ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
འཛམ་གླིང་མུན་པ་ནག་པོའི་ཀློང་ཀ་ན།།
ཨེ་ཝྃ་འོད་གསལ་སྙིང་པོ་སྟེར་པའི་མགོན།།
མ་འདྲིས་མཛའ་བཤེས་དམ་པ་ཤཱཀྱའི་སྲས།།
ཤེས་རབ་བསྟན་པའི་སྒྲོན་མེ་རྒྱལ་གྱུར་ཅིག།།
བདུད་དང་གདོན་གཟུགས་མུ་སྟེགས་ས་ཆེན་འགེངས།།
ཡང་དག་ལམ་བཟང་མི་ཤེས་དམུས་ལོང་ཚོགས།།
མི་ཤེས་གཡང་ས་འཇིགས་ལས་སྐྱབས་མཛད་པ།།
ཐུབ་དབང་ཤཱཀྱ་སེངྒེ་ཡང་ཡང་དྲན།།
ནག་ཕྱོགས་ལས་ཉོན་བདུད་ལས་རྣམ་རྒྱལ་ནས།།
རྡོ་རྗེ་གདན་དུ་མངོན་པར་སངས་རྒྱས་ཕྱིར།།
དྲང་སྲོང་རི་དྭགས་གནས་པའི་དགའ་ཚལ་དུ།།
བདེན་བཞིའི་ཆོས་འཁོར་བསྐོར་བར་བཀའ་དྲིན་དྲན།།
སྡུག་བསྔལ་ཤེས་པར་བྱ་བའི་གདམས་ངག་དང་།།
ཀུན་འབྱུང་སྤོང་བར་བྱ་བའི་ཐབས་ཤེས་ཀྱིས།།
ལམ་མཆོག་འཁྲུལ་མེད་རྒྱུད་ལ་སྐྱེས་པའི་ཚུལ།།
ཆོས་ཉིད་མྱང་འདས་གྲུབ་པའི་ཆོས་འཁོར་བསྐོར།།
ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་ཐུགས།།
ཟབ་རྒྱས་བདུད་རྩའི་གདམས་ངག་གནང་བའི་གསུང་།།
མཚན་དཔེའི་འོད་གསལ་བཞད་པའི་བཅོམ་ལྡན་འདས།།
འཇིག་རྟེན་གསུམ་གྱི་མགོན་པོ་སླར་ཡང་དྲན།།
དད་གུས་ལག་ཟུང་སྙིང་གི་དབུས་སུ་སྦྱར།།
བལྟ་སྒོམ་མིག་ཟུང་ཡིད་ཀྱི་ངེས་ཤེས་སྐྱེས།།
བསྐྱེད་རྫོགས་དམིགས་ཟུང་རིག་པའི་ངར་བསྐྱེད་ནས།།
ཟུང་འཇུག་དབྱེར་མེད་བདེན་དོན་རྣམ་པར་རྒྱལ།།
རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་།།
བསྟན་འཛིན་རྣམ་པའི་བཞེད་དོན་ལྷུན་གྱིས་གྲུབ།།
འགལ་རྐྱེན་ཀུན་ཞི་བསམ་དོན་བདེ་མྱུར་འགྲུབ།།
ཕུན་ཚོགས་མཐའ་དག་ཡིད་བཞིན་འཇོ་གྱུར་ཅིག།
ཞེས་པ་རབ་རྒྱན་ཤིང་རྟའི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་འཁོར་དུས་ཆེན་ཉིན་དད་གུས་ཆེ་བའི་སློབ་ཚོགས་རྣམས་དང་ལྷན་དུ་གངས་ལྡན་རི་བོའི་མགུལ་ཆོས་འཁོར་དུས་ཆེན་རྟེན་འབྲེལ་ཕྱིར་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་རིག་འཛིན་ཨེ་མ་ཧོས་གོསལ་བར་འདེབས་པར་དགེའོ།། དགེའོ།།དགེའོ།།
ཡུན་རིང་ཚོགས་གཉིས་གོམས་པ་མཐར་ཕྱིན་ཏེ།།
མི་མཇེད་ཞིང་འདིར་རྣམ་འདྲེན་བཞི་པར་གྱུར།།
འཛམ་གླིང་ཞི་བདེ་འདྲེན་པའི་དེད་དཔོན་མཆོག །
རྣམ་འདྲེན་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ།།
ཁྱེད་ནི་རང་དོན་དྲི་མ་ཡོངས་བྲལ་ཞིང་།།
གཞན་དོན་མཛད་པའི་རོལ་མོ་མཐའ་ལས་འདས།།
གདུལ་བྱའི་དཔལ་དུ་ཐར་པའི་ཆོས་ཆར་འབེབས།།
འགྲོ་ཀུན་ཐར་པའི་ལམ་བཟང་ཁྱེད་ཀྱིས་བསྟན།།
འཁོར་བ་ཆོས་བརྒྱད་སྒྲུབ་པའི་གཞི་མ་རུ།།
བསྟན་ཕྱིར་རྒྱལ་སྲིད་སྤངས་ནས་ནགས་སུ་གཤེགས།།
བརྩོན་པ་ཚོགས་གཉིས་རྩ་བར་བསྟན་ཆེད་དུ།།
དཀའ་སྤྱད་དྲག་པོའི་ངལ་བ་དང་དུ་བླངས།།
བདེན་བཞིའི་ཆོས་འཁོར།
སྡུག་བསྔལ་ཡོད་ཚད་ཤེས་དགོས་དང་། །
སྡུག་བསྔལ་རྒྱུ་རིགས་སྤོངས་དགོས་གསུངས། །
མངོན་མཐོ་ངེས་ལེགས་མྱང་འདས་ཕྱིར། །
ཐབས་ལམ་ཡོད་རྒུ་སྒྲུབ་དགོས་གསུངས། །
སྡུག་བསྔལ་རྒྱ་མཚོ་དམིགས་མེད་སྐེམ་བྱེད་ཕྱིར།།
ཀུན་འབྱུང་དུག་གསུམ་ཆུ་རྒྱུན་ཟེགས་མར་བརླག།
འགོག་པའི་རྒྱལ་སྲིད་སེང་ཁྲིར་འགྱིངས་ཕྱིར་དུ།།
ལམ་རྐྱེན་གཡུལ་དཔུང་བཅོམ་མཛད་ཤཱཀ་ཐུབ་རྒྱལ།།
རྟེན་ཅིང་འབྲེལ་བ་གསུང་གི་མཆོག
ཁྱོད་ཀྱི་ཤེས་རབ་བདོ་ཟླ་མེད།
རྙིང་རྗེས་བླངས་པའི་གཞན་ཕན་རྒྱུ།
ཁྱེད་ཀྱི་ཐབས་ལ་བདོ་ཟླ་མིན།
ཐབས་ཤེས་ཟུང་འབྲེལ་རྨད་བྱུང་བ།
སྟོན་པ་ཞེས་བྱ་ཤ་ཀྱའི་རིགས།
ཁྱེད་ཀྱི་གཞུང་ནི་ངོ་མཚར་ཆེ།