བསྟན་འཛིན་རབ་དགའ།
ཆོས་བརྒྱུད་སྤྱི་འཐུས་ཡིན་ན་ཆོས་པ་ཡིན་མི་དགོས། ཆོས་མ་ཤེས་ནའང་ཆོག གཙོ་བོ་བསམ་བློ་དེ་མི་སྐྱ་དང་འདྲ་འདྲ་ཡིན་དགོས། ད་ལྟ་བར་དུ་ཆོས་བརྒྱུད་སྤྱི་འཐུས་ཟེར་བའི་མཁས་པ་ཞིག་དང་། ཆོས་པ་ཞིག་འདམས་མྱོང་མེད། གྲྭ་པའི་བསམ་བློ་ལས༌མི་སྐྱའི་བསམ་བློ་དང་སྤྱོད་པ་ཤས་ཆེ་བ་འདམས་པ་མང་། འདི་ནི་ད་ལྟའི་སྤྱི་ཚོགས་ཀྱིས་ཆོས་བརྒྱུད་སྤྱི་འཐུས་ལ་ལྟ་སྟངས་ཤིག་ཆགས་ཡོད།
དེ་རིང་གྲོགས་པོ་དགེ་བཤེས་ཤིག་དང་ལྷན་དུ་གླེང་མོལ་ཞུས་པར། དགོན་པའི་མཁན་པོ་དང་ཤར་བྱང་གི་ཆོས་རྗེ། དགའ་ལྡན་ཁྲི་བ་ལྟ་བུ་ཡིན་ན། ཆོས་ཤེས་མཁན། ཆོས་པའི་བསམ་སྤྱོད་དང་ལྡན་མཁན་དགོས་པ་རེད། ད་དུང་དམའ་སར་བབ་ནས་བཤད་པ་ཡིན་ན། སློབ་གྲྭ་ཁག་གི་ཆོས་དགེ་ཚོ་ཡིན་ནའང་། གང་ལ་གང་འཚམ་གྱི་སློབ་སྦྱོང་ཡོད་མཁན། བསམ་སྤྱོད་གཉིས་ཀ་ཆོས་དང་འདྲེས་པ་དང་འབྲེལ་བ་ཞིག་ཡོང་བར་དོ་ནན་བྱེད་པ་རེད། ཆོས་བརྒྱུད་སྤྱི་འཐུས་ལ་ཧ་ལམ་ཆོས་ཤེས་མི་ཤེས་དང་། ཆོས་པའི་བསམ་སྤྱོད་དང་ལྡན་མི་ལྡན་དཔྱོད་པ་ཧ་ལམ་ཡོད་པ་མ་རེད། དེ་དག་དང་མི་ལྡན་མཁན་འདམས་ཀྱི་ཡོད་པ་རེད། ཆོས་པ་ཞིག་དང་ཆོས་པའི་བསམ་སྤྱོད་དང་ལྡན་པ་ཞིག་གིས་སྤྱི་འཐུས་ཀྱི་རྐུབ་སྟེགས་དེར་མིག་ཟུར་གྱིས་ཀྱང་བལྟ་གི་ཡོད་པ་མ་རེད་ཟེར། འདི་བདེན་པ་འདྲ།
ཡིན་ནའང་ཁོང་ཚོའི་ཡོང་ཁུངས་སམ་ཁོང་ཚོར་འོས་ཤོག་འཕེན་མཁན་དེ་ཆོས་སྡེ་ཁག་ཡིན་པའི་ཆ་ནས། མང་ཚོགས་མང་ཆེ་བ་ཞིག་གིས་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ནི། ཆོས་པ་ཞིག་དང་མཁས་པ་ཞིག་ཡིན་པར་ནོར་འཛོལ་ཡོང་གི་ཡོད་པ་རེད། དེ་ཡིན་སྟབས། ཆོས་བརྒྱུད་སྤྱི་འཐུས་ཤིག་གིས་གྲོས་ཚོགས་ནས་དོན་མེད་རྙོག་ཟིང་སློང་བ་དང། དེ་དང་འབྲེལ་བའི་གཏམ་བཤད་བྱས་པ་ཡིན་ན། ཧ་ལས་ལས་དང་ཧོན་ཐོར་ཐོར་བྱེད་ཀྱི་ཡོད་པ་རེད། དེ་ནི་རྦད་དེ་ནོར་བའི་ལྟ་སྟངས་ཤིག་རེད།
ཆོས་བརྒྱུད་སྤྱི་འཐུས་ཡིན་ན། ཆོས་པ་ཡིན་དགོས་ཀྱི་ཡོད་པ་མ་རེད། ཆོས་པ་མིན་ཚར་བའི་རྗེས་ལ། དེ་དག་གིས་གང་ཞིག་གླེང་བ་དེ་ཡང་མི་ནག་སྐྱོ་བོའི་གླེང་སྟངས་དང་། གང་ཞིག་བསམ་པ་དེ་ཡང་མི་ནག་སྐྱ་བོའི་བསམ་སྟངས་དང་ཆ་འདྲ་བར་བལྟ་ཐུབ་ན། ད་གཟོད་གྲྭ་ཆས་གྱོན་ཡོད་མེད་ལ་མ་ལྟོས་པར། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་གང་འདྲ་ཞིག་ཡིན་མིན་ཧ་གོ་གི་རེད། ཆོས་བརྒྱུད་ཁག་ཅིག་གིས་སྤྱི་འཐུས་ལ་ཆོས་བྱེད་དགེ་འདུན་པ་མ་ཡིན་པའི་སྐྱ་བོ་མི་ནག་འདེམས་ཀྱི་ཡོད་པའི་གནད་ཀྱང་འདི་རེད།
གནད་འགག་འདི་ར་འཕྲོད་པ་ཡིན་ན། ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཟེར་བ་ཅི་ཞིག་ཡིན་པ་དང་། གང་འདྲ་ཞིག་དགོས་པ་ཧ་གོ་འགྲོ་བ་རེད། དེ་ཧ་གོ་ཚར་ན། ད་བར་དུ་ཧ་ལས་ལས་བྱས་པའི་ཁོང་ཚོའི་གནང་སྟངས་རིགས་གཅིག་ལ་འགྲེལ་བཤད་གཞན་མི་དགོས་པར་སོ་སོའི་ལྟ་སྟངས་ཀྱིས་ཐག་ཆོད་འགྲོ་བ་རེད།
དངོས་འབྲེལ་བྱས་ན། ཆོས་བརྒྱུད་སྤྱི་འཐུས་ཡིན་ན། སྐྱ་བོ་མི་ནག་ལས་ཅུང་ཡ་རབས་ཤིག་དང་། ཅུང་བག་ཕེབས་པོ་ཞིག དམའ་མཐར་ཡང་མི་སྐྱ་ནང་བཞིན་ཁོང་ཁྲོ་ལངས་སྐྱེན་པ་མ་ཡིན་པ་ཞིག མི་སྐྱ་ལས་ཅུང་ཙམ་ལོགས་ཀ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་འདྲ་ནི་དགོས་ཤིང་མཁོ་བ་གཉིས་ཀ་ཡིན་སྲིད་ནའང་། དེ་འདྲ་ནི་སྲིད་མཐའ་ཙམ་རེད། ད་ལྟའི་སྐབས་ལ་མེད་པ་རེད།
ད་ལྟའི་འདི་འདྲ་ན། ཆོས་བརྒྱུད་སྤྱི་འཐུས་ནི་ཡོད་པས་ཡོད་གོ་ཆོད་ཀྱི་མི་འདུག མུ་མཐུད་ནས་སྤུས་ཀ་འདི་ཡིན་ན། ཡོད་པ་ལས་མེད་པ་ལེགས་པ་འདུག རྙོག་དྲ་ཆུང་གི་རེད། རྒྱ་ཆེའི་མི་མང་གིས་ཆོས་པ་ཡིན་ཤག་གིས་རེ་བ་བྱེད་པ་དང་། ཁོང་ཚོའི་གནང་སྟངས་གོ་ལྡོག་ཡོང་ཐེངས་རེར་མ་འདོད་པ་ཤུགས་ཆེན་པོ་བྱེད་པའི་ཚིག་པ་ཟ་མ་དགོས་པའི་ཁྱད་ཡོད་པ་རེད།
།
རྩོམ་པ་པོས་འདིར་བྲིས་པ་མང་པོ་ཞིག་ལ་བདེན་ཆ་ཡོད་པ་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་། ཁོས་ཆོས་རྒྱུད་སྤྱི་འཐུས་ཞེས་པའི་སྐལ་འདི་རྩ་ནས་མི་དགོས་ཟེར་མ་ཐུབ་པར། ཅུང་བློ་ཚིམས་མ་བྱུང་། ཁོས་བཤད་པ་ལྟར་གྲྭ་པ་ཆོས་པ་རྣམ་དག་ཅིག་གིས། རང་སྐལ་གྱི་ཆོས་རྒྱུད་སྤྱི་འཐུས་ཟེར་བའི་རྐུབ་སྟེགས་དེར་མིག་གིས་མི་ལྟ་བ་བཞིན། ཆོས་རྒྱུད་སྤྱི་འཐུས་ཟེར་བའི་ཐོབ་ཐང་ཞིག་ཀྱང་ཡིད་ནས་དྲན་མི་དཔེ་བ་རེད། དེ་ནས། གལ་ཏེ་ཆོལ་ཁུངས་སོ་སོའི་སྤྱི་འཐུས་ཐོབ་ཐང་ལས་ལོགས་སུ། ཆོས་རྒྱུད་སྤྱི་འཐུས་ཟེར་བའི་ཐོབ་ཐང་ཞིག་སྐྱ་བོ་ཆོས་པས་བླང་ཆོག་པ་བྱས་ན། དེར་དགོས་པ་རྒྱུ་མཚན་གཏན་ནས་མེད་ཐོག ལྡོག་ཕྱོགས་ཀྱི་སྐྱོན་ཆའང་མང་དག་ཅིག་ཡོད་ངེས་པས། ངར་མཚོན་ན་བསམ་ཚུལ་དེའི་རིགས་དང་ལེན་མི་ཐུབ་པ་ཞིག་རེད།
བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་གང་ཞིག་གི་ནང༌། ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་སྐྱ་འདེམས་མཆོག་པའི་ནང་གསེས་ཇི་ལྟ་བུ་ཞིག་ཡོད་མེད་དྲ་གྲོགས་རྣམས་ནས་ལན་འདེབས་ཤིག་གནང་རོགས།
སེམས་འཕྲལ་རྩ་བ་ནས་མི་དགོས་ ཆོས་དངོས་གནས་བྱེད་མཁན་ཞིག་སྤྱི་མཐུས་བྱེད་པར་ཕེབས་ཀྱི་མ་རེད་ལ་ དགོན་པ་ནས་གཏང་གི་ཀྱང་མ་རེད་ དཔེ་ཆ་ལྟ་མ་མགྱིད་མཁན་ དགོན་པའི་སྒྲིགས་ཁྲིམས་འཁྱེར་མ་ཐུབ་མཁན་རྣམས་སྤྱི་མཐུས་ལ་གཏང་གི་རེད་། དགོན་པའི་གད་རྙིད་གངས་སྐྱིད་ལ་དབྱུགས་པ་རེད།
ད་ལོ་ཤེས་ཡོན་དང་། ཆབ་སྲིད་གང་ཡང་མེད་པའི་ལོ་ཆུང་ཕོ་མོ་མང་པོ་སྤྱི་འཐུས་སུ་འཚང་ཁ་རྒྱག་གིས་འདུག ཡག་པོ་ཞིག་ཨེ་ཡིན་ནམ།
མཉམ་མྱོང་མེད་པའི་སྐད་ཆ་རང་རེད་་་་་ཆོས་ཤེས་དགོས་དང་དགོས་ཆོས་ལུགས་ཤིག་གི་ཚབ་མཚོན་གི་ཡོད་རེད།
ཆོས་ལུགས་སྤྱི་མཐུས་དགོས་མིན་དེ་་་ཆོས་ལུགས་སྤྱི་མཐུས་གྲྭ་བ་ཡིན་པས་རྒྱུ་མཚན་ལ་བརྟེན་ནས་མི་དགོས་ཞེས་པ་ནོར་བ་ཡིན་ལ་་་་་གལ་ཏེ་ཆུས་ལུགས་སྤྱི་མཐོས་མེད་ཀྱང་་་་་ཆོལ་ཁའི་སྤྱི་མཐུས་ལ་གྲྭ་བ་ཡོད་ཡོད་པ་རེད། དེ་ལས་ད་གྲྭ་བ་ཡིན་ན་སྤྱི་མཐུས་ལ་ལངས་མི་ཆོག་པ་བཟོས་ན་དག་དག་རེད།
“དགའ་ལྡན་ཁྲི་བ་ལྟ་བུ་ཡིན་ན། ཆོས་ཤེས་མཁན། ཆོས་པའི་བསམ་སྤྱོད་དང་ལྡན་མཁན་དགོས་པ་རེད”
དགོས་པ་བདེན་ན་ཡང་ཐོབ་པ་དཀའ་མོ་རེད། ཉེ་བའི་ལོ་ཤས་འདིར་ཡང་དགའ་ཁྲི་ལུང་རྣམ་གྱིས་བྱ་སྟངས་སྤྱོད་སྟངས་འདིས་བོད་མི་སྤྱིའི་མཚན་མཐོང་ཉམས་ཆག་དང་། མཐུན་སྒྲིལ་རྡོག་རིལ། མགོ་འདོགས་ཀྱི་ལས་ཀ་ག་འདྲ་བྱས་སོང་། ཐ་ན་རྒྱལ་བ་རིན་པོ་ཆེ་དང་ཁོ་རང་གི་བར་གྱི་ཆོས་དམ་ཚིག་འབྲེལ་བ་ཙམ་ལ་བསམ་བློ་མ་བཏང་བ་དེར་བལྟས་ན་ཆོས་བརྒྱུད་སྤྱི་འཐུས་ཚོར་བསྡུར་རྒྱུ་ཟག་གང་ན་ཡོད།
འཛམ་གླིང་འདིའི་མང་གཙོའི་རྒྱལ་ཁབ་མང་པོ་ཞིག་ཡོན་ནའང༌། དེ་རྣམས་ཀྱི་ཁྲོད་དུ་སོ་སོའི་མི་རིགས་ཀྱི་གོམས་ཤིས་དང་བསྟུན་ཏེ། མང་གཙོའི་ཁྲིམས་ལུགས་མི་འདྲ་བ་གཅུང་ཟད་ཡོང་གི་ཡོད་པ་ལྟར། བོད་མིའི་གནས་སྟངས་དང་མཚམ་པའི་ཆོས་ལུགས་ཀྱི་སྤྱི་འཐུས་འཇོག་གནང་བའང་དགོས་པ་རྒྱུ་མཚན་ཆེན་པོ་ཞིག་ཡོད་པའང་སྨོས་མེད་རེད་འདུག་སྙམ་ལ། ཡིན་ནའང་ཆོས་ལུགས་ཀྱི་སྤྱི་འཐུས་ཀྱི་ནང་དུ་ཆོས་ལུགས་དེའི་ནང་ནས་གསུངས་པའི་ཉམས་ལེན་སྤུ་རྩེ་ཙམ་ཡང་མི་བྱེད་མཁན་རྐྱང་རྐྱང་སྔོན་གྱི་དུས་སུའང་སླེབས་མྱོང་ཡོད་པ་རེད་ལ། མ་འོངས་པ་ལ་ཡང་ཉམས་ལེན་ཚུལ་བཞིན་གནང་མཁན་ཞིག་སླེབ་ཡོང་སྙམ་པའི་རེ་བ་ནི་རྩ་བ་ནས་མེད་པར་སྙམ།
ཆོས་རྒྱུད་སྤྱི་འཐུས་དགོས་པ་མེད་ན། ཆོས་དོན་ལྷན་ཁང་ཀྱང་དགོས་པ་མི་འདུག དེ་ཤེས་རིག་ལྷན་ཁང་གི་ནང་དུ་བསྡུ་འགྲོ་གི་རེད། ཆོས་རྒྱུད་སྤྱི་འཐུས་ལ་ཆོས་ཀྱི་ཉམས་ལེན་དགོས་ཟེར་བ་ནི་བགད་མོ་ཤོར་བྱེད་རེད། ཆོས་རྒྱུད་སྤྱི་འཐུས་ཚོ་སྤྱི་འཐུས་ལྷན་ཁང་དུ་ཆོས་ཁྲིད་པར་འགྲོ་གི་ཡོད་པ་མ་རེད། ཆོས་རྒྱུས་སྤྱི་འཐུས་ཚོ་མི་མང་ལ་ཆོས་ཁྲིད་པའི་ཆེད་དུ་མ་རེད། བོད་དོན་བདེན་མཐའ་སེལ་བ་དང་བོད་ཀྱི་ཆོས་རིག་དང་དབུས་བཙན་བྱོལ་སྒྲིག་འཛུགས་དང་འབྲེལ་བ་བཟོ་བདེ་ལས་སོགས་ཀྱི་ཆེད་དུ་མ་གཏོགས་ཆོས་ཉམས་ལེན་བྱེད་པར་མི་འགྲོ་བ་ཤེས་དགོས་པ་རེད། དེ་ལྟར་དགོས་ན་ཆོས་དོན་བཀའ་བློན་ཀྱང་ཆོས་ཉམས་ལེན་བྱེད་མཁན་ཞིག་དགོས་པ་རེད་དམ།
མི་སྐྱ་ཡིན་པའི་མི་ཚེའི་ཉམས་སྨྱོང་གང་ལེགས་ཅན་གྱི་ཆོལ་ཁའི་སྤྱི་འཐུས་རྣམས་ཀྱིས། སྐུ་ཞབས་ཡིན་པའི་ཨ་རྐྱང་ཤ་རྐྱང་གི་ཆོས་ལུགས་སྤྱི་འཐུས་ཚོ་གང་བདེ་ཅི་བདེར་བེད་སྤྱོད་བྱས་དྲགས་ནས། སྐབས་འགར་ཟང་ཟིང་འདྲ་བཟོ་གི་ཡོད་ཚོད་རེད། ཡིན་ནའང་ད་བར་བོན་བན་ཆོས་ལུགས་སྤྱི་འཐུས་རྣམས་ཀྱིས་ནང་ཕན་ཚུན་ཆོས་རྩོད་ཆོས་འཁྲུགས་བྱེད་པ་ཕལ་ཆེར་མ་མཐོང་། དེས་ན་ཁྱེད་ཚོས་ཆོས་ལུགས་སྤྱི་འཐུས་ལ་སྡང་དགོས་པ་གང་ཡིན་ནམ། །
ཐོག་མར། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཞེས་པ་ཟུར་དུ་དགོས་སམ་ཞེས་པ་དེ་ཡིན། ཆོས་བརྒྱུད་གང་ཡིན་ཡང་ཆོལ་ཁ་གསུམ་གྱི་མི་སྣས་གྲུབ་པ་ཞིག་ལས་ཐ་དད་དུ་ཡོད་པ་མ་ཡིན་པས་ཟུར་དུ་དགོས་གལ་ཧ་ཅང་ཆེ་བ་མ་མཐོང་། འོན་ཀྱང་སྐབས་འདིར་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཞེས་བཅའ་ཁྲིམས་རིན་པོ་ཆེས་ཟུར་དུ་འདེམས་བསྐོའི་གོ་སྐབས་གནང་ཡོད། དེས་ན། ཆོས་ལུགས་ཀྱི་སྤྱི་འཐུས་དེ་སེར་མོ་ཞིག་དགོས་སམ་ཞེ་ན། དེ་ནི་ངེས་པར་དུ་དགོས་པར་མཐོང་། གང་ལ་ཞེ་ན། དེ་ནི་ཆོས་ལུགས་ཀྱི་ཆེད་དུ་ཟུར་བཅད་ཡོད་པའི་ཞབས་སྟེགས་ཤིག་ཡིན། དེར་མི་སྐྱས་ཞབས་སྟེགས་བླངས་དང་ལེན་བཞིན་པ་ནི་ཟུར་བཅད་དུ་བཞག་པའི་ཞབས་སྟེགས་ཀྱི་དགོས་དོན་མི་འཕེར་བ་དང། ཆོས་བརྒྱུད་སྤྱི་འཐུས་ཆེད་སེར་མོ་བ་རྣམས་ལ་འོས་འཕེན་པའི་ཐོབ་ཐང་ཟུར་དུ་གནང་བ་དེའང་ཆུད་ཟོས་སུ་སོང་བ་ལྟ་བུ་ཡིན།
ཆོས་བརྒྱུད་སྤྱི་འཐུས་དེ་སེར་མོ་བ་ཤེས་ཡོན་ཅན་ཞིག་བྱུང་ན་རབ་དང་དེ་མིན་རང་རེའི་སྤྱི་ཚོགས་དང་འཛམ་གླིང་གི་རྒྱུས་མངའ་ཕྲན་བུ་ཡོད་པ་ཞིག་ཐ་ན་དགོས་པ་ཡིན། དེ་ལྟར་བྱུང་བ་ཡིན་ན། རང་རེའི་གྲོས་ཚོགས་འདི་འཇིག་རྟེན་ཡ་རབས་ཀྱི་ལུགས་དང་ལྡན་པའི་གྲོས་ཚོགས་ཡང་དག་པ་ཞིག་ཏུ་འགྱུར་རྒྱུ་དང་། དེ་མིན་དེང་སང་མཐོང་ཆོས་སུ་ཡོད་པའི་གྲོས་ཚོགས་ར་བའི་ནང་གི་གནས་ཚུལ་འགའ་ལས་རྟོགས་ཐུབ།
ཡང་རེ་འགས་སེར་མོ་བ་ཤེས་ཡོན་ཅན་ནས་དེང་སང་གི་བཙོག་དྲེག་ཅན་གྱི་སྲིད་དོན་ནང་ཞུགས་ཏེ་སྤྱི་འཐུས་སུ་ཆ་ཤས་ལེན་གྱི་མ་རེད་ཅེས་གསུང་བཞིན་པ་དེ། འཇིག་རྟེན་ཡ་རབས་ཀྱི་ལུགས་ལ་བདེན་ཡང། ང་ཚོའི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་གནང་ན། དེ་ཙམ་གྱི་བདེན་པའང་མ་ཡིན། སེར་མོ་བ་ཤེས་ཡོན་ཅན་དག་གིས་སྣེ་འཁྲིད་དེ་ང་ཚོའི་མི་མང་སྤྱི་དང་ཡང་སྒོས་སྤྱི་འཐུས་རྣམས་ཚུལ་ལྡན་ཞིག་བཅོས་ཐུབ་པ་ཡིན་ན། ང་ཚོའི་བཙན་བྱོལ་གཞུང་ལ་སྟངས་འཛིན་ཚུལ་ལྡན་ཞིག་ཡོང་རྒྱུ་དང་། དེས་བོད་དང་བོད་མི་རིགས་ཀྱི་བདེན་མཐའ་གསལ་བར་ཕན་ནུས་སྦྱིན་པ་མ་ཟད། རང་ཉིད་ནས་ཀྱང་བསོད་ནམས་ཀྱི་ཚོགས་རླབས་ཆེན་གསོག་ཐུབ་པ་ཡིན།
གྲྭ་བ་སྤྱི་འཐུས་ལ་ཡོང་མི་ཆོག་དོན་ཅི་ཡོད། སྲོག་ནི་གཅད་མི་དགོས། རྐུ་ནི་བྱེད་མི་དགོས། མི་ཚངས་པ་ནི་སྤྱོད་མི་དགོས། རྫུན་ནི་བཤད་མི་དགོས། ཆང་ནི་འཐུང་མི་དགོས། སྤྱི་འཐུས་ལྷན་ཚོགས་འདི་དང་གྲྭ་ཚང་གཙང་མ་ཞིག་དང་ཁྱད་པར་ཅི་ཡང་མེད། སྤྱི་འཐུས་ཚང་མ་གྲྭ་བ་ཡིན་ན་ང་ནི་དགའ་ས་རེད།
ཆོས་རྒྱུད་སྤྱི་འཐུས་ཀྱི་དགོས་པ་ནི། ཆོས་ལུགས་ཆོས་རྒྱུད་ཕན་མཚུན་དབར་ལ་འབྲེལ་ལམ་ཡག་པོ་ཡོང་ཆེད་དང་བོད་ཀྱི་ཆོས་ཀྱིས་བོད་མིར་ཕན་འདོགས་ཇི་ལྟར་སྒྲུབ་དགོས་མིན། མ་ཟད་འཛམ་གླིང་གི་མི་རྣམས་ལ་ག་འདྲ་བྱས་ཏེ་ཆོས་ལུགས་པས་ཕན་འདོག་བྱེད་དགོས་མིན་དང་རྒྱལ་ཁབ་གཞན་གྱི་འཐུས་མི་སོགས་ཕེབས་ཚེ་ཁོང་ཚོར་བོད་ཀྱི་ཆོས་ཀྱི་ངོ་སྤྲོད་བྱེད་ཕྱོགས་དགོས་པ་དུ་མ་འདུག
ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ངམ་བསྒྲིག་འཛུགས་ཞིག་ཡིན་ཚེ་ཆོས་རྒྱུད་སྤྱི་འཐུས་ལ་དགག་བྱ་མེད། འགྲོ་བ་མིའི་ཐོབ་ཐང་གི་བསྒྲིག་གཞིར་སྲུང་བརྩི་འདོད་ན་སྐྱ་སེར་ཁྱད་མེད་འཐུས་མིར་ཡོང་ཆོག།
ཆོས་སྲིད་ཟུང་འབྲེལ་ཟེར་བའི་བསྒྲིག་གཞི་དེ་དུས་དེ་དང་དེའི་སྐབས་ལ་བལྟས་ཏེ་བཟོས་པ་ཞིག་ཡིན་པས་སྤྱི་ཚོགས་དང་མ་འཚམ་པ་བྱུང་ན་ངེས་པར་དུ་བསྐྱར་བཅོས་བྱེད་དགོས་ལ། སྔོན་བཅོས་ཀྱི་བསྒྲིག་གཞི་ལ་འབྱུང་འགྱུར་གྱི་དམངས་དོན་དང་འཚམ་པའི་ངེས་པ་མེད།
སྤྱིར་ཆོས་རྒྱུད་སྤྱི་འཐུས་ཡོང་ཁོངས་ལ་བལྟས་ན་ཕལ་ཆེ་བ་དགོན་སྡེ་ཁག་གི་སཱ་དཱ་དག་ཡིན་ཟེར་བའི་བཤད་སྲོལ་ཞིག་ཀྱང་འདུག གང་ལྟར་ཡང་ཆོས་རྒྱུད་སྤྱི་འཐུས་ཀྱིས་ད་བར་དུ་ཕན་གནོད་ཅི་བྱུང་ལ་བསམ་གཞིག་བྱེད་དགོས་པ་ཞིག་མཐོང་།
གྲྭ་བ་སྤྱི་འཐུས་ལ་ཡོང་མི་ཆོག་དོན་འདི་རེད། སྲོག་ནི་མི་གཅོད། རྐུ་ནི་བྱེད་མི་བྱེད། མི་ཚངས་པ་ནི་སྤྱོད་མི་དགོས། རྫུན་ནི་མི་བཤད། ཆང་ནི་མི་འཐུང་། སྤྱི་འཐུས་ལྷན་ཚོགས་འདི་དང་གྲྭ་ཚང་གཙང་མ་ཞིག་དང་ཁྱད་པར་ཅི་ཡང་མེད། སྤྱི་འཐུས་ཚང་མ་གྲྭ་བ་ཡིན་ན་ང་ནི་ངུ་ས་རེད། འདི་ཆོས་བཅའ་ས་མ་རེད། སྲིད་ལས་ས་རེད། སྲིད་ལས་ན་འདི་དག་འཇོན་དགོས། འདི་དག་མ་འཇོན་ན་རྒྱལ་ཁབ་ཞིག་ཕར་ཞོགས་ཁྱིམ་ཚང་ཞིག་ཀྱང་སོས་ས་མ་རེད།