ཀླུ་སྨྱོན།
—ཆོས་འཁོར་དུས་ཆེན་ལ་ཕུལ་བ།
ནམ་མཁའ་སྔོ་བའི་གནས་དེ་རུ། །
རི་དྭགས་མང་བའི་ནགས་དེ་རུ། །
མེ་ཏོག་འཁྲིགས་པའི་ཚལ་དེ་རུ། །
ཁྱེད་ཀྱིས་ཆོས་འཁོར་ཐོག་མར་བསྐོར། །
ཉི་འོད་དྲོ་བའི་གནས་དེ་རུ། །
རྩྭ་ལྗང་སྐྱེས་པའི་གནས་དེ་རུ། །
ཁ་ཁུ་སིམ་པའི་གནས་དེ་རུ། །
ཁྱེད་ཀྱིས་ཆོས་འཁོར་ཐོག་མར་བསྐོར། །
བྱ་བྱེའུ་མོད་པའི་གནས་དེ་རུ། །
བསིལ་རླུང་ལྡང་བའི་གནས་དེ་རུ། །
ཞིང་གྲོང་མང་བའི་གནས་དེ་རུ། །
ཁྱེད་ཀྱིས་ཆོས་འཁོར་ཐོག་མར་བསྐོར། །
བ་ལང་རྒྱུ་བའི་གནས་དེ་རུ། །
འབྲས་སྙེ་ལྡེམ་པའི་གནས་དེ་རུ། །
ཅོང་སྒྲ་ཐོས་པའི་གནས་དེ་རུ། །
ཁྱེད་ཀྱིས་ཆོས་འཁོར་ཐོག་མར་བསྐོར། །
ཆོས་ལུགས་མང་བའི་གནས་དེ་རུ། །
ལྷ་ཁང་མང་བའི་གནས་དེ་རུ། །
མི་ཚོགས་མང་བའི་གནས་དེ་རུ། །
ཁྱེད་ཀྱིས་ཆོས་འཁོར་ཐོག་མར་བསྐོར། །
ཕྱུག་པོ་མང་བའི་གནས་དེ་རུ། །
དབུལ་བོ་མང་བའི་གནས་དེ་རུ། །
མཛེས་མ་མང་བའི་གནས་དེ་རུ།
ཁྱེད་ཀྱིས་ཆོས་འཁོར་ཐོག་མར་བསྐོར། །
འདོད་ཆགས་འབར་བའི་གནས་དེ་རུ།
ཞེ་སྡང་འཕྱུར་བའི་གནས་དེ་རུ། །
གཏི་མུག་འཐིབས་པའི་གནས་དེ་རུ། །
ཁྱེད་ཀྱིས་ཆོས་འཁོར་ཐོག་མར་བསྐོར། །
གངྒྰ་བཞུར་བའི་གནས་དེ་རུ། །
སྦྱིན་སྲེག་བྱེད་པའི་གནས་དེ་རུ། །
ཕྱོགས་འགྲུལ་གཏིབས་པའི་གནས་དེ་རུ། །
ཁྱེད་ཀྱིས་ཆོས་འཁོར་ཐོག་མར་བསྐོར། །
ནམ་མཁའ་སྔར་བཞིན་སྔོ་ཞིང་བསང་། །
གངྒྰ་སྔར་བཞིན་ཆལ་ཆིལ་བཞུར། །
ཞིང་གྲོང་སྔར་བཞིན་མཛེས་ཤིང་སྡུག །
ཁྱེད་ཉིད་གང་གི་ཕྱོགས་སུ་གཤེགས། །
ནགས་ཀྱི་དཀྱིལ་དང་རི་བོའི་མགུལ། །
འབྲས་ཞིང་བར་དང་གངྒྰའི་འགྲམ། །
ག་ས་གང་དུ་བཙལ་ན་ཡང་། །
ཁྱེད་ཀྱི་ཞབས་རྗེས་གསར་པ་མེད། །
མི་ལོ་ཉིས་སྟོང་ལྔ་བརྒྱ་དེ། །
ཁ་སང་བཞིན་དུ་གསལ་ལྷང་ངེར། །
དེ་ཡི་དུས་ཀྱི་ཁྱེད་ཉིད་ཀྱང་། །
དེ་རིང་བཞིན་དུ་དུང་ལྷང་ངེར། །
ཀྱེ་མ་ཁོ་བོའི་བསླབ་པ་རལ། །
དམྱལ་བའི་སྒོ་ཡང་ལན་མང་བརྡུངས། །
དེ་ཡི་རྒྱབ་ཀྱི་གཤིན་རྗེ་ཡང་། །
འཛུམ་བཞིན་སྒོ་གླེགས་འབྱེད་ལ་བྲེལ། །
མ་རྒན་ཟེར་དུས་མིག་ཆུ་བཞུར། །
ཤ་ཚིལ་མཐོང་ཚེ་འགྲམ་ཆུ་བཞུར། །
ད་ནི་ཁོ་བོའི་ཕྱི་ནང་གཉིས། །
ནམ་མཁའི་མཐའ་བཞིན་རིང་བར་སོང་། །
དྲང་སྲོང་ཆེན་པོ་ཁྱེད་ཀྱི་མདུན། །
རྫུན་གཏམ་ཞུ་བར་གོམས་པ་བདག །
དེ་རིང་གནོང་འགྱོད་དྲག་པོར་བཅས། །
པུས་བཙུགས་ཐལ་མོ་སྦྱར་ཏེ་བཤག །
ཡག་པོ་ཞེ་དྲག་འདུག ངོ་མ་ཡིན།
གླུ་སྨྱོན་ལགས་ཀྱིས་ཧ་ཅང་ཕུལ་ཏུ་བྱུང་བ་ཞིག་བྲིས་འདུག
ཁྱེད་ཀྱིས་ཆོས་འཁོར་ཐོག་(མར་)བསྐོར། །
གོ་ཡ་མི་འདུག་ཨ་ཁུ་ལགས། ག་འདྲ་ཟེ་ལ་དོན་དེ་ལ་ཐོབ་པ་རེད། ཐོག་མ་སྟེ་བསྐོར་བའི་དོན་མ་རེད་ནེ། ང་ལ་ལན་ཞིག་ཡིན་གཅིག་མིན་གཉིས་དགོས་འི་ཡོད། ཁྱོ་གཤེགས་མ་སོང་གོང་ལ་འདི་དག་གསལ་བོ་བཟོས་ན་བཟང་མ་གཏོགས་ཨ་ལགས་ཀླུ་སྨྱོན་གྱིས་འདི་འདྲ་ཞིག་གསུང་ཡོད་པ་རེད་ཟེར་ནས་མི་རབས་རྗེས་མ་འཁྲུག་འགྲོ་སའི་ཉེན་ཁ་འདུག
རིག་པ་རང་སོར་ཞོག །ཆོས་ཉིད་ཟད་སར་སྐྱོལ། །མི་རྟག་སྒྱུ་མ་སྒོམ།།ཨ་འཐས་ཞེན་པ་ཆོད།།
བཀླགས་པ་ཡིན། ཤིན་ཏུ་ཐད་དོ།།
ཚིག་དོན་བཟང་པས་ཤིན་ཏུ་འཐད་དོ།།
ཀླུ་སྨྱོན་ཨ་བླ་རིངས་པའི་ངང་།
བྲིས་པའི་ཆོས་འཁོར་བསྐོར་བའི་གནས།
དངོས་དེ་དག་གི་བསྔགས་བརྗོད་ལུས།
སྔོན་གྱི་དགོན་བཤུལ་གར་སོང་ངམ།། ༡ །།
གནས་དེར་ཆོས་རྒྱལ་མྱ་ངན་མེད།
རྡོ་རིང་སེང་གེས་ཕྱོགས་བཞིར་ལྟ།
འཕགས་པའི་བདེན་པ་བཞི་མཚོན་བྱེད།
དངོས་དེ་འགྲེམ་སྟོན་ཁང་ན་མཆིས།། ༢ །།
རྒྱ་གར་རང་བཙན་ཐོབ་པ་ན།
སེང་གེ་ཕྱོགས་བཞིར་ལྟ་བ་དེ།
གཞུང་གི་རྒྱལ་བའི་རྟགས་སུ་དེ།
རྒྱ་གར་གཞུང་གིས་གུས་བཀུར་བྱེད།། ༣ །།
བདག་གི་སྟོན་པ་རྣམ་འདྲེན་བཞི་པ་མཉམ་མེད་ཟས་གཙང་སྲས་པོ་འདི་ཉིད་ལ་་་་བསྟོད་པ་དང་མཆོད་པ་འབུལ་བ་ནི་དངོས་གནས་དགེ་རྩ་རླབས་པོ་ཆེ་གསོག་པ་རང་རེད། མངོན་པོར་བསྟོད་ཏོ།།
མི་ལུས་ཐོབ་པ་སྡུག་བསྔལ་གཞི། །
བདེ་རྒྱུ་ཀུན་འབྱུང་དགེ་བར་གསུངས། །
གཏན་བདེའི་ཐར་པ་ཐོབ་འདོད་ན། །
དེ་ལྷག་ལམ་བདེན་སྒོམ་དགོས་གསུངས། །
ཀླུ་སྨྱོན་ལགས་ཀྱིས་ཐུབ་པའི་དབང་པོ་རྗེས་དྲན་དུ་སྙན་ངག་བྲིས་པར་ཡི་རང་།
ཀྱེ་མ་ཁོ་བོའི་བསླབ་པ་རལ། །ཞེས་སེམས་མུག་འདུག འདིར་བསླབ་པ་ཞེས་པ་སྡོམ་པ་ཨེ་ཡིན། དེ་ཡིན་ན་སོ་བྱང་སྔགས་གསུམ། སོ་ཐར་ལ་ཁྱིམ་པ་དང་རབ་བྱུང་གི་སྡོམ་པ་བཅས། རལ་ཞེས་པ་སྔགས་སྡོམ་གྱི་ཉེས་སྐྱོན་ལས་བྱང་སྔགས་ལ་འདིའི་ཐ་སྙད་ཨེ་སྦྱར། སྔགས་སྡོམ་ལས་འགལ་ན་འགལ། ཉམས། འདས། རལ། ཞེས་མ་བཤགས་པར་ཞག་གཅིག ཟླ་གཅིག ལོ་གཅིག ལོ་གཉིས་འདས་ན་ཕྱི་མ་ཕྱི་མ་ལྕི་བར་གསུངས།
གལ་ཏེ་རབ་བྱུང་གི་སྡོམ་པ་ནི་བསླབ་པ་ཕུལ་རུང་ལ། སླར་ལེན་ཡང་རུང་། ཡང་རབ་བྱུང་སྡོམ་པ་ཉམས་པ་དང་གཏོང་བ་གཉིས་ལས་དང་པོ་ནི་བྱུང་མེད་ཤག གཉིས་པ་ནི་འདུལ་བའི་ལུགས་དང་མཐུན་པས་མི་སྐྱོན།
འཕགས་པ་ལྷས། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །
ལྟ་ལས་དེ་ལྟར་མ་ཡིན་ནོ། །ཞེས་པའང་ཐུགས་ལ་འདོགས།
བགྲང་བྱ་ཉིས་སྟོང་ལྔ་བརྒྱའི་གོང་དུ་ཝཱ་རཱ་ཎ་སཱིའི་གནས་མཆོག་དེར།།
འཁོར་འདས་རྒྱུ་འབྲས་བདེན་བཞིའི་བླང་དོར་ལུཊ་འབྱུང་ལུཊ་ལྡོག་ཆོས་འཁོར་བསྐོར།།
ཡེ་ཤེས་ཁོང་ཆུད་བསྙེན་རྫོགས་དགྲ་བཅོམ་ལྔ་སྡེ་འདུས་པའི་དུས་ཆེན་དེར།།
དད་པའི་རྗེས་འབྲང་ཁོ་བོའི་སྙིང་ནས་རྗེས་དྲན་ཚིག་འདི་སྤེལ་འོས་སྙམ།།
ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནི་ཤཱཀྱ་མུ་ནེ་ཡེ་སྭཱཧཱ།
རལ་ཞེས་པ་སྔགས་སྡོམ་གྱི་ཉེས་སྐྱོན་ལས་བྱང་སྔགས་ལ་འདིའི་ཐ་སྙད་ཨེ་སྦྱར། ཞེས་པའི་༼བྱང་སྔགས་༽སོ་བྱང་ལ་བཅོས།
བཀླགས་ཟིན། སྐྱོ་སྣང་ཞིག་ཕྱིར་མངོན་པ་ཙམ་ལས་སྟོན་པ་དང་ཆོས་ཀྱི་ཡོན་ཏན་ནི་ཏིལ་འབྲི་ཙམ་ཡང་བསྟན་
མི་འདུག་ན་ཅིས་ཀྱང་ཕངས་སོ། །
ཀླུ་སྨྱོན་ལགས་ཀྱིས་ཡག་པོ་ཞིག་བྲིས་འདུག འཚེ་བ་ཆོས་སུ་སྨྲ་བའི་གནས་དེ་རུ།། ཞི་བའི་ཆོས་འཁོར་ཐོག་མ་ཁྱེད་ཀྱིས་བསྐོར།། བྱེད་པོ་ལྷ་རུ་འདོད་པའི་གནས་དེ་རུ།། བདེན་བཞིའི་གནས་ལུགས་ཐོག་མ་ཁྱེད་ཀྱིས་གསུངས།།
ཚ་དམྱལ་འདྲ་བའི་གནས་དེ་རུ།།
ཐལ་འཚུབ་ལྡང་བའི་གནས་དེ་རུ།།
ཇག་རྐུན་མང་བའི་གནས་དེ་རུ།།
ཁྱེད་ཀྱི་ཆོས་བསྐོར་ཅི་ཕྱིར་བསྐོར།།