གནས་ཚུལ་མཁོ་གཏོང་བ། ཚངས་དབྱངས་རྒྱ་མཚོ།
ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་གསར་ལྟར་ན། ཉེ་སྔོན་ཕྱི་ཚེས་ ༡༩ ཉིན་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་། བསོད་ནམས་གཉིས་ཀྱིས་ལག་ཁྱེར་ཁ་པར་ཞིག་གི་ནང་དུ་ཁ་ཆེམས་ཞིག་བཞག་ཡོད་པ་ལག་སོན་བྱུང་འདུག གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་མ་བཏང་སྔོན་དུ་ལག་ཁྱེར་ཁ་པར་ཞིག་གི་ནང་དུ་ཁ་ཆེམས་ཞིག་བཞག་འདུག་ལ། ད་སྐབས་ཁ་ཆེམས་དེ་མི་མང་པོ་ཞིག་གིས་ཕན་ཚུན་ལ་ཁ་པར་བརྒྱུུད་ནས་སྐུར་རེས་བྱས་ཏེ་རྒྱ་ཁྱབ་ཏུ་འགྲོ་བཞིན་འདུག ཁ་ཆེམས་དེའི་ནང་དུ་གཙོ་བོ། ཁོང་གཉིས་ཀྱི་རང་ལུས་མེར་བསྲེགས་བཏང་དགོན་དོན་ནི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་སྐྱིད། བྱེ་བྲག་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་ཡིན་ཚུལ་དང་། ཡང་ངེད་གཉིས་མི་ཡུལ་འདིར་ཕ་མ་སྤུན་མཆེད་དང་། གཉེན་ཉེ་དུ་རྣམས་དང་ལྷན་དུ་འདུག་འདོད་མེད་པ་མིན་མོད། འོན་ཀྱང་འདུག་པའི་རང་དབང་མི་འདུག་ཅེས་དང་། དེ་བཞིན་དུ་ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས་ཁོང་གཉིས་ཀྱི་ཕུང་པོ་རྒྱ་མིས་འཁྱེར་ངེས་ཀྱང་། ནང་མི་སྤུན་མཆེད་དང་སྡེ་མི་སུས་ཀྱང་དེ་ལ་བཀག་འགོག་བྱེད་མི་དགོས། ཁོང་ཚོར་ག་རེ་བྱེད་ན་བྱེད་དུ་ཆུགས་ཞེས་སོགས་འཁོད་འདུག་ཟེར།
ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་དོན། ཉེ་སྔོན་སྣང་གྲོལ་ལགས་ཀྱི་ཁ་ཆེམས་དང་། ད་རེས་ཁོང་གཉིས་ཀྱི་ཁ་ཆེམས་ཀྱིས་མཚོན་པའི་དཔའ་བོ་ཚོའི་སྙིང་སྟོབས་སོགས་ལ་བརྟེན་ནས་འཛམ་ཐང་གི་བོད་མི་དག་ནི་དངོས་གནས་གཉིད་ལས་སད་བཅུག་སོང་ལ། ད་སྐབས་འཛམ་ཐང་གི་ཇོ་ནང་དགོན་སྡེ་ཁག་གི་གཙོས་སྐྱ་སེར་དབྱེ་བ་མེད་པར་ཁོང་གཉིས་ལ་གདོང་སེམས་མཉམ་བསྐྱེད་ཀྱི་ཕྱིར་དུ་མཆོད་འབུལ་ཚོགས་པ་དང་། མི་སྐྱ་རྣམས་ཀྱིས་ནང་འཛིང་དང་ནང་རྐུན་མི་བྱེད་རྒྱུའི་དམ་བཅའ་ཕུལ་དང་འབུལ་བཞིན་ཡོད་ལ། ཁོ་ཚོས་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་བསྟར་ཐབས་སུ་ཉེ་སྔོན་ནས་མཚོན་ཆ་ཚང་མ་དགོན་པར་ཕུལ་ཡོད་པ་དེ་དག དེ་རིང་སྟེ་ཕྱི་ཚེས་ ༢༣ ཉིན་འཛམ་ཐང་ཇོ་ནང་དགོན་ཆེན་དུ་མེར་བསྲེགས་བཏང་བཞིན་ཡོད་ལ། འདིར་མི་སྟོང་ཕྲག་ལྔ་ལྷག་འཛོམས་འདུག་ཟེར།
ཕྱི་ལོ་ ༢༠༡༢ ཟླ་ ༠༤ ཚེས་ ༡༩ བོད་ནང་ཉིན་གུང་ཆུ་ཚོད་ ༢:༢༠ ཡས་མས་སུ། འཛམ་ཐང་བར་མ་ཡུལ་ཚོའི་ཕ་དགེ་སྐོར་ཚོ་བའི་སྲུང་ཐར་དང། མ་པད་ནེ་གཉིས་ཀྱི་བུ་ཆོས་འཕགས་སྐྱབས་ལགས་དགུང་ལོ་ ༢༥ སོན་པ་དང། མ་སེམས་སྐྱེད་ཀྱི་བུ་བསོད་ནམས་ལགས་དགུང་ལོ་ ༢༤ སོན་པ་ཁོང་གཉིས་ཀྱིས། ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ། རྒྱ་ནག་གཞུང་གི་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེར་བསྲེགས་གནང་སྟེ། དུས་ཡུན་རིང་པོ་མ་འགོར་བར་རྒྱལ་གཅེས་དཔའ་བོ་ཁོང་གཉིས་སྐུ་གཤེགས་པ་དང་། རྒྱ་གཞུང་གིས་བཙན་བཀའ་བཏང་བ་ལ་བརྟེན་མཚན་ཆུ་ཚོད་དང་པོ་ཙམ་ལ་འཛམ་ཐང་དགོན་ཆེན་རྒྱབ་རིའི་དུར་ཁྲོད་དུ། བླ་གྲྭ་ཉིས་སྟོང་ལྔ་བརྒྱ་ལྷག་དང། མང་ཚོགས་སུམ་སྟོང་ལྷག་བཅས་མཉམ་འཛོམས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་གཉིས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་དགོས་ཐུག་འདུག
རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་ཉིན་མཚན་དུས་དྲུག་ཏུ་གདུང་སེམས་མཉམ་སྐྱེད་ཀྱིས་ཉིན་མཚན་དུས་དྲུག་ཏུ་དཔའ་བོ་རྣམས་པ་སངས་རྒྱས་ཀྱི་ས་འཁོད་པའི་སྨོན་འདུན་ཞུ་བཞིན་ཡོད།
ཆེས་ཀླ་ཀློ་ཆེས་སྡུག་རྩུབ་ཆེས་མུན་ནག་ཅེས་པ་ནི་ཤར་ཕྱོགས་སྲིན་པོ་རྒྱ་དམར་རང་ཡིན་པ་དངོས་བརྗེན་ཡིན་པ་འཛམ་གླིང་ནང་ཡོངས་ཁྱབས་རེད།
རྒྱལ་གཅེས་དཔའ་བོ་རྣམ་པ་གཉིས་ལ་ཚེ་སྲོག་མེ་དྲོད་མ་ཡལ་བར་དུ་རྗེས་སུ་ཡི་རངས་ཞུ།
བོད་ཀྱི་དཔའ་བོ་དཔའ་མོ་རྣམས་རྒྱལ་གྱུར་ཅིག བོད་རྒྱལ་ལོོོ།།
བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་དགོངས་འདུན་འགྲུབ་པའི་ཆེད་ང་ཚོས་བདེན་པའི་འཐབ་རྩོད་ནམ་ཡང་མཚམས་འཇོག་ཐབས་མེད། ཁྱོད་རྣམས་བདེ་བར་བཞུད་ནས་སླར་ཡང་གངས་ཅན་ལྗོངས་སུ་འཁྲུངས་བར་སྨོན།
ཁོང་ཚོའི་ལྷག་བསམ་དང་བློ་སྤོབས་སེམས་ལ་ཡང་ཡང་འཁོར་ཡོང་གི
སེམས་ཀྱི་མཐོ་སར་འཇོག་གི་ཡོད།
རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་། བསོད་ནམས་ལགས་གཉིས་ཀྱི་དབུས་སྔ་ཕྱིར་འཛམ་ཐང་ཁུལ་ནས་དཔའ་རྒོད་མང་པོ་ཞིག་ནས་གཅིག་རྗེས་གཉིས་མཐུད་གཅེས་པའི་སྐུ་ལུས་བོད་མི་རིགས་ཀྱི་རྩ་དོན་དུ་མཆོད་མེར་སྒྲོན་པ་དང་འབྲེལ་འཛམ་ཐང་ཁུལ་གྱི་སེར་སྐྱ་ཚང་མས་གནང་སྟངས་ལ་གཞིག་ན་འདི་ལོ་གྲོས་ཚོགས་སུ་ཇོ་ནང་མཆོད་ཡོན་གཞིས་བྱེས་གཉིས་ཀྱི་རིང་ནས་སྙིང་དུ་འདོད་པའི་དོན་བཙན་བྱོལ་སྤྱི་ཚོགས་ནང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་སྟངས་ཕུལ་རྒྱུ་ནི་ལུགས་གཉིས་གང་གི་ཆ་ནས་འོས་ཤིང་འཚམས་པ་ཞིག་མ་རེད་དམ།