན་ཁ་ཁ་སོ་སོ་རེད། ཞེས་དང་། ས་པཎ་ནས། རིགས་པས་དཔྱད་ན་ཆོས་ལུགས་མི་གལ་ཞིང་། དེ་འདྲའི་ཁ་གསལ་པོའི་མི་མཐུན་པ་གཉིས་ཀྱི་བར་ན་ཞིབ་ཆ་ངེས་པར་དགོས།
སྤྱིར་གཞན་ལ་འཚེ་བ་སྤངས་པ་དེ་ཆོས་ལ་ངོས་འཛིན་བྱས་པ་དང་། ཉོན་མོངས་སྤངས་པ་ཆོས་ལ་ངོས་འཛིན་པ། སྒྲིབ་པ་མཐའ་དག་སྤངས་པ་ཆོས་ལ་ངོས་འཛིན་པ་གསུམ་དང་། མི་ཚེའི་སྙིང་པོ་ལེན་སྟངས་ལའང། ཕྱི་མ་མངོན་མཐོ། ཐར་པ། ཐམས་ཅད་མཁྱེན་པ་ཐོག་པ་ལ་བརྩོན་པ་བཅས་གསུམ་འདུག
དེ་དག་ལས་ཕྱི་མ་གཉིས་ཐོབ་རྒྱུར་མོས་པ་ཡོད་པ་ཞིག་ལ་འཇིག་རྟེན་དང་མཐུན་ཐབས་མེད། དགེ་བཤེས་སྟོན་པས། འཇིག་རྟེན་པ་ཀུན་དང་མི་མཐུན་ན་ཆོས་ཡིན། མཐུན་ན་ཆོས་མིན། དགེ་བཤེས་སྤྱན་མངའ་བས། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ། འཇིག་རྟེན་པ་མཐའ་དག་དང་མི་མཐུན་པ་གཅིག་ལ་བསླབ་དགོས།
དང་པོ་དེ་འཇིག་རྟེན་ཡ་རབས་ལུགས་དང་ཤིན་ཏུ་མཐུན་པས་འཇིག་རྟེན་དང་ཁ་བྲལ་ཐབས་མེད། དེའི་ཆ་ནས་ཆོས་དང་འཇིག་རྟེན་མཐུན་པ། མ་ཟད་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཡང་འཇིག་རྟེན་པས་མི་ཚེའི་སླབ་བྱ་ནང་ཡ་རབས་བཟང་པོའི་ཆོས་ཀྱི་ཉམས་ལེན་ཚང་དགོས་པ་ལ་ཟེར་སྙམ། མི་དགེ་བཅུ་སྤོང་ཐུབ་ན་ཁྱེད་རང་མི་ཡ་རབས་ཞིག་ལོས་ཡིན། འདི་ནི་ཆོས་གང་ཞིག་དང་ཟུང་བྲེལ་བྱས་པས་ཡིན། འདིས་ཁྱེད་རང་འཇིག་རྟེན་པ་ཡག་པོ་ཞིག་ཆགས་པ་ལ་ནམ་ཡང་གནོད་མི་སྲིད།
དེ་གཉིས་ཀྱི་དབྱེ་བ་མེད་པར་ཆོས་ཡོངས་སུ་རྫོགས་པ་གཅིག་ལ་སྒྲིལ། འཇིག་རྟེན་ཡ་རབས་མ་རབས་ཚང་མ་གཅིག་ལ་སྒྲིལ་ནས་དེ་གཉིས་མཐུན་མི་མཐུན་ཕྱོགས་ལ་རྩོད་བཞིན་འདུག་ན། དེ་འདྲ་རྩོད་པ་བསྐལ་བའི་བར་དུ་ཞི་ཐབས་མེད།
ཚིགས་བཅད་འཇུག་རྣམས་སྔགས་ལམ་ཡིན་དུས་འཇིག་རྟེན་དང་མཐུན་མི་མཐུན་གཉིས་ཡོད། འདི་ནི་འདོད་ཆགས་ལམ་ནས་འདོད་ཆགས་སེལ་དགོས་པ་གསུངས་དུས། འདོད་ཆགས་་་་་
ལགས་སོ། ཕེབས་ནས་དགོངས་ཚུལ་གསུངས་པར་ཡག་བྱུང་།
དེ་ནས་དབེན་པ་གསུམ་གྱི་རྫོགས་རིམ་དང་།།
ཕྱི་ཡི་ཕྱག་རྒྱ་ནང་གི་སྲོག་རྩོལ་མཐུས།།
སོར་སྡུད་བསམ་གཏན་ཡང་ཡང་སྒོམ་པ་ལས།།
རྩ་རླུང་ཐིག་ལེ་གནད་དུ་བསྣུན་པར་ཤོག །
འདི་ང་ལ་ནི།
ད་ནས་དབེན་པ་གསུམ་གྱི་རྫོགས་རིམ་ཕྱིར། །
ཕྱི་ཡི་ཕྱག་རྒྱ་ཕྲག་བརྒྱས་སྲོག་རྩོལ་དང་། །
སོར་སྡུད་བསམ་གཏན་ཡང་ཡང་བསྒོམ་པའི་འཐུས། །
རྩ་་ཐིག་རླུང་གནད་གཏུམ་མོ་འབར་བར་ཤོག །
རི་བོ་ཇོ་མོ་གླང་མའི་ཉེ་འདབས་སུ། །
གནས་སྡོད་ལོག་སྨྲ་ཚར་གཅོད་ཟེར་བ་དེ། །
གཞན་གྱིས་བཤད་པའི་གཏམ་ལ་ཉན་པ་ན།
ཡུར་སྐོར་རིགས་ལ་ཁྱེད་ཀྱིས་སྐད་བསྒྱུར་བྱེད། །
ཨ་སྒོར་ཡོ་སྒོར་ཡོང་པོ་གསོག་སྒྲུབ་བྱས། །
དཀར་ནག་རྒྱ་ཡི་སྒོར་མོ་ཁྱེད་ཀྱིས་བསགས་
རི་འཛེགས་མང་པའི་ཡུལ་སྐོར་སྤྲོ་འཆམ་ཚོར། །
མགོ་སྐོར་བསླུ་བྲིད་བྱས་ནས་བསམ་དོན་འགྲུབ། །
སྤྲེལ་ལད་གཏམ་ལ་མཁས་པའི་ལོག་སྨྲ་ཡིས། །
སྙན་གྲགས་གཏམ་དང་ཟང་ཟིང་ང་རྒྱལ་ཆེ། །
གྲོགས་ལ་ཇུས་ངན་ལྐོག་ཏུ་གཤམ་མཁས་ཅན། །
མི་ཡི་སྐྱེ་བ་ཐོབ་པར་ཡི་རེ་སྐྱོ། །
ཆོས་དང་འཇིག་རྟེན་ཁ་ཁག་སོ་སོར་མེད། །
ཁ་ཁག་བཟོ་མཁན་རང་ཉིད་མི་མཁས་རྟགས། །
སྲིད་ལ་ཞེན་པ་ལོག་ནས་ནགས་སུ་འགྲིམས།།
ཆོས་ལ་ཞེ་ཁར་ལོག་ནས་ཁྲོམ་ལ་འཁྱམས།།
ཆོས་མིན་སྲིད་མིན་བན་རྒན་ང་འདྲ་བར།།
ལོག་མར་ཚར་གཅོད་ཁྱོད་ཀྱིས་མ་གནང་ཨ།།
ཆོས་དང་སྲིད་གཉིས་ཁ་ཁ་ཡིན་དུ་ཡིན།།
ཆོས་ནི་ཉོན་མོངས་དུག་གསུམ་གཉེན་པོ་ཡིན།།
སྲིད་ནི་ཉོན་མོངས་དུག་གསུམ་གྲོགས་སུ་འགྲོ།།
ཆོས་སྲིད་ཟུང་འབྲེལ་གླེང་བ་བླུན་རྟགས་ཡིན།།
སྔོན་ནས་ད་བར་ཆོས་སྲིད་ཟུང་འབྲེལ་གྱིས།།
ད་ལྟ་དུས་སུ་བོད་མི་ཉམ་ངར་གྱུར།།
རང་ས་འཁྲིག་འཛིན་འགའ་ཡིས་བྱས་ཚུལ་ལ།།
ཡིད་རང་བསྔགས་བརྗོད་བྱས་ནས་དེ་འདྲར་གྱུར།།
ལྷ་འདྲེ་མ་རྩོད་ཆོས་དད་རང་མོས་དང་།།
གཅིག་བསྒྱུར་མ་བྱས་དམངས་གཙོ་རང་དབང་དཔལ།།
ཐོབ་ཐང་འདྲ་མཉམ་ལྡན་པའི་གཞུང་ཞིག་ལས།།
ཆོས་སྲིད་ཟུང་འབྲེལ་གཞུང་ཞེས་གལ་འགངས་མེད།།
ལོག་སྨྲ་ཚར་གཅོད
༈ རིན་ཆེན་ལགས་གསུངས་པ་ལ་བསྟོད་དོ། ཡག་པོ་གསུངས་འདུག