བོན་རྒྱ་བསྟན་འཛིན་རབ་རྒྱས།
བོད་ཀྱིས་ཅི་བྱས་ལས་སུ་མ་སོང་བོད་འབངས་སྡུག་གི་རྒྱ་མཚོར་ལྷུང་ཞིང་། །
ཆོད་སེམས་ཆེ་བའི་དཔའ་བོ་རེ་རེས་གློ་སྙིང་བདེན་པའི་མེ་ལྕེར་བསྲེགས་ཤིང་། །
ཐ་ན་ཅང་མེད་བསྟན་རབ་པས་ཀྱང་ཚོར་བའི་ལོ་མ་སྡུག་གིས་སྦངས་དུས། །
ཡ་གླིང་དུས་ཀྱི་དུང་ཟླ་དཀར་པོ་རྨ་རྒྱལ་སྦོམ་རའི་ཕྲག་ནས་འཛུམ་བྱུང་། །
གསལ་བའི་རྣམ་རིག་བུད་ཤིང་བྱས་ཏེ་བདེན་པ་རྩོད་རྣམས་དགོངས་དག་མཛོད་ཅིག །
དུད་ཁྲོད་ཚལ་དུ་ཕྱིར་མིག་གཟིགས་པའི་རྣམ་ཤེས་ཚོགས་ལ་བཟོད་གསོལ་ཞུ་འོ། །
འབེལ་རྩོམ་རིགས་པའི་འགྲོས་ལ་སྡེབ་པའི་སྲིད་པའི་གླུ་ཆེན་ངག་ལ་བཀུགས་སྟེ། །
དེ་རིང་བདག་གི་ཀི་བསོའི་གླུ་སྒྲས་འཇིག་རྟེན་ཆེན་པོ་འུར་ལ་སྐུར་ངེས། །
སྐྱོ་བ་རླབས་རིས་དགུང་ལ་བརྩེགས་དུས་གླུ་ལེན་ལུགས་སྲོལ་བོད་ལ་མེད་ཀྱང་། །
དགེ་བའི་ཆུ་སྤྲིན་མཁའ་ལ་ལངས་དུས་གྲེ་འགྱུར་དབྱངས་ཀྱི་མཐོ་དམའ་འགྲན་པ། །
སྲིད་པའི་གངས་རྒན་ཆགས་ནས་བཟུང་སྟེ་གདོང་དམར་བོད་ཀྱི་སྲོལ་དུ་ལངས་ཕྱིར། །
དེ་རིང་བདག་གི་གྲེ་འགྱུར་ངག་ལ་སྲིད་པའི་གླུ་ཆེན་ལྷུན་གྱིས་གྲུབ་སོང་། །
ཨེ་མ་ལ་ཧོ་རྟ་མཆོག་འགྲོས་ཀྱིས་དེ་རིང་ཡ་གླིང་ཟིན་ཐོ་གཏོར་སོང་། །
ངོ་མཚར་ཆེ་བ་གཡག་རྒོད་ཞོལ་བོས་དེ་རིང་འབྲུག་བརྒྱའི་ལྡིར་སྒྲ་མནན་སོང་། །
སྨྲ་བསམ་དཀའ་བ་བོད་པའི་འཛུམ་གྱིས་དེ་རིང་གོ་ལའི་མིག་རྒྱ་བསྐྱེད་སོང་། །
ད་ནི་གནམ་ལ་ལན་གསུམ་མཆོང་ཡང་བདག་གི་མགོ་ན་ནམ་མཁའ་མི་འདུག །
ཁྲག་རྩའི་སྦུབས་ཀྱི་ཚོར་བའི་མེ་ལྕེ་དམར་ཆུང་སྙིང་ལ་བསྙབས་ཤིང་མཆེད་སོང་། །
རྐང་ལ་ཉལ་བའི་རིགས་ཀྱི་སྨུག་པ་གློ་བའི་གངས་རིར་རྡེག་ཅིང་ལངས་སོང་། །
ཁྲོམ་ཁྲོམ་འཐོར་བའི་རྔུལ་ཆུ་རེར་ཡང་ཆོལ་གསུམ་གསལ་བའི་རིགས་ཀྱི་བུ་མོ།
ཆང་དཀར་དམ་ཆུང་གང་གི་ཚུལ་གྱིས་དེ་རིང་བདག་གི་རྩ་ལ་སྦྲིད་སོང་། །
གངས་རི་དཀར་པོ་དྲན་ས་མ་རེད་ཁ་བའི་སྲས་མོ་གངས་ཀྱི་རི་རེད། །
འདོ་རིག་རྟ་ཕོ་དགོས་ས་མ་རེད་སྨན་ཤར་བུ་མོས་ས་ཆེན་བཅད་སོང་། །
ཕ་ས་ཕ་ཡུལ་སྨོན་འདུན་མི་འདུག་རིགས་ཀྱི་སྒྲོལ་མ་ཆོལ་ཁ་གསུམ་རེད། །
ཁྲི་ཤོར་རྒྱལ་མོའི་མཚོ་ཞགས་གཅིག་གིས་གླིང་ལྔའི་ཨ་ལོང་གོར་གྱིས་སྦྲེལ་སོང་། །
འབྲི་མོ་འཇོ་བའི་འབྲོག་མོ་ཞིག་གིས་ཡ་གླིང་ལོ་རྒྱུས་བསྐྱར་དུ་བྲིས་སོང་། །
རྒྱལ་ཁབ་མེད་པའི་མི་མོ་ཞིག་གིས་རྒྱ་མོ་ཀུན་པོ་རྡོག་སྒྲིལ་བཏང་སོང་། །
ཁ་བ་ཅན་གྱི་གྷོ་མ་རཱས་ཡས་ལོན་ཌོན་ངོ་མཚར་གླིང་ནས་མངོན་སོང་། །
སྨྲ་བསམ་དཀའ་བའི་རྨི་ལམ་འདི་ཀོ་བདག་གིས་བརྡ་སྤྲོད་གང་གིས་གླེང་དགོས། །
འགྲན་རྩོད་ཧམ་སྲེད་མངོན་དུ་མ་གྱུར་ཞི་བའི་འཛུམ་དཀར་ཞིག་པར་མ་གྱུར། །
བོད་ཀྱི་རིགས་རུས་བརྗེད་པར་མ་གྱུར་ཏང་སྲིད་སྒྲོག་པའི་མགྲིན་པར་མ་གྱུར། །
བོད་ཀྱི་མིང་གིས་ཡང་ཡང་བོས་པ་བརྗེད་མེད་སེམས་ཀྱི་དྲོད་ཐིགས་ཡིན་པས། །
ཁྲི་ཤོར་རྒྱལ་མོའི་རླབས་ཀྱི་ཕྲེང་བས་དེ་རིང་སྡུག་གི་མེ་ལྕེ་གཞིབ་སོང་། །
རྒྱ་དམར་གཞུང་གིས་རང་ལ་བསྟོད་པའི་རེ་སྒུག་སྟོང་བའི་འཇའ་ལ་གྱུར། །
འཛམ་གླིང་ཧྲིལ་བོ་ཡུད་ཀྱིས་སྒུལ་བའི་བོད་པའི་བུ་མོ་ཆོས་དབྱངས་འདིས། །
ཞི་བའི་འཛུམ་མདངས་ལྷུག་པར་གྲོལ་ཞིང་ཕྱག་གི་མཛུབ་ཟུང་སྒྲེང་བཞིན་དུ། །
རྒྱལ་ཁའི་སྣེ་མོར་བོད་ཅེས་་བོས་ཏེ་རང་གི་དུང་སེམས་མཚོན་པར་བྱས། །
བོད་པའི་མིང་བྱང་དགུང་དུ་ཁྱེར་ནས་འཛམ་གླིང་རྩེད་མོའི་འགྲན་ཚོགས་ཞུགས།།
ལོ་རྒྱུས་དེབ་ཐེར་འཛུམ་གྱིས་བསུས་ནས་བོད་ཡུལ་རྒྱལ་ཁམས་གཉིད་ལས་དཀྲོགས།།
ཁྲི་ཤོར་རྒྱལ་མོའི་མཚན་སྙན་མ་ཡིན་གངས་ཅན་བོད་པའི་གཟི་བརྗིད་ཡིན།།
དམར་པོའི་ཏང་གི་བསྟོད་གླུ་མ་ཡིན་བོད་པའི་བུ་མོའི་བསྟོད་གླུ་ཡིན།།
བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྐུ་ལུས་མེ་རུ་བསྲེགས་ནས་སྐུ་ངལ་བསྐྱོན་པ་དེ་ཐུགས་རྗེ་ཆེ། ཡིན་ན་ཡང་ཁ་སང་དེ་རིང་ཁྱེད་ཅག་ལས་ཆོས་དབྱངས་སྐྱིད་ལ་ངོ་མཚར་དུ་འཛིན་བཞིན་འདུག
ཁྱེད་ཅག་ལ་དོ་སྣང་སྤྲད་མཁན་མེད་པས། དགོངས་པ་མ་ཚོམས། ད་ལྟ་བར་ཏུ་བོད་ནང་གི་བོད་རིགས་སྤུན་ཟླ་༤༠ ལྷག་ཅིག་གིས་རང་ལུས་མེ་རུ་བསྒྲོན་པ་དེ་དག་ཚང་མ་གློག་བརྙན་དང་བླང་གིས་བཟོས་ནས། དང་བླང་གིས་འགྲེམས་སྤེལ་བྱེད་མཁན་སུ་ཡང་མེད་ཀྱང་། ཆོས་དབྱངས་སྐྱིད་ཁྱེད་ཅག་ལས་རྩ་ཆེར་བརྩིས་ཏེ་གློག་བརྙན་བཟོ་བ་དང་། ཛ་དྲག་གི་སྒོ་ནས་སྟོན་བཞིན་འདུག་པས། ཁྱེད་ཅག་ལས་ཆོས་དབྱིངས་རྩ་ཆེར་བརྩི་བཞིན་ཡོད་པར། ཁྱེད་ཅག་དགོངས་པ་མ་ཚོམས།
ཁྱེད་ཅག་གིས་རང་སྲོག་བློས་བཏང་བ་དང་བླང་གི་ཐོག་ནས་གློག་བརྙན་བཟོ་མཁན་དང་སྟོན་མཁན་མ་བྱུང་བར་མ་ཟད། དེ་ལས་ལྡོག་ནས། ཆོས་དབྱིངས་སྐྱིད་ཀྱི་ཨོ་ལིམ་པིག་འདུར་རྒྱུག་གི་རྩེད་མོ་གློག་བརྙན་བཟོ་བ་དང་སྟོན་པ་། ད་དུང་དེ་ལ་དོ་སྣང་བྱེད་མཁན་མང་པོ་བྱུང་བས། ཁྱེད་ཅག་དགོངས་པ་ཚོམ་ནའང་ཁག་མེད། ཁྱེད་ཅག་རང་ལུས་མེ་རུ་བསྒྲོན་མཁན་རྣམས་ལ་དོ་སྣང་བྱེད་མཁན་མི་འདུག་པས་། དངོས་གནས་དགོངས་མ་ཚོམས།
ངས་རང་ཅག་གི་ཁ་ཕྱོགས་ལ་གོ་བ་ལེན་ཐུབ་ཀྱི་མི་འདུག དེ་ནི་མང་གཙོའི་གོ་རྟོགས་མ་སད་པས་ཡིན་པ་འདྲ་བས། ཁྱེད་ཅག་དགོངས་པ་མ་ཚོམས། ངེད་ཅག་སད་པའི་ཉིན་མོ་ནས། ཁྱེད་ཅག་གི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང་བསྔགས་བརྗོད་ཡོད་ངེས། དགོངས་པ་མ་ཚོམས།
བྱམས་པ་ཕུན་ཚོགས་ཀྱིས་ལྷ་སའི་དམར་ཕྱོགས་ཀྱི་གོ་ས་མཐོན་པོ་རག་པར་ཡང་། ང་ཚོས་འདི་ནས་དགའ་བསུ་ཞུ་གྲབས་བྱེད་བཞིན་ཡོད་པས། རང་ལུས་མེ་རུ་ཕུལ་མཁན་ཚོ། དགོངས་པ་མ་ཚོམས། ང་ཚོ་འཛམ་གླིང་གི་རྩེད་མོའི་ནང་ཚུད་མེད་པ་ང་ཚོས་གོ་མེད་ལ། ང་ཚོ་འཛམ་གླིང་གི་མི་གྲལ་ན་མེད་པའི་གོ་རྟོགས་ད་དུང་སད་མེད་པས། ཁྱེད་ཅག་དགོངས་པ་ཚོམ་ནའང་ཁག་མེད།
སྤུན་ཟླ་ཁྱེད་རྣམས་ཀྱིས་ཉིན་བཞིན་རང་ལུས་མེ་རུ་བསྒྲོན་ནས་། ང་ཚོ་འཛམ་གླིང་གི་མི་གྲལ་དུ་ཚུད་ཐབས་བྱེད་བཞིན་ཡོད། ཡིན་ན་ཡང། ང་ཚོས་དོ་སྣང་གཞན་ཞིག་སྤྲད་ཡོད་པ་ཁྱེད་ཅག་གིས་གོ་སོང་ན། ཐུགས་དགོངས་པ་མ་ཚོམས། ཁྱེད་ཅག་ལ་དཀའ་ལས་དང་། དབུ་བརྒྱལ་ཆེ་བྱུང་། རང་ལུས་མེ་ལ་ཕུལ་མཁན་ཚོ། དགོངས་པ་མ་ཚོམས།
ཉེ་ཆར་ཁྱེད་གཉིས་ཀྱིས་རང་ལུས་མེ་རུ་ཕུལ་པ་ལ་དོ་སྣང་མ་བྱུང་བར་། བློ་ཕམ། རྒྱལ་སྤྱི་ཨོ་ལིམ་པིག་ལ་དོ་སྣང་བྱས་ནས། ཁྱེད་གཉིས་ལ་དོ་སྣང་ཆུང་དུ་སོང་བ་བློ་མ་བདེ། ཡིན་ན་ཡང། བྱེད་ཐབས་མི་འདུག། དགོངས་པ་མ་ཚོམས། དངོས་གནས། རང་ལུས་མེ་རུ་བསྒྲོན་མཁན་ཚོ། དགོངས་པ་མ་ཚོམས།
ང་ཅག་ཁ་ཕྱོགས་ནོར་བཞིན་ཡོད་པ་དེ། ཁྱེད་ཅག་ལ་དགོངས་དངས་ཞུ། ཞུས་པ་ཙམ་གྱིས་དག་ཐབས་མི་ཡོང་ལ། ཡིན་ན་ཡང་། ང་ཚོ་ལ་ད་དུང་གོ་རྟོགས་མེད་པས། ཁ་ཕྱོགས་འཆུག་གྲབས་འཆུག་གྲབ་བྱེད་བཞིན་འདུག་པས། དགོངས་པ་མ་ཚོམས། རང་ ལུས་མེ་ལ་ཕུལ་མཁན་ཚོ། དགོངས་པ་མ་ཚོམས།
དེ་རིང་ཁྱེད་ཅག་གི་དཔར་དང་། གསར་འགྱུར་སོགས། ངོ་དེབ་ཐོག་ཏུ་མི་ཤོང། དོ་སྣང་རྒྱ་ནག་གི་སྐུ་ཚབ་ལ་སྤྲད་ཡོད་པས་དེ་དག་མང་ཙམ་འགོད་བཞིན་ཡོད། ད་ཁྱེད་ཅག་གིས་འཚམས་འཇོག་རོགས། ཁྱེད་ཅག་ལ་དཀའ་ལས་ཁག་བྱུང། ངོ་མ་ཐུགས་རྗེ་ཆེ།
ད་དོ་སྣང་བྱེད་མཁན་མི་འདུག དགོངས་པ་མ་ཚོམས། བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་ན་ཡང་། ཆོས་དབྱངས་སྐྱིད་ཐེངས་གཉིས་ནས་གསུམ་བར་དུ་བཏང་འདུག་ཀྱང་། ཉེ་ཆར་ཁྱེད་གཉིས་ཀྱི་རང་ལུས་མེ་རུ་བསྒྲོན་པ་དེ་གསར་འགྱུར་དུ་ཕྱེད་ཙམ་ལས་མ་ཐོན་པར་། ཁྱེད་གཉིས་ལ་དགོངས་དངས་ཞུ། མི་ཁ་ཤས་ཀྱི་ངོ་དེབ་ཐོག་བཀོད་པ་ལྟར་ན། ཆོས་དབྱིངས་སྐྱིད་ཀྱི་ལྟད་མོ་ལ། མཚན་བསྐྱལ་རབས་བཤད་རྒྱུ་འདུག ཁྱེད་གཉིས་ཀྱི་ཆེད་དུ་མར་མེ་ཁྲོམ་སྐོར་སྐར་མ་བཅུའི་ཡུན་ཙམ་ལ་ཡང་མི་བཅུ་ཕྲག་ཙམ་ལས་འཛོམས་ཐུབ་མེད་པས། དགོངས་དག་ཞུ།
འཛམ་གླིང་གི་སྐྱིད་སྐྱིད་བྱས་ནས་བསྡད་ཡོད་སྐབས། ང་ཚོས་ང་ཚོ་སྡུག་སྡུག་གི་ནང་དུ་ལྷུང་ཡོད་པ་མ་ཤེས་པས། རང་ལུས་མེ་རུ་བསྒྲོན་མཁན་ཚོ། དགོངས་པ་མ་ཚོམས། རང་ལུས་མེར་བསྲེགས་མང་ཤོས་བོད་ནང་ཡིན་ཡང། ངེད་ཅག་གི་དེ་ལ་དོ་སྣང་མ་བྱུང་བར། ཨར་རྒྱ་གཉིས་ཀྱི་གསེར་གྱི་རྟགས་མ་མང་ཉུང་གི་ཐོབ་ཤོར་ལ་དོ་སྣང་སྤྲད་ཡོད་པས། དགོངས་པ་མ་ཚོམས།
ཁྱེད་ཅག་བཞུད་ཟིན་པའི་རྗེས། ངེད་ཅག་གིས་གོ་རྟོགས་མ་སད་ནས། རྒྱ་མིའི་དར་ཁུར་ནས། ཡར་རྒྱུག་མར་རྒྱུག་མང་པོ་བྱས་པ་ཡིན། ང་ཅག་ལ་ཁ་ཕྱོགས་མེད་པས། ཁྱེད་ཅག་ལ་དགོངས་དག་ཞུ། ད་དུང་ང་ཚོས་ཁ་ཕྱོགས་མེད་པའི་ལས་ཀ་མང་པོ་ཞིག་བྱས་ཡོང་ན། དགོངས་དག་ཞུ།
ད་དུང་ཁྱེད་ཅག་གི་དཀའ་ངལ་གདོང་ལེན་གྱིས་རང་ལུས་མེ་རུ་སྦར་བ་དེ། འཚེ་བ་ཡིན་པའི་འགྲེལ་བཤད་ཀྱང་ང་ཚོ་ནང་ཁུལ་ནས་རབས་དང་རིམ་པ་མང་པོ་བྱས་ཡོད་པས། ད་ང་ཚོ་སྨྱོས་ཚར་སོང་བས། ད་དངོས་གནས་དགོངས་དག་ཞུ། ད་ང་ཚོ་ལ་གོ་རྟོགས་མེད་ཅིང་སྨྱོ་བཞིན་པ་དང་། རྒྱ་ནག་གི་སྒོར་མོའི་བསླུ་བྲིད་ཀྱིས་བཟི་བཞིན་པ་དང་། ནང་ཁུལ་ལ་ཁ་ཕོ་རིས་ཀྱིས་གཅིག་བཟི་ནས་ཡོད་པས། ང་ཚོ་ལ་གོ་རྟོགས་མེད་པ་དེ་ལ། དགོངས་དག་ཞུ།
སྤུན་ཟླ་ཚོ། མ་འཆུག། འཆུག་མ་འགྲོ། ཁྱེད་ཅག་ས་འདིར་ཅི་ལ་ཡོང་བ་ཡིན་། ངས་མ་ཤེས།
རྒྱ་དམར་དྲག་རྩུབ་འོག་ནས་རང་ལུས་མེ་སྲེག་གི་ལས་འགུལ་འདིའི་གཟི་བརྗིད་ཉིན་རེར་བཞིན་བཙན་བྱོལ་བའི་ནང་དུ་ཡལ་གྱིན་པའི་རྣམ་པ་འདུག མགོ་བཀའ་ཁྲི་ནས་འོག་་བཀའ་ཁྲིའི་རླུང་འཁོར་ཁ་ལོག་བའི་བར་ལྟོས་དང་་་་་་
བོན་རྒྱ་དང་འཇམ་གཅེས་གཉིས་ཀ་ངོ་མ་བཀྲིན་ཆེ་ཤ་གསེང་རིས་གསེང་ནས་མཆེད་པའི་དུང་ཞེན་དང་གློ་རྙིང་བྲང་གསུམ་ནས་འཕྱུར་བའི་སྐྱོ་གདུང་དག་དབྱངས་ཅན་ངག་གི་རྒྱུད་མང་ལ་དྲངས་བ་ཧ་ཅང་ཡིད་ལ་སོང་།
ངོ་མ་་་་་་་་ཁྱེད་ཅག་གི་དལ་འབྱོར་མི་ལུས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཕུལ་བ་ནི་ཧ་ཅང་རྗེས་སུ་བསྟོད་པའི་ལ་རྑྱ་ངང་ཆུའི་བརྩེུ་སེམས་ངོ་མ་ལགས་་་་འོན་ཀྱང་་་་་་དྲག་པོའི་སྲིད་གཞུང་ལ་འགྱུུར་བ་གཏོང་ཐུབ་པའི་དིང་ཙོད་ག་ལ་བསམ་མ་ཟད་བོད་པ་མི་འབོར་ཉུང་བས་གལ་སྲིད་ཚང་མས་རང་ལུས་མེ་སྲེགས་ཀྱི་ལས་ལ་ཞུགས་ན་རྗེས་སོང་མི་རིགས་ཀྱི་ཐབས་རྩོད་དང་རིག་གཞུང་སྲུང་སྐྱོབས་སུ་ཡིས་བྱེུད་དམ་་་་་་་་་་་་བྱས་གཙང་བྱ་མ་ཀྲོག་པར་སྒོ་ང་ལེན་པའི་ཐབས་ལ་འབད་པ་གལ་ཆེ་བར་མཐོང་་་་་་་་་ངས་དྲང་པོར་བརྗོད་ན་ང་ཚོར་ད་དུང་ཚེ་མེད་ཞི་བའི་ལྟ་བ་དང་རྒྱལ་སྤྱིའི་ཆབ་དཔལ་ལ་གོ་བ་མེད་པའི་རྣམ་པ་མང་དུ་མཐོང་གི་འདུག་་་་་་དེར་བརྟེན་་་་་་་ཚང་མས་བསམ་བློ་ངེས་ཅན་ཞིག་བཏང་ནས་བློ་ཐག་བཅད་ནས་རྒྱལ་ཁབ་དང་མི་རིགས་དོན་དུ་ལེགས་སྐྱེས་ཕུལ་རོགས་་་་་་་་ཐུགས་རྗེ་གཟིགས་་་་་་ང་ས་ཡ་༦་གི་སེམས་པའི་ནང་ལ་ད་དུང་སྐྱོ་དགོས་པ་ནི་ཁྱེད་ཚོའེི་མི་ལུས་བེད་མེད་ལ་སོང་བའི་ཉེན་ཁ་འདི་རེད་ལ་དྭ་ཕྲུག་དུ་ལུས་པའི་ཕྲུ་གུ་དག་གི་ངུ་ངག་གོ་བ་དེ་རེད་་་་་་་་བསམ་བློ་གསར་པ་ཞིག་དང་ཐབས་ལམ་གསར་པ་ཞིག་འཚོལ་བའི་རེ་བ་ཞུ་་༑
དྲ་གྲོགས་ས་ཡ༦་་་་་གཅེས་པའི་སྲོག་དང་ཕངས་པའི་བུ་བསགས་པའི་ནོར་དང་བཅས་པ་བློས་བཏང་གི་བྱ་བཞག་འདིས་་་་་་བདེན་པ་རི་སྟོན་བྱས་ནས་འཛམ་གླིང་གོ་ལའི་ཕང་བ་ནས་གཡུ་འབྲུག་བཞིན་ལྷང་ལྷང་གྲགས་བཞིན་པ་འདི་བོད་གངས་ཅན་པའི་བདེན་དོན་གསལ་ཐེངས་ངེ་ར་སྤྲོད་བྱས་ཡོད་པས་བེད་མེད་དུ་ག་ལ་འགྱུར་་་་ངའི་རང་ལ་ལན་ལྡོན་མིན་ཡང་ཟེར་ལོ་དང་ཐོས་ལོ་ཙམ་གྱི་མང་པོ་ཞིག་ལ་གནོད་སྐྱོན་འབྱུང་སྲིད་པས་རང་གི་ཡུལ་དུ་མ་གྱུར་ཚེ་ཡིན་པ་ལས་ལོག་པ་མིན་ལ་མ་ཡིན་པ་ལས་ལོག་པ་དེ་བས་མིན་་་་དེ་ལྟ་བུའི་ཟེར་སྒྲོས་ལ་དོ་སྣང་བྱེད་པའི་རེ་སྐུལ་ཡོད་པར་མ་ཟད་བློ་ཕམ་མ་བཅུག་རོགས།
སྐབས་བབ་ཀྱི་གསར་འགྱུར་གང་ཡིན་ཡང་ཐད་གར་མགྱོགས་མྱུར་དང་ཚ་ཚ་འུར་འུར་གང་ཐུབ་དགོས་རྒྱུ་གསར་འགོད་པའི་ལས་འགན་ཡིན་པས་ཐུགས་གནང་ཞེ་དྲགས་དགོས་པའི་རེ་སྐུལ་ཞུ་ཞུ།
ཆོས་དབྱིངས་སྐྱིད་གི་ཆེད་དུ་གློག་བརྙན་བཟོས་བ་དང་ཁོ་མོ་བསྟོད་པ་འབུལ་བ་དེ་སྐྱོན་ཞིག་གཏན་ནས་མ་རེད་བསམ་གི། སྤྱིར་ང་ཚོས་བོད་མི་ས་ཡ་དྲུག་གི་ལས་དབང་འམ་བསོད་ནམས་གི་དབང་གིས་བོད་ནང་གི་བོད་མི་དག་གིས་ལུས་སེམས་གཉིས་ལ་མནར་གཅོད་དང་སྡུག་སྦྱོར་ཚད་བྱེད་ཀྱིན་པའི་ཛ་དྲག་གི་དུས་འདི་འདྲ་ཞིག་དང་ལྷག་པར་དུ་བོད་བསྟན་པ་ཆབ་སྲིད་གིས་དོན་དུ་རང་ལུས་མེ་རུ་སྒྲོན་མཁན་གིས་དཔའ་བོ་དཔལ་མོ་དག་གི་ཆེད་དུ་གང་ཟག་སྒེར་སོ་སོ་ནས་མགོ་བརྩམས་ནས་ལས་དོན་འདྲ་མིན་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་མོ་ཡིན་ཡང་།
འོན་ཀྱང་ཆོས་དབྱིངས་སྐྱིད་ལ་མཚོན་ནས་བཤད་ན་ཡང་ཁོ་མོས་ད་ཐེངས་བོད་མི་ཞིག་གི་ཚབ་བྱས་ཏེ་ཨོ་ལན་ཕེ་ཁུ་རྩལ་འགྲན་དུ་ཞུགས་ཐུབ་པ་མ་ཟད་ཟངས་ཀྱི་རྟགས་མའི་བྱ་དགའ་ཐོབ་པ་དེ་ཡང་གངས་ཅན་པའི་ལོ་རྒྱུས་ནང་དུ་ཟིན་ཐོ་གསར་བ་ཞིག་བྲིས་སོང་བ་ཡིན་པས་ཁོ་མོ་ལ་ང་ཚོས་ངེས་ཐད་ནས་རྒྱབ་སྐྱོར་དང་དགའ་མོས་བྱེད་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོ་དང་གནད་འགག་ཞིག་ཏུ་མཐོང་སོང་།
དེའི་རྐྱེན་ཀྱིས་ཁོ་མོ་ལ་རྒྱབ་སྐྱོར་བྱེད་དགོས་པ་ནི་ཁ ཚ་དགོས་གཏུགས་གི་ལས་དོན་གལ་ཆེན་ཞིག་ཏུ་འདོད།
གོང་དུ་འཇམ་ཅེས་ཀྱིས་གསུངས་པར་མོས་མཐུན་ཡོད།
དེང་སང་ཀླད་གསར་ཚོས་བྱེད་ཕྱོགས་ཚང་མ་དེ་འདྲ་རེད།
འཇིག་རྟེན་མཐུན་འཇུག་གི་ཁ་ཕྱོགས་དང་སྲིད་པ་འཁོར་ཕྱོགས་ཀྱི་རིང་ལུགས་ནས་བཤད་ན།
གང་དགྲ་ལ་དགའ་བའི་ལས་ཤིག་བྱས་ན་གཉེན་ལ་སྡུག་པའི་ལས་ཤིག་བྱས་པའི་ཁྱབ། དཔེར་ན་གཞི་མོ་ཆོས་དབྱིངས་སྐྱིད་བཞིན། རང་གི་འཇོན་ཐང་དགྲ་ཕྱོགས་ནས་ངོམས་པ་དེ་ཡང་དགའ་དགའ་གཉེན་སྡུག་གི་ལས་ཤིག་ཡིན་ནོ། རྡ་ས་དང་པེ་ཅིང་གཉིས་ཀས་དགའ་བསུ་ཐོབ་པའི་བོད་པ་གསུམ།
༡) ང་ཕོད། ༢) འབའ་པ་ཕུན་ཚོགས་དབང་རྒྱལ། ༣) ཆོས་དབྱིངས་སྐྱིད།
ཁོང་རྣམ་པ་གསུམ་ནི་ངོ་མ་བོད་ཀྱི་འཇོན་པོ་རྣམ་གསུམ་རེད།
ང་ཚོ་མཐའ་གཅིག་ཏུ་རྒྱལ་བའི་ཕྱོགས་སུ་ལངས་ནས་གུང་ཁྲན་གྱི་དགྲ་བོར་གྱུར།
ར་སྡིག་སོགས་བོད་མི་མང་པོས་གུང་ཁྲན་གྱི་ཕྱོགས་སུ་ལངས་ནས་ང་ཚོའི་དགྲ་བོར་གྱུར།
བོད་མི་མང་ཆེ་བས་རྒྱ་དམར་གྱིས་འདོད་ཕྱོགས་དང་མི་མཐུན་པའི་ལས་འགུལ་གྱིས་ངོ་རྒོལ་བྱས་ཏེ་སྐུ་སྲོག་གྲངས་མེད་དོར་དགོས་བྱུང་། འགའ་ཞིག་གིས་གུང་ཁྲན་གྱི་འདོད་དོད་སྒྲུབ་པ་ལའང་བོད་མི་རྣམས་ཀྱི་དགའ་བསུ་བྱས་པ་དེ་ནི་ཆེས་ཡ་མཚན་གྱི་གནས་ཤིག་ཏུ་གྱུར་པ་རེད་ལ། མགོ་གཉིས་མགོ་བདེ་རིགས་ལ་རྒྱལ་ཁ་ཐོབ་པའི་དུས་ཤིག་ལ་སླེབས་ཟིན་ཏོ། ད་ནི་ངོ་མ་བོད་མི་རྣམས་ཀྱིས་འབུང་འགྱུར་གང་གི་ཕྱོགས་ནས་དང་ཅི་ཞིག་བྱེད་དགོས་མི་ཤེས་པ་མགོ་ཐོམ་གཞི་ཆེན་པོ་ཞིག་བཟོ་མཁན་ནི་ཕུགས་དོན་དང་རྩ་དོན་གྱི་ལ་རྒྱའི་གནས་ལ་རྨོངས་པའི་བོད་མི་ཀླད་གསར་ཅན་ཚོ་ཁོ་ན་རེད།
དར་དམར་འོག་ལ་ལས་པ་མཚུངས་ཡང་། ང་ཕོད་དང་འབའ་པ་ཕུན་ཚོགས་དབང་རྒྱལ་ཆབ་སྲིད་པ་ཡིན་པ་དང་། ཆོས་དབྱིངས་སྐྱིད་ལགས་ལུས་རྩལ་པ་ཡིན་པ་གཉིས་ཁྱད་པར་ཆེན་པོ་ཡོད། ད་དུང་དུས་དང་ཀུན་སློང་མང་པོ་ཁྱད་པར་ཆེན་པོ་ཡོད་རེད་སྙམ་ལགས།
གངས་ཅན་བོད་ཀྱི་སྒྲ་དང་རིག་གཞུང་གཡག་དང་འབྲི་མོ་ལེགས་པར་བཀུགས་ཏེ།
བོད་ཀྱི་རིག་གཞུང་དོན་གཉེར་ཡོད་པའི་མི་རབས་རྗེས་མར་ལེགས་པར་གཏོད་ཅིང་།
སོ་སོའི་ཁ་སྐད་ཝ་མོ་བརྡ་དག་རྩིད་ཐག་གིས་སྒྲོག་ལ་རྒྱང་དུ་སྐྱོལ།
བོད་སྤྱིའི་སྐད་ཀྱི་རླབས་འཕྲེང་གཡོ་བས་ངར་སྒྲ་གངས་ལྗོངས་སུ་སྒྲོགས་པར་བརྩོན།།
བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ལགས་སུ་ཟངས་ཀྱི་རྟགས་མ་ཐོབ་པར་རྟེན་འབྲེལ་ཞུ།
བུ་མོ་ཆོས་དབྱིངས་སྐྱིད་ནས་ཁྱོ་ག་ཡག་པོ་ཞིག་རག་པ་མ་ཟད་་་་་བུ་མོ་ཆུང་ཆུང་ཞིག་སྐྱེས་ནས་དེ་ཡང་ཨོ་ལི་པི་བང་རྩལ་འགྲན་བསྡུར་ནང་ཚུད་པར་ཤོག །
ལོག་སྨྲ་ཚར་གཅོད་ལགས། ལོག་སྨྲ་ཚར་གཅོད་རང་ཆོས་ཅན། ཁྱོད་སྒོར་མོ་ལ་དགའ་མི་ཆོག་པར་ཐལ།
ཝུ་ཅེ་ཐའོ་དང་ཁྲེན་ཆེན་གོ་སྒོར་མོ་ལ་དགའ་བའི་ཕྱིར། ཁྱབ་སྟེ། ཁྱོད་དང་ཝུ་ཅེ་ཐའོ་དགྲ་ཡིན་པའི་ཕྱིར།
གཞན་ཡང་ཤེས་བྱ་ཆོས་ཅན། དགྲ་གཉེན་གཉིས་ལ་དགའ་ས་་ཐུན་མོང་བ་ཞིག་མེད་པར་ཐལ། འདོད་པའི་
ཕྱིར། འདོད་ན། བདེ་བ་ཆོས་ཅན། དགྲ་གཉེན་གཉིས་ཀའི་དགའ་ས་མ་་ཡིན་པར་ཐལ། ཁྱོད་ཀྱི་ཁས་ལེན་དེའི་ཕྱིར། གཞན་ཡང་དགྲ་གཉེན་གྱི་བར་མ་ལ་གནས་པའི་མིས་དེ་གཉིས་ཀ་ལ་མི་གནོད་པའི་ཐོག་ནས་རང་
ཉིད་ཡར་རྒྱས་སོང་བ་ལ་དགྲ་གཉེན་ག་ཉིས་ཀ་དགའ་ཆོག་པའི་ཕྱིར་ཏེ། དཔེར་ན་བལ་ཡུལ་དང་འབྲུག་པ་
ལྟ་བུ་ཡར་རྒྱས་སོང་ལ་རྒྱ་གཞུང་ཡང་མི་དགའ་དགོས་པ་མེད་ཅིང་་། རྒྱ་གཞུང་གི་ཁ་གཏད་དུ་ལང་བའི་རྒྱ་གར་དང་ཨ་རི་ལྟ་བུ་མ་དགའ་དགོས་པར་མེད་པར་གཉིས་ཀ་དགའ་ཆོག་པ་བཞིན་ནོ། །འཇིག་རྟེན་མི་ཤེས་
བཞིན་དུ་གྲྭ་ལྡོམ་སྤྲང་ལ་ཁད་པ་ཞིག་གིས་སྲིད་པ་འཁོར་ཕྱོགས་དང་འཇིག་རྟེན་མཐུན་འཇུག་གི་སྐད་ཆ་བཤད་པ་ནི་མི་རྣམས་བཞད་གད་སློང་བའི་གནས་ཡིན་པས། དེ་བས་སྡར་སྦྱངས་པའི་དཔེ་ཆ་ལ་བལྟས་ནས་
ཨ་ཁུ་ཁམས་པ་རི་ཁྲོད་ལ་བཞུགས་ན་མི་མཛེས་སམ།
འདྲེ་ནག་མགོ་དགུ་ལགས། ཪིགས་པའི་དབང་ཕྱུག་གི་ཚད་མའི་བསྟན་བཅོས་ལ་ལེགས་པར་སྦྱངས་ཏེ་རིགས་པ་གནད་ལ་འགྲོ་སྟངས་ཤེས་པར་བྱོས། དེ་ནས་སྒྲ་གཞུང་རིག་པའི་གཞུང་ལུགས་དང་མཐུན་པའི་བྱ་བྱེད་ལས་གསུམ་གྱི་ངོ་བོ་ངོས་ཤེས་སོང་ན་གཞི་ནས་གུས་པ་དང་མཉམ་དུ་བགྲོ་གླེང་གནང་ཁ་ཕེབས་ན་བཟང་།
ཧ་ཧ་ཧ་ཧ་ཧ་ཧ་ལོག་སྨྲ་ཚར་གཅོད་ལགས། སྒྲ་གཞུང་ཡིན་ལ་རིག་པའི་གཞུང་ལུགས་མ་ཡིན་པ་ཞིག་ཡོད་རེད་དམ། ཡོད་ན་ཞོག་དང་། རིགས་པའི་གཞུང་ལུགས་ཀྱི་དག་ཆ་ཙམ་ཡང་རྨོངས་འདུག་ན། ལོག་སྨྲ་ཚར་ཇི་ལྟར་གཅོད་ལགས། ཨ་ཁུ་ཁམས་པ་ཚང་ལ་དགོས་པའི་ཡོན་ཏན་བརྗེད་མི་དགོས་པའི་ཧམ་པ་ཞིག་རྙེད་པ་
མ་རེད་དམ། ཨ་ལེ་སྐུ་རྩེད་ཞུས་པ་ཡིན་ད། ཐུགས་རྒྱལ་མ་བཞེངས་རོགས།
རང་གི་གྲོགས་ཀྱི་སྐྱེས་མེད་འཕྲོག་པའི་ཐ་ཤད་བོན་རྒྱ་བའི་གཏམ་ངན་ལ་ཉན་རིན་ཡོད་མ་རེད