གསེར་ས་ལེ་སྦྲམ།
འདས་པའི་ལོ་ངོ་བརྒྱ་ཕྲག་མང་བོའི་རིང་ཆོས་ལུགས་འཐེན་འཁྱེར་དང་ཕྱོགས་རིས་ཆགས་སྡང་གིས་བོད་འདི་རྒུད་པའི་མཐའ་ལ་གཏུགས་པ་རེད། རྗེ་བཙན་པོ་རིམ་བྱོན་གྱི་སྐུ་རིང་ལ་སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་ཞེས་མཐའ་བཞིའི་རྒྱལ་ཕྲན་ཁག་ལ་མིང་ཙམ་གྱིས་ཀྱང་སྙིང་ལ་འཇིགས་སྣང་སྟེར་ནུས་པའི་གཟི་བརྗིད་ཀྱི་ཆེ་མཐོང་དེ་ཡང་རིམ་གྱིས་མིང་གི་ལྷག་མ་ཙམ་དུ་གྱུར། སྔོན་བྱོན་མེས་པོ་བཀའ་དྲིན་ཅན་དག་གིས་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་བསད་སྒོས་ཤིན་ཏུ་རྒྱ་བསྐྱེད་གནང་བའི་འཛམ་གླིང་གསུམ་གཉིས་ས་ཡི་དཀྱིལ་འཁོར་རམ། ཆེན་པོ་བོད་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་ཡོངས་རྫོགས་ཀྱང་རིམ་པས་ཕྱོགས་བཞིའི་རྒྱལ་ཕྲན་དུ་མས་ཡང་ཡང་བཙན་འཛུལ་བྱས་ཤིང་། མཐར་རང་ས་ལག་མཐིལ་ཙམ་ཡང་མ་ལུས་པར་གཞན་ལག་ཏུ་ཤོར་བའི་ཆེས་ཡ་ང་བའི་ད་ལྟའི་གནས་སྟངས་སྡུག་པོ་འདི་འདྲ་ཞིག་བྱུང་བ་རེད།
ང་ཚོས་འདས་པའི་ཉམས་མྱོང་གཞི་ལ་བཞག་ནས་མཉམ་རུབ་དང་ཆིག་སྒྲིལ་གྱིས་བདེན་མཐའ་སེལ་ཐབས་ལ་ཤུགས་སྣོན་རྒྱག་ནི་ད་ལྟའི་འོས་འགན་དང་བོ་ཡིན། ང་ཚོ་མི་ཡུལ་ནས་མི་ཡུལ་ཉུལ་ཏེ་གཞན་དབང་སྟབས་བསྟུན་གྱི་འཚོ་བ་སྐྱོ་བོ་ཞིག་མྱངས་དགོས་བྱུང་བ་འདི་ཡང་དོན་དངོས་སུ་འོ་སྐོལ་གྱི་མི་རབས་འདིས་མ་འཇོན་པ་དང་མ་ནུས་པ། སྡར་མ་ཡིན་པའི་རྟགས་མཚན་མིག་མདུན་དུ་ལྷུང་བ་གསལ་བོ་རེད།
ང་ཚོས་ད་དུང་ཡང་ཆོས་ལུགས་བྱེ་བྲག་པ་རེའི་ཞེན་འཁོན་ཁོག་ལ་བཅིངས་ནས་བོད་སྤྱིའི་ལས་དོན་འཐུས་ཤོར་དུ་གཏོང་བ་ནི་རྩ་བ་བོར་ནས་ཡལ་གར་འཇུས་པ་དང་གཅིག་མཚུངས་ཡིན་པས། ད་སྐབས་ཀྱི་དུས་འདི་ལ་བོད་སྤྱིའི་ཕན་བདེ་དང་། བོད་སྤྱིའི་བདེ་སྡུག་ལ་ཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གལ་ཆེན་ཞིག་ཡིན། བོད་མི་གནད་ཡོད་འགའ་ཤས་ཤིག་བཙན་བྱོལ་གཞུང་དང་བོད་མིའི་ཆབ་སྲིད་ལས་དོན་ཁག་དང་རྒྱང་ཐག་རིང་བོར་གནས་ཏེ། བོད་ཀྱི་ཆབ་སྲིད་ལ་འབྲེལ་བ་ཅི་ཡང་མེད་མདོག་གིས་ཆོས་ལུགས་ཕྱོགས་རིས་པ་དང་། ལས་དོན་སྣ་རེ་ལ་འཇུས་ནས་ཅི་མི་སྙོམས་པར་སྡོད་པ་ནི་ཅི་འདྲའི་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད་ཨང་། རྒྱལ་བོའི་རྒྱལ་ས་མ་བདེ་ན།། སྤྲང་བོའི་ཉལ་ས་མི་བདེ།། ཞེས་པའི་དཔེ་ལྟར་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་མི་རིགས་ཀྱི་ལས་དོན་ལ་ཐུགས་འཁུར་དེ་ཙམ་གནང་གི་མེད་པ་འདི་ཡང་དྲང་མོ་དྲང་བཞག་གི་ལས་གཉེར་སྟངས་ཤིག་གཏན་ནས་མིན་ལ། བོད་སྤྱིའི་བདེན་དོན་ལབ་ནའང་མཐར་ཐུག་ན་སོ་སོའི་སྒེར་དོན་དང་འབྲེལ་བ་དམ་ཟབ་ཅིག་ཡོད་པ་འདི་ཡང་མཁྱེན་དགོས་པ་ཞིག་ཅི་ལ་མིན།
བཙན་བྱོལ་བོད་གཞུང་གི་ངོས་ནས་ལོ་འཁོར་གཅིག་དང་གཉིས་རེའི་མཚམས་སུ་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམས་ལ་ཚོགས་འདུ་ཐེངས་རེ་བསྡུ་བསྐོང་བྱེད་བཞིན་ཡོད་ལ། ཚོགས་འདུ་དེར་ལྷན་རྒྱས་ཚང་མ་ངོ་བཅར་རེ་གནང་ཐུབ་ན་གདུལ་བྱའི་སྐལ་བཟང་གི་གོ་སྐལ་ཞིག་ཅི་ལ་མིན་ཨང་། ཡིན་ནའང་། ཕྱག་ལས་གཞན་གྱི་མཛད་བྲེལ་གྱི་དབང་གིས་ངོ་བཅར་གནང་རྒྱུ་ཕར་ཞོག འཐུས་ཚབ་རེ་མངག་གཏོང་བྱེད་རྒྱུ་ཡང་དཀའ་ཁག་གི་གནས་སྟངས་ཤིག་ཆགས་ཡོད། འདི་ནི་བོད་སྤྱིའི་ལས་དོན་སྣང་ཆུང་དུ་བརྩིས་པའམ། སྤྱིའི་ལས་དོན་ལ་འགན་མ་འཁུར་བའི་མཛད་སྤྱོད་ཅིག་མིན་དུ་ཆུག་ཅིང་། བོད་འབངས་རྣམས་བསོད་ནམས་དམན་དྲག་པའི་དབང་གིས་ལས་རིམ་གོ་སྒྲིག་འདི་འདྲ་ཞིག་ཀྱང་ལེགས་འགྲུབ་འབྱུང་གི་མེད་པ་ནི་ཧ་ཅང་གསལ་བོ་རེད།
ད་སྐབས་ཀྱི་དུས་འདི་ལ་ནི་ང་ཚོ་ཚང་མ་བཙན་བྱོལ་གཞུང་དང་གཞུང་གི་སྲིད་ཇུས་ལ་ལྟད་མོ་བལྟ་མཁན་ཞིག་མིན་པ་དང་། ལྷག་པར་དུ་ཡུལ་གྲུ་གཞན་དང་གཞན་ལ་རིག་གཞུང་ཁྱབ་བརྡལ་དུ་གཏོང་མཁན་ནི་དེ་བས་ཀྱང་མིན་པ་ཐུགས་ལ་ངེས་སུ་བཅུག་ན་བཟང་། བོད་སྤྱིའི་ལས་དོན་ཁག་དང་རྒྱང་ནས་རྒྱང་ལ་གྱེས་ཏེ་གཞོལ་ཐུབ་བྱེད་པ་དང་། ཐ་ན་བོད་སྤྱི་ཚོགས་དང་ཡང་འབྲེལ་ལམ་རིང་ནས་རིང་དུ་འགྱུར་བཞིན་ཡོད་པ་ནི་ཧ་ཅང་ཡ་ང་བའི་གནས་སྟངས་ཤིག་ཡིན།
ཁོ་བོ་སྡོད་སའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་བོད་ཀྱི་བླ་ཆེན་ག་གེ་མོ་མང་བོ་ཞིག་གི་མཚན་ཙམ་ཡང་ད་ལྟ་གོ་རྒྱུ་ཐོས་རྒྱུ་མི་འདུག་ཟེར་མཁན་ཇེ་མང་ནས་ཇེ་མང་དང་། ཞལ་རས་མཇལ་མ་མྱོང་ཟེར་མཁན་ནི་དེ་བས་ཀྱང་མང་དུ་ཡོད་ཚོད། བོད་མི་ཞིག་གིས་བླ་མ་ཅིག་ཅིག་ཚང་སྐུ་གཤེགས་དུས་མ་གཏོགས་བོད་མི་ཞིག་ཡིན་པའང་ཧ་གོ་མ་བྱུང་ཟེར་མཁན་དང་། ཡང་། བླ་མ་ཆེ་གེ་མོ་ཞིག་དབྱིན་ཡིག་གསར་ཤོག་ཅིག་གི་སྟེང་ཕ་མ་བོད་རིགས་ཡིན་པ་བཀོད་འདུག་པས་དང་ཐོག་ཡིད་ཆེས་དཀའ་བ་བྱུང་ཟེར་མཁན།
ད་དུང་བླ་ཆེན་ཅིག་ཅིག་ཚང་གིས་རྒྱལ་ཁབ་གཞན་གྱི་མི་སེར་གྱི་ཐོབ་ཐང་བླངས་ཏེ། བོད་ཀྱི་དགོན་ཆེན་ག་གེ་མོ་ཞིག་ཡུལ་ལུང་གཞན་ཞིག་ཏུ་ཁྲ་ལམ་མེར་བཏབ་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་དང་འབྲེལ་ལམ་ཆད་ནས་ལོ་ངོ་སུམ་བཅུ་བཞི་བཅུ་སོང་ཚུལ་སོགས་སྐྱོ་འོས་པའི་གཏམ་རྒྱུད་དང་། སྐྱུག་བྲོ་བའི་གནས་ཚུལ་ཁག་རིམ་པས་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ནགས་ལ་མེ་ཤོར་བ་བཞིན་ཁྱབ་ནས་འོང་།
འདི་ལྟར་ང་ཚོའི་ཁོར་ཡུག་འདི་ཆུང་དྲག་པས་མིན་ན་བླ་ཆེན་ཁག་གི་སྐུའི་གཟི་བརྗིད་ཆེ་དྲག་པས་ཡིན་ཅིང་སྲིད། གང་ལྟར་ཤར་ནུབ་ཀྱི་མི་རིགས་མང་བོའི་ཁྲོད་དང་། ལྷོ་བྱང་གི་ཡུལ་གྲུ་དུ་མའི་ནང་དུ་མཚན་སྙན་འབྲུག་སྒྲ་བཞིན་ལྡིར་བའི་བོད་བླ་མང་བོ་ཞིག་འདི་ལྟར་བོད་ཀྱི་ཁོར་ཡུག་ཆུང་ཆུང་འདི་དང་བར་ཐག་ཆེས་རིང་ས་ཞིག་ན་གནས་ཡོད་ཚོད། ཆོས་ཕྱོགས་ནས་བཤད་ན་གདུལ་བྱའི་བསོད་ནམས་དམན་དྲག་པའི་དབང་གིས་ཡིན་པར་གོར་མ་ཆགས་མོད། འཇིག་རྟེན་མི་ཆོས་ཀྱི་སྟེང་ནས་བཤད་ན་ཁྲེལ་དང་ལ་རྒྱ་ཞེས་པའི་ཚིག་འདི་གཉིས་དང་འབྲེལ་བ་དམ་ཟབ་ཅིག་ཡོད་པ་འདྲ།
ཁ་སྟབས་ཞན་པའི་འོ་སྐོལ་གྱི་སྤྱི་ཚོགས་ཆུང་ཆུང་འདི་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་ལ་སྐུ་ངལ་བསྐྱོན་པ་ནི་སྐུ་ཉིད་འོ་བརྒྱལ་བཟོས་པ་ཁོ་ནར་ངེས་པས་མ་གནང་རུང་ཅི་སྐྱོན། སྡུག་དུས་སྐྱོ་མ་རྒུམ་རོགས་དང་དགའ་དུས་སྐོར་བྲོ་ལྡིང་རོགས་བྱེད་རྒྱུ་ཡང་ལྷ་མི་གཉིས་ཀྱི་བར་ཐག་གི་རྐྱེན་པས་མཛད་དཀའ་ཡོད་ཀྱང་ཅི་ཁག འོན་ཀྱང་། མ་མཐའ་ཡང་མཛའ་བརྩེའི་ཕྱི་ཐག་གི་དར་སྣེ་རིང་མོ་མ་ལྷོད་ཙམ་བྱུང་ན། དེ་ནི་ད་ལྟའི་ཛ་དྲག་གནས་བབས་འདི་ལ་མཚོན་ནས་བཤད་ན། མི་རབས་ནས་མི་རབས་བརྒྱུད་ཅིང་། ལོ་རྒྱུས་ཀྱིས་ལོ་རྒྱུས་དེད་དེ་ཆེས་བརྗེད་དུ་འཕངས་པ་ཞིག་ཅི་ལ་མིན་ཨང་།
་་་་་་ ད་སྐབས་ཀྱི་དུས་འདི་ལ་ནི་ང་ཚོ་ཚང་མ་བཙན་བྱོལ་གཞུང་དང་གཞུང་གི་སྲིད་ཇུས་ལ་ལྟད་མོ་བལྟ་མཁན་ཞིག་མིན་པ་དང་། ལྷག་པར་དུ་ཡུལ་གྲུ་གཞན་དང་གཞན་ལ་རིག་གཞུང་ཁྱབ་བརྡལ་དུ་གཏོང་མཁན་ནི་དེ་བས་ཀྱང་མིན་པ་ཐུགས་ལ་ངེས་སུ་བཅུག་ན་བཟང་། བོད་སྤྱིའི་ལས་དོན་ཁག་དང་རྒྱང་ནས་རྒྱང་ལ་གྱེས་ཏེ་གཞོལ་ཐུབ་བྱེད་པ་དང་། ཐ་ན་བོད་སྤྱི་ཚོགས་དང་ཡང་འབྲེལ་ལམ་རིང་ནས་རིང་དུ་འགྱུར་བཞིན་ཡོད་པ་ནི་ཧ་ཅང་ཡ་ང་བའི་གནས་སྟངས་ཤིག་ཡིན། ་་་་་་་་་
་་་་་་་་ བོད་ཀྱི་བླ་ཆེན་ག་གེ་མོ་མང་བོ་ཞིག་གི་མཚན་ཙམ་ཡང་ད་ལྟ་གོ་རྒྱུ་ཐོས་རྒྱུ་མི་འདུག་ཟེར་མཁན་ཇེ་མང་ནས་ཇེ་མང་དང་། ཞལ་རས་མཇལ་མ་མྱོང་ཟེར་མཁན་ནི་དེ་བས་ཀྱང་མང་དུ་ཡོད་ཚོད། བོད་མི་ཞིག་གིས་བླ་མ་ཅིག་ཅིག་ཚང་སྐུ་གཤེགས་དུས་མ་གཏོགས་བོད་མི་ཞིག་ཡིན་པའང་ཧ་གོ་མ་བྱུང་ཟེར་མཁན་དང་། ཡང་། བླ་མ་ཆེ་གེ་མོ་ཞིག་དབྱིན་ཡིག་གསར་ཤོག་ཅིག་གི་སྟེང་ཕ་མ་བོད་རིགས་ཡིན་པ་བཀོད་འདུག་པས་་་་་་་་་་
ཆོས་བརྒྱུད་བླ་ཆེན་ཁག་གིས་འབོར་ལ་ཉེ་བའི་”བོད།” ཡིན་དང་། ཡང་ན། བོད་རིགས་ཚོས་རང་གི་བླ་སྤྲུལ་ཕྱུག་མདོག་ཁ་པོ་དེ་ཚོར་ཕྲག་དོག་དང་ཟུར་ཟ་བྱས་པས་ལན་པ་རེད། ལགས། ཡང་སྐྱར་ཅིག་གསུང་དང་།
དེ་རིང་ས་ལེ་སྦྲམ་གྱིས་བཤད་པ་འདི་ལ་མོས་མཐུན་བརྒྱ་ཆ་བརྒྱ་ཐམ་པ་ཡོད། བོད་པའི་བླ་ཆེན་ཚོ་བོད་པའི་སྤྱི་ཚོགས་འདི་དང་ཁ་ཐག་ཇེ་རིང་ལ་འགྲོ་དོན་ནི། བོད་པ་ཚོས་ཁོང་ཚོའི་སྦྱིན་བདག་བྱས་ནས་དགོན་པ་བཞེང་མ་ཐུབ་པས་རེད། མཐར་བཏུག་ན་ཁོང་ཚོ་ནི་བརྒྱ་དབྱིན་སྦྱིན་བདག་ཚོའི་རྒྱུ་ནོར་གྱི་བྲན་གཡོག་སུ་གྱུར་ཡོད།
བདེན་པ་ནི་བདེན་པར་གྱུར་ཅིག། བོད་ཀྱི་བླ་ཆེན་དངུལ་མང་པོ་ཡོད་པའི་རིགས་རྣམས་བོད་སྤྱི་ལ་ཕན་པར་ཤོག། དཔེར་ན་གོང་ས་མཆོག་གི་་ཕྱག་དངུལ་གང་ཡོད་པ་དེ་། གང་དུས་ཡིན་ཡང་བོད་སྤྱི་ལ་རེད། དཔེར་ན་ཉེ་ཆར་སྒོར་ས་ཡ་༡༠༠ བྷན་ཌ་ར་གཞིས་ཆག་ལ་གནང་བ་བཞིན་ནོ། བླ་ཆེན་གཞན་ཚོ་བོད་ཀྱི་མིང་རྫེག་པོའི་བླ་མིང་ཙམ་མིན་པར་དོན་ལ་བོད་པ་རང་ལ་ཕན་དང། བླ་ཆེན་ཚོའི་སྙིང་རྗེ་དེ་རྒྱ་མི་རིགས་དང་དངུལ་ཡོད་པའི་མི་རིགས་ཅིག་པུ་ལ་མིན་པར་བོད་པ་ཉམ་ཆུང་ལ་ཁ་ཞེ་གཉིས་མེད་ཀྱི་རོག་པ་གནང་དང།
སྔར་༡༩༥༩ ལོ་ཡར་བལྟས་ན་གནམ་དང་མར་བལྟས་ན་ས་མ་ཏོག་མེད་པའི་སྐབས་ལ་ང་ཚོ་བོད་ལ་H.H the Dalai Lama ཏོག་མེད་ལ་། ད་ད་སྐབས་ང་ཚོ་བོད་ལ་he holinessག་ཚོད་མང་པོ་འདུག་། དངོས་གནས་holiness ཡིན་ན་བོད་པ་རང་ཕན་དང། དངུལ་གྱི་སྙོག་སྒྲའི་སྒམ་ཆུང་སྒོ་ཕྱེ་དང། ཕྱི་རྒྱལ་མི་རིགས་ལ་ཆོས་གསུངས་དུས་བོད་དོན་སྐོར་མ་ཆད་པ་བཤད་དང།
ཧ་ཧ་བདེན་གཏམ་མང་པོ་འདུག འོན་ཀྱང་རྣམ་པ་ཚོའི་བོད་པའི་སྤྱི་ཚོགས་ལ་མཛད་བཟང་གང་གནང་ཡོད།
“བླ་ཆེན་ཚོ”ཟེར་ན་ཧ་ཅང་ཁྱབ་ཆེ་དྲགས་པ་རེད། རང་རེའི་བླ་ཆེན་མང་པོ་ཞིག་གིས་རང་རང་གི་དགོན་པ་བཞེངས་བསྐྲུན་དང་གྲྭ་བཙུན་རྣམས་ལ་སློབ་གཉེར་གྱི་མཐུན་རྐྱེན་བླ་མེད་སྦྱོར་བཞིན་ཡོད་ཅིང་། ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུ་ནི་དབུ་མའི་ལམ་གྱི་དགོངས་དོན་གཙོ་གནད་དེ་ཡང་ཡིན་ཕྱིན། གྲོས་ཚོགས་མདུན་ནས་ཟས་བཅད་ངོ་རྒོལ་དང་སྲང་དུ་ཐོན་དང་རྔམ་སྟོན་ཁྲོམ་སྐོར་བྱེད་པ་ལས་བོད་དོན་ལ་བརྒྱ་འགྱུར་སྟོང་འགྱུར་གྱིས་འདི་ཉིད་ཕན་རླབས་ཆེ་བ་ཡིན། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་འདི་ས་ཁུངས་བདག་དབང་གི་རྩོད་རྙོག་ཅིག་མ་ཡིན་པར་ཆབ་སྲིད་དང་རིག་གཞུང་གི་འཐབ་རྩོད་ཅིག་ཏུ་གྱུར་ཟིན་པས། བླ་ཆེན་ཚོས་ཕྱག་ལས་འདི་བོད་དོན་འཐབ་རྩོད་ཆེས་ཕན་རླབས་ཆེ་ཤེས་དང་ཆེས་གནད་ལ་འཁེལ་ཤོས་དེ་རེད་སྙམ། ༸གོང་ས་མཆོག་གིས་ཀྱང་གྲྭ་བཙུན་ཚོ་ངོ་རྒོལ་སྐད་འབོད་ལ་ཕྱིན་ནས་ངར་ངར་རྫིག་རྫིག་བྱེད་པ་ལས་དགོན་པའི་ནང་དུ་སླབ་པ་སློབ་གཉེར་བྱས་ནས་བཞུགས་ན་བོད་དོན་ལ་དེ་ཕན་ཐོག་ཆེ་བའི་སྐོར་བཀའ་སློབ་གནང་མྱོང་བར་མ་ཟད་མཁས་དབང་ཟམ་གདོང་རིན་པོ་ཆེས་ཀྱང་དེ་ལྟར་བཤད་ཡོད། དེ་ནི་སྐད་ཆ་ཙམ་མ་ཡིན་པར་དོན་གྱི་ཐོག་ནས་རྒྱུ་མཚན་དང་གནས་བབས་ཀྱིས་བསྒྲུབ་ཐུབ་པ་ཡིན། དེས་ན་འདྲེ་སྡོད་ས་དང་གླུད་འཕེན་ས་མི་ནོར་བ་གནང་རོགས།
ཆོས་ལྡན་དཔལ་མོ་ལགས། ཁྱོད་རང་གིས་ཕ་མས་ཁྱོད་ལ་མི་ཡག་པོ་ཞིག་བྱེད་དགོས་རེད་ཅེས་ཁ་ཏ་གནང་སྐབས། ཁྱོད་ཀྱིས་ཕ་མ་ཟུང་ལ། བྱས་ན་ཁྱོད་རང་གཉིས་མི་ཡག་པོ་ཡིན་ནམ་ཞེས་འདྲི་བ་བཏང་ཐུབ་ན་ད་གཟོད་ཁྱོད་རང་གི་འདྲི་བ་དེར་དྲིས་ལན་རག་ངེས་རེད་དོ།
བསམ་ཚུལ་དང་རེ་སྐུལ། དོགས་སློང་ནི་མི་སྒེར་གྱི་ཐོབ་ཐང་རེད། བསླབ་བྱ་ནི་ཉམས་མྱོང་དང་གནས་ཚད་དབང་གིས་འཇོག་དགོས་ལ། བཀའ་ནི་རིམ་པ་མཐོ་ཤོས་དང་དབང་ཚད་སྒོ་ནས་དབྱེ་དགོས་སོ།
འཇང་གཡུ་ལྷ་ལགས་དེ་གསལ་པོ་ཞིག་གསུངས་རོག་། བོད་སྤྱི་པའི་གསེར་དང་། དེ་བཙོང་པའི་དངུལ་ཞིག་ག་བ་ཡོད། ཁྱོད་རང་ལ་བདེན་པ་ར་སྤྲོད་ཡོད་ན་མ་ཏོག། ༧གོང་ས་མཆོག་ལ་བོད་པའི་གསེར་དང་ དེ་ཡང་༡༩༦༤ ལོ ལ གསེར་བཙོང་བ་ཟེར་ཡག་་མེད་་པས་། ཁྱོདརང་རང་རང་རང་རང་རང་རང་རང་རང་རང་་ཞལ་ཁ་བཙུམ་ན་བཟང།
མ་གཞི་ནས་སྡེ་པ་གཞུང་གི་རྒྱུ་ནོར་ཡོངས་རྫོགས་རྒྱ་འདྲེ་དམར་པོས་ཟས་པ་མ་ཏོག་༧ གོང་ས་མཆོག་ལ་རག་པའི་ལོ་རྒྱུས་མེད། ༡༩༥༩ ལོ་ལ་གོང་ས་མཆོག་སྐུ་སྲོག་མགོ་ཐོན་པར་ཉེས་ཁ་གང་ལ་གསེར་ཕར་ཞོག་། སྐུ་ཡི་ནམ་བཟའ་ཡག་པོ་ཞིག་ཡང་མེད་པར་རྒྱ་གར་ལ་ཕེབས་པས་ ། འཇང་གཡུ་་ལྷ་ཁྱོད་རང་རྫུན་རྫུན་རྫུན་བཤད་ཡག་དེ་བཞག་ནས་ནོར་འཁྲུལ་ལ་ངོས་ལེན་ངེས་པར་དུ་དགོས
བོད་ཀྱི་བླ་ཆེན་ཚོས་སྲིད་དོན་སྐོར་མང་པོ་བྱས་ན། མི་འདིའི་རིགས་ཀྱིས་ཡང་བླ་རྒན་འདི་ཚོས་ཆོས་སྒྲུབ་ནས་མི་འདུག་པར་ག་རེ་ཇུས་གཏོགས་བྱེད་དགོས་རེད་ལབ་ཀི་རེད། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་བླ་ཆེན་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་བླ་མེད་ཞུས་ཡོད། དེ་ཚོ་མིག་དང་རྣ་བ་ཡོད་ན་རེ་རེ་ནས་ངོ་སྤྲོད་མི་དགོས་པར་ཤེས་གསལ་རེད།
ཤར་པ་ལགས། སྲིད་བློན་བློ་བཟང་བཀྲ་ཤིས་ཀྱིས་ཐབས་ཇུས་འོག་བོད་གཞུང་གི་གསེར་ཚང་མ་༥༩་སྔོན་ནས་འབྲས་ལྗོངས་བཅོལ་ནས་ཕྱིས་སུ་༦༤་ལོར་བཙོང་ནས་ཨ་སྒོར་ས་ཡ་བརྒྱད་བཟོས་པ་ཡིན་ཟེར་༧་གོང་ས་མཆོག་གི་བྲིས་པའི་ཕྱི་ཡུལ་གྱི་རང་དབང་ནང་གསུང་འདུག
འདིར་ཕེབས་ནས་རང་རང་གི་བསམ་ཚུལ་བརྗོད་མཁན་ཚང་མར་གུས་བཀུར་དང་ཡི་རངས་ཞུ་བཞིན་ཡོད།
ལོ་ངོ་བརྒྱ་ཕྲག་མང་བའི་རིང་ང་ཚོའི་མི་རིགས་འདིས་དགོན་སྡེའི་སློབ་གཉེར་ཡར་རྒྱས་གོང་འཕེལ་གཏོང་ཐབས་ལ་འབད་འབུངས་ཧུར་ཐག་བྱས་པ་རེད། དེའི་རྐྱེན་གྱིས་༡༩༥༩ལོའི་བར་དུ་བོད་ཀྱི་དགོན་སྡེའི་སློབ་གཉེར་ནི་དར་བའི་རྩེ་མོར་སོན་ཡོད། འབྱུང་འགྱུར་བོད་རང་དབང་སླར་གསོ་བྱེད་ཐུབ་པའི་དབང་དུ་བཏང་རུང་དེ་ག་གནང་བཞིན་ཞིག་འབྱུང་ཐུབ་མིན་དོགས་པའི་གནས་ཡིན། དགེ་ལུགས་པའི་གདན་ས་གསུམ་དང་། རྙིང་བ་པའི་ཀ་དཔལ་རྫོགས་གསུམ་གཙོ་བོར་གྱུར་བའི་དགོན་སྡེ་མང་བོ་ཞིག་ཆོས་ལུགས་ཤེས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། ཡིན་ཡང་། དགོན་སྡེའི་ཤེས་རིག་ཅི་ཙམ་གྱིས་ཡར་རྒྱས་ཕྱིན་པ་དེའི་ཚོད་ཀྱིས་སྤྱི་ཚོགས་ཀྱི་ཤེས་རིག་ཡར་རྒྱས་འགྲོ་བ་ལ་དེ་ཙམ་གྱི་དགེ་མཚན་ཆེན་པོ་ཞིག་མེད་པ་མངོན་གསལ་ཡིན། རྒྱུ་མཚན། འདི་གཉིས་སྤྱི་ཚོགས་མི་འདྲ་བ་གཉིས་གསོ་སྐྱོང་བྱེད་པའི་ཤེས་རིག་ཐ་དད་པ་གཉིས་ཡིན་པས་སོ།
རྨི་ཐག་གི་བུ་རྒྱུད་ལགས། ཆོས་བརྒྱུད་བླ་སྤྲུལ་མང་བོ་ཞིག་གིས་བོད་ཀྱི་རིག་གཞུང་ལག་ཆར་བེད་སྤྱོད་ཀྱིས་མི་རིགས་གཞན་དང་ཡུལ་གྲུ་གཞན་དུ་སོ་སོའི་མངའ་ཁོངས་རྒྱ་བསྐྱེད་དང་འཁོར་ཚོགས་བསྡུ་ཐབས་ལ་གཅིག་ཏུ་གཞོལ་བཞིན་ཡོད། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ལབ་ན་འདྲ། མ་ལབ་ན་འདྲ། གང་ལྟར་མཐར་གཏུགས་ན་ཐོག་མའི་དམིགས་ཡུལ་དང་མཐའ་མའི་དགོས་དོན་གཉིས་ཀ་གང་ཟག་ག་གེ་མོ་ཞིག་གི་སྒེར་དོན་གྱི་སྟེང་དུ་བབས་ཡོད་པ་གསལ་བོ་ཡིན། སྤྱི་ཚོགས་ཡར་རྒྱས་ཀྱིས་མཚོན་པའི་ཆབ་དཔལ་རིག་གསུམ་གྱི་ཐད་ལ་དོན་དངོས་སུ་ཐུགས་འཁུར་གནང་མཁན་དང་། བྱས་རྗེས་འཇོག་མཁན་ནི་སྲིད་མཐའ་ཙམ་ཡིན།
དངོས་ཡོད་གནས་ཚུལ་ལ། ང་ཚོའི་མི་རིགས་འདི་ད་སྔ་དགོན་སྡེའི་ཤེས་རིག་ཡར་རྒྱས་གཏོང་མ་ཐུབ་པར་ཉམས་རྒུད་དུ་སོང་བ་ཞིག་མིན་པར། སྤྱི་ཚོགས་ཤེས་རིག་ཡར་རྒྱས་གོང་འཕེལ་དུ་གཏོང་མ་ཐུབ་པར་ཉམས་རྒུད་དུ་སོང་བ་ཞིག་ཡིན་པ་ཚང་མས་ཤེས་གསལ་ཡིན།
བླ་མས་འཁོར་ཚོགས་བསྡུས་ན་སྐྱོན་ཅི་ཡོད་དམ། བླ་མས་བཀའ་ཆོས་བསྩལ་ན་སྐྱོན་ཅི་ཡོད་དམ། བཀའ་ཆོས་བསྩལ་ནི་ཚོ་དང་བཀའ་ཆོས་དགོས་ནི་ཚོ་ལ་དེ་འདྲའི་སྡང་དོན་ཅི། ཆོས་ཡོད་ཚོས་ཆོས་སྦྱིན་གནང་། རྒྱུ་ཡོད་ཚོས་ཆོས་ཡོན་ཕུལ་ན་ཁྱེད་ཚོ་ལ་དེ་འདྲའི་སེར་སྣ་ཞིག་ལངས་བ་དང་མིག་ཀོང་གཉིས་ཚ་དགོས་དོན་ཅི་རེད།
ཨོ་་་་རེད་རེད། ཁྱེད་རང་ཚོ་ཚོགས་མ་བསགས་པ། ལས་མ་དག་པ་ཡིན་ཙང་རེད། མི་ལ་སྟེར་རྒྱུའི་ཆོས་མེད། རང་ལ་འབབ་རྒྱུའི་ནོར་མེད་ན། ཡར་ལ་བལྟས་ནས་ཁ་ལྡག། མར་ལ་བལྟས་ནས་དྲི་སྣོམ་བཞིན་འདུག་མི་ཐུབ་པར། དྲ་འབུ་འདི་ཚོ་ལ་ཡིན་ན་བཤད་རྒྱུ་མང་བ་ལ་ཨ་ཨ་ཨ།
བཀུར་འོས་གནམ་ལགས་ནས་བསམ་ཚུལ་བརྗོད་པར་དགའ་བོ་བྱུང་། ཐུགས་རྗེ་ཆེ། ཡིན་ཡང་། ང་ཚོས་མི་རིགས་ཤིག་གི་དར་རྒུད་ལ་གཞོལ་ནས་སེམས་འཁུར་གྱི་བསམ་ཚུལ་འགའ་བཤད་པ་མ་གཏོགས་དགའ་མ་དགའ་ཕྱོགས་ཀྱིས་སྒྲོ་སྐུར་སྣ་མང་བྱེད་པ་དང་སྐྱོན་བརྗོད་བྱས་པ་ཞིག་མིན། དེ་ཡང་། དེང་སང་བླ་ཆེན་འགའ་རེ་ནས་འཕྲལ་སེལ་གྱི་དགོས་མཁོ་དུ་མའི་དབང་གིས་བོད་ཀྱི་བླ་སྤྲུལ་དག་གི་སྐུ་སྐྱེ་རྣམས་མི་རིགས་གཞན་གྱི་ནང་ངོས་འཛིན་བྱེད་བཞིན་ཡོད་པ་དང་། དེ་ཡང་ཕྱུག་བདག་དང་གྲགས་ཅན་མི་སྣ་སོགས་ལ་དམིགས་ཀྱིས་བཀར་ནས་བླ་སྤྲུལ་གྱི་མིང་འདོགས་འདྲ་མིན་བྱེད་བཞིན་ཡོད་པའི་གནས་ཚུལ་འདི་རིགས་ང་ཚོས་མི་རིགས་ལ་ཕན་པའི་བྱ་བཞག་ཅིག་ཡིན་པར་བསྒོམས་ཏེ་བསྡད་ན་འགྲིག་གམ།
ད་དུང་ཤར་ནུབ་ཀྱི་མི་རིགས་འདྲ་མིན་ནང་རྗེ་བཙུན་བྱམས་པ་ཡིན་ཟེར་མཁན་དང་། རྗེ་བཙུན་སྒྲོལ་མ་ཡིན་ཟེར་མཁན་ནི་ཇེ་མང་ནས་ཇེ་མང་རེད། ང་ཚོས་འདི་དག་ལའང་དད་པ་དག་སྣང་བསྒོམ་དགོས་པ་རེད་དམ།
ཆོས་བརྒྱུད་ཁག་གི་བླ་མ་རེ་འགས་ཤེས་རིག་ཡར་རྒྱས་ཀྱི་མིང་བྱང་ཁ་ལ་ཁྱེར་ནས་ཕྱིའི་དངོས་པོ་གཙོ་སྒྲུབ་ཀྱི་བགྱི་བ་དོན་དུ་གཉེར་ཞིང་། ལྷ་ཁང་གསེར་ཁང་བཞེངས་བསྐྲུན་གྱི་ལས་ལ་གཅིག་ཏུ་བརྩོན་བཞིན་པ་འདི་དག་ཀྱང་ང་ཚོས་ཅི་མི་སྙོམས་པར་བཏང་སྙོམས་སུ་འཇོག་རྒྱུ་ཡིན་ནམ། ༧གོང་ས་མཆོག་གིས་བཀའ་དགོངས་དང་ཡང་རྒྱབ་འགལ་དུ་གྱུར་ཡོད།
གསེར་ས་ལེ་སྦྲམ་ལགས། མཆན་ལན་ཞིག་ཞུས་ཡོད། བྱུང་ན། ལོ་བཅུའི་རྗེས་ལ། ལན་ཞིག་ཡོད་པར་ཞུ། ཧ་ཧ་ཧ།
༡༽ དེ་འདྲ་ཡིན་ན། བླ་མ་སྐུ་གོང་མ་ཚོས་སོ་སོ་མི་རིགས་གཞན་དང་ས་ཆ་བོད་ནས་མ་ཡིན་པ་ལ་སྐྱེ་བའི་སྨོན་ལམ་བཏབ་ཡོད་རྒྱུ་རེད་འདོད་ཀི། བླ་མ་ཟེར་བ་འདི་འགྲོ་མི་སྐྱོང་ཞིང་ཆོས་འཆད་དུ་ཡང་ཡང་བྱོན་པ་ཡིན་པས། འདི་ལ་རྒྱུ་མཚན་ཡོད་པ་ཞིག་རེད། དེ་འདྲ་ཡིན་དུས། རྒྱུ་ཆེན་ཚང་ནས་འཁྲུངས་དགོས་བ་དང་མི་དགོས་བ་ལ་འབྲེལ་བ་ཞིག་མི་འདུག་འདོད་ཀི། ཕྱི་ཕྱོགས་ན་སྤྲུལ་བླ་དེ་འདྲ་ཡོད་ཆོག་པ་ཞིག་རེད། སྐྱེས་བོ་རྟོག་ལྡན་པ། སྒྱུ་འཕྲུལ་ཅན། གོང་ན་མེད་པ་དེ་འདྲ་མང་པོ་མཐོང་ཐོས་ཡོད། ཡང་གཅིག་བཤད་ན། སངས་རྒྱས་མེད་པའི་ས་ཕྱོགས་མེད་རབས་ཡོད་ཐལ། ངས་ནི་དེ་འདྲ་ཞིག་གོ་ཡོད། བདེན་པ་ཡིན་རྒྱུ་རེད་འདོད་ཀི། དེའི་མ་ཚད། སངས་རྒྱས་བསྟན་པ་ས་སྟེང་དུ་ཆབ་དགོས་ན། ས་ཕྱོགས་ཡུལ་ཕྱོགས་འདྲ་མིན་ལ་ས་དེའི་ཡུལ་དང་མི་ལ་བལྟས་བའི་བླ་སྤྲུལ་སྐྱེ་ཆེན་དེ་འདྲ་དགོས་འི་ཡོད་པ་ནི་ཞུ་མ་དགོས་བ་ཞིག་རེད།
༢༽ བོད་ཡིག་དང་བོད་སྐད་བཀོལ་ནས་ཆོས་དཔལ་ན་བོད་ལ་ཕན་པ་ཡོད་ཐལ་ཡོད། དེའི་མི་ཚད་བོད་པའི་བླ་སྤྲུལ་ཞིག་གི་མིང་བཟུང་ཡོད་པའི་འགན་ཞིག་ཁུར་ན་ཡང་། བོད་སྐྱོབས་པ་དང་ཆོས་འཆད་པ་ལ་ཕན་པ་ཡོད་ཡོད་པ་ཞིག་རེད་འདོད་ཀི། ཆོས་ཀྱི་མངའ་ཐང་རྒྱས་བ་དང་སྲིད་ཀྱི་མངའ་ཐང་ཡང་དེ་ལྟར་དུ་རྒྱས་བཞིན་ཡོད་པ་རེད། འདི་ཡག་ལམ་ཞིག་ཡིན་པ་རེད། སྔར་ཡིན་ན། སྲིད་ཀྱི་མངའ་ཐང་རྒྱས་བ་དང་། ཆོས་ཀྱི་མངའ་ཐང་རྒྱས་བ་ལ་བཙན་བཀའ་བཙན་གནོད་བཀོལ་ཡོད་པ་རེད། དེ་ཡག་ལམ་ཞིག་མ་རེད། གང་ལྟར་ཆོས་སྲིད་གཉིས་ཀ། མང་ཆེ་བས་མི་མཐོང་བའི་ལམ་ཞིག་ན་ལག་གཉིས་དམ་དུ་བཅིངས་བའི་དཔོང་གྲོགས་ཡོད་ན་མེད་ན་དེ་ཡིན་པས། གང་རུང་དར་ན་དར་དུ་བཅུག་ན། རྒྱལ་ཁ་ཞིག་ཡོད་ཡོད་པ་རེད་འདོད་ཀི།
༣༽ རྗེ་བཙུན་བྱམས་པ་དང་སྒྲོལ་མ་སོགས་མ་བྱོན་མ་མཐོང་ན། མཐོང་དགོས་ཡོད། བྱོན་དགོས་ཡོད་ཟེར་ནས། ཚེ་རབས་མང་པོ་ལ་གསོལ་བ་བཏབ་པ་རེད། ད་དེ་འདྲ་ལ་མཇལ་རྒྱུ་ཡོད་ན། ང་ཚོའི་སྐུ་བསོད་ཡིན་རྒྱུ་རེད། ཡིན་ན་ཡང་འཁྲུལ་མེད་ཡིན་མིན་དཔྱོད་པ་ལ་སོ་སོའི་དད་སྟོབས་ཡོང་དགོས་བ་རེད། སྔོ་མ་ཞིག་ལ། ཅིག་གིས་ཅིག་ལ། རང་ཁྱི་མོ་སྨད་རུལ་འབུས་བཟས་མ་ཞིག་གི་ལུས་ལ་ཞུགས་ནས་གཞན་གྱི་ཐུགས་རྒྱུད་ཀྱི་བྱམས་སྙིང་རྗེ་རྟོག་ཚོད་ལ་སྤྲུལ་རྟགས་བསྟན་པ་དེ་འདྲ་ཡང་གོ་ཐོས་ཡོད། དེ་འདྲ་རེད།
༤༽ འགྲོན་ཁང་སྐར་ལྔ་ཅན་ཞིག་གི་ལྗིད་ཚད་ན་མེད་པའི་ཚོགས་ཁང་དང་ལྷ་ཁང་ཞིག་བཞེངས་བ་ལ། ཧང་སང་སང་དང་ཧོན་འཐོར་འཐོར་བྱེད་དགོས་བ་མ་རེད། རང་རའི་གངས་ཅན་པ་ཚང་ལ་འབྱོར་ལྡན་མེད་སོང་བ་མ་གཏོགས། ཡོད་ནི་ཚང་ཞིག་གི་ངུལ་ཁུག་ལ། དེ་འདྲ་ཞིག་གིས་ཤུལ་ཐོད་ནི་མ་རེད། བླ་མ་གྲྭ་ཚང་ལ་བཞུགས་ས་གནས་ས་ཞིག་དགོས་འི་ཡོད་པ་ཚང་མ་ཤེས་གསལ་རེད། འབྱོན་པོ་དང་རྣོན་པོ་ཡོད་ན་དགའ་བསུ་ཡོད། འདིའི་དོན་ནི་གཡོ་སྒྱུ་དང་མགོ་སྐོར་བ་ཚོར་དགའ་བསུ་ཡོད་ཞུས་བ་མིན།
མྱིག་གདོངས་དང་། རྣས་ཉོན་དང་། བྱ་བ་ཆུང་ཆུང་ཞིག་ལ་སེམས་ཚགས་རི་རབ་འདྲ་ཞིག་བྱས་ནས་བསྡད་ཡོད་པའི་སྣང་བ་སྟེར་སོང་། དྲ་ཉེ། སྤོ་མ་ལང་ཨ། ཧ་ཧ་ཧ།
ངུལ་ཁུག་ཧ་ཧ་ཧ། དངུལ་ཁུག་ཟེར་འདོད་ཡིན་ནོ། དག་ཆ་བ་ཚོ།
མང་པོ་བཤད་ནས་གང་ཡོང་། འདི་གཉིས་ལ་ལན་གསལ་པོ་ཞིག་གནང་རོགས།
༡ བླ་མ་ཚོས་དངུལ་གྱི་ཕྱིར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་ཀྱི་རིག་གཞུང་དར་སྤེལ་བཏང་བ་དེ་བོད་ལ་ཕན་གྱི་རེད་དམ་གནོད་ཀྱི་རེད།
༢ བླ་མས་རང་ས་ནས་ཆོས་བསྒྲུབ། དཔོན་པོས་རང་ས་ནས་སྲིད་བསྐྱངས་ན་གང་འདྲ་ཡོང་གི་རེད།