རེབ་ཐོག་མདའ།
སྦྲང་དཀར་རྩམ་པ་ཡིས་གསོས་པའི།།
གཡང་དཀར་ལུག་ཁྱུ་ཡི་རྫི་བོ།།
སྦྲ་ནག་གྲུ་བཞི་ཡི་བདག་མོ།།
བོད་མོ་ཆོས་དབྱིངས་ནི་སྒྲོལ་མ།།
གངས་རིའི་ལས་དབང་དེ་འཁུར་ནས།།
འཛམ་གླིང་རྩལ་འགྲན་དུ་ཆས་སོང་།།
འདུར་རྒྱུགས་འགྲན་བསྡུར་དེའི་ཁྲོད་ནས།།
ལོ་རྒྱུས་རི་མོ་ཞིག་བྲིས་སོང་།།
རི་གྲོང་ཆུང་ཆུང་གི་འབྲོག་མོ།།
བོད་པའི་རྒྱན་ཆ་རུ་གྱུར་དུས།།
རྒྱང་རིང་ས་མཐའ་ཡི་བོད་པ།།
ཡིད་སེམས་སྤྲོ་བ་ཡིས་ཁེངས་སོང་།།
རྒྱལ་སྤྱིའི་རྩལ་འགྲན་གྱི་ཁྲོད་ན།།
བོད་པའི་འཛུམ་མདངས་ཀྱིས་འཁྲུངས་པའི།།
ཨ་མདོ་བུ་མོ་ཡི་སྤོབས་པས།།
རྒྱ་མོའི་རྨི་ལམ་དེ་དཀྲོགས་སོང་།།
རྒྱལ་དར་དམར་པོ་དེ་བསྒྲེངས་ནས།།
ཟངས་་ཀྱི་རྟགས་མ་དེ་བཞེས་དུས།།
སེམས་པ་དྭངས་མོ་དེའི་གསེང་ལ།།
གཟུགས་མེད་ན་ཟུག་གི་ཨེ་གཟིར།།
དམར་པོའི་རྒྱལ་གླུ་དེའི་ཀློང་ནས།།
སྐར་ལྔའི་དར་དམར་དེ་འདྲེན་དུས།།
གངས་སེང་རྒྱལ་དར་དེ་དྲན་བཞིན།།
མིག་ཟུང་མཆི་མ་ཡིས་ཨེ་ཁེངས།།
བོད་པའི་རྒྱལ་དར་དེ་མཐོང་ཞིང་།།
བོད་སྐད་གཙང་མ་དེ་ཐོས་དུས།།
གོམ་པ་འདེགས་འཇོག་གི་བར་ནས།།
སྣང་བ་སྐྱིད་པ་རེ་ཨེ་བྱུང་།།
ཁ་ལྕེ་རྒྱ་དམར་གྱིས་བསྡམ་ཡང་།།
ལུས་ལ་གནོན་ཤུགས་ཀྱིས་མནན་ཡང་།
ཁ་བ་གངས་ཅན་གྱི་བུ་མོ།།
ལ་རྒྱའི་འཛུམ་ཆུང་དེ་ཡག་པ།།
བོད་པའི་བུ་མོ་ཡི་རྒྱན་ཆ།།
ཁ་བ་རི་བ་ཡི་མིག་དཔེ།།
ལོ་རྒྱུས་གླེགས་བམ་གྱི་ནང་དུ།།
ཁྱོད་ཀྱི་མིང་ཐོ་དེ་འགོད་འོས།།
སེམས་པ་དྲོན་པོ་དེ་འཁུར་ནས།།
ཕ་ཡུལ་གངས་ལྗོངས་ལ་ཕེབས་དང་།།
རིགས་མཐུན་སྤུན་ཟླ་ཡི་ཚོགས་ཀྱིས།།
ལག་ཟུང་ཁ་བཏགས་ཀྱིས་སྒུག་ཡོད།།
ཆོས་དུང་དཀར་པོ་དེ་སྒྲོགས་སར།།
ཆོས་དབྱིངས་ཟབ་མོ་དེ་གྲག་སར།།
སྐྱིད་པའི་འཛུམ་ཆུང་ངང་ཕེབས་དང་།།
བོད་པའི་མིག་ཟུང་དེ་འཁོར་ཡོད།།
སྙན་མོ་བྱུང་་་བཀའ་དྲིན་ཆེ།
ཆོས་དབྱིངས་སྐྱིད་ཀྱིས།
ལོ་བཞི་རྗེས་འབར་ཛིལ་རྒྱལ་སྤྱིའི་རྩེད་འགྲན་རྩེ་དུས་དངུལ་གྱི་རྟགས་མ་ལེན་ཐུབ་པ་དང་དུས་མཚུངས། ༸གོང་ས་མཆོག་བོད་ནང་ཐེངས་གཅིག་བོད་ནང་ཕེབས་ཟིན་པ་དང་། ༢༠༢༠སྐབས་ཀྱི་རྒྱལ་སྤྱིའི་རྩེད་འགྲན་སྐབས་ལ་གསེར་གྱི་རྟགས་མ་ཐོན་ཐུབ་པའི་སྔོན་ལ་རྒྱ་བོད་ཞི་འགྲིགས་ཆ་ཚང་ཡོང་བར་རྒྱ་བོད་མི་དམངས་གིས་ཀའི་ཕྱོགས་ནས་དཀའ་ལས་རྒྱབ་དགོས་རེད། ཧ་ཧ་འདི་འདྲ་ཡོང་མི་སྲིད་པ་ཡིན་ནམ། མི་སྲིད་ག་ལ་ཡིན། ཡོང་སྲིད་རེད་དོ། །
དཔེ་ཡག་པོ་འདུག བཀའ་དྲིན་ཆེ།