ཀླུ་སྨྱོན།
(1939-1987)
ཆོས་རྒྱམ་དྲུང་པ་རིན་པོ་ཆེས་ལོ་རབས་དྲུག་ཅུ་བའི་ནང་དབྱིན་ཡིག་ཏུ་བྲིས་པའི་ཁོང་གི་སྐུ་ཚེའི་སྟོད་ཀྱི་རང་རྣམ་བོད་དུ་སྐྱེས་པ་ཞེས་པ་ཞིག་ཡོད་པ་དེ་ཨ་མདོ་བ་དེང་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་པད་མ་དབང་རྒྱལ་གྱིས་བོད་ཡིག་ཏུ་གང་འཚམ་ཞིག་བསྒྱུར་ཡོད་ལུགས་ཐོས།
ཁོང་གི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ནི་ཁོང་གི་གསང་ཡུམ་སྒྲ་ཡ་ན་སྨུག་པོ་ལགས་ཀྱིས་ལོ་ཤས་གོང་བརྩམས་པའི་དེབ་རྒན་ འབྲུག་སྒྲ། ངའི་མི་ཚེ་ཆོས་རྒྱམ་དྲུང་པ་དང་ལྷན་དུ་ ཞེས་པ་ཞིག་ཡོད་པ་དེར་གཟིགས་ན་ལེགས།
སྤྱིར་དྲུང་པ་རིན་པོ་ཆེ་འདི་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེས་ངོས་འཛིན་གནང་པའི་སྤྲུལ་སྐུ་ཞིག་ཡིན་ཞིང་། ཁོང་གི་དགོན་པ་དེ་ནི་ཁམས་ཟུར་མང་བདུད་རྩི་དིལ་ཞེས་པ་དེ་རེད། ཁོང་གི་རྩ་བླ་གཅིག་ནི་གངས་ཤར་མཁན་པོ་ཞེས་པའི་སྐུ་ཚེ་དེ་ལ་རྟོགས་པ་བརྙེས་པའི་རྣལ་འབྱོར་བ་དེ་རེད། སྐྱབས་བཅོལ་ལ་ཕེབས་རྗེས་གོང་ས་མཆོག་ནས་སྐབས་དེའི་སྤྲུལ་སྐུ་ཆུང་ཆུང་ཚོའི་ཚོགས་པ་དེའི་དགེ་རྒན་དུ་བསྐོ་བཞག་གནང་འདུག ཨ་སྐོང་སྤྲུལ་སྐུ་དང་མཉམ་དུ་དབྱིན་ཡུལ་ལ་ཕེབས་ནས་སློབ་གཉེར་ཁྱུག་ཙམ་གནང་རྗེས་ཨ་རིར་ཕེབས། དང་པོར་ཝེ་ཐི་ནམ་དམག་འཁྲུག་ལ་རྒོལ་བའི་ཨ་རིའི་སྐྱིད་ཉལ་རིང་ལུགས་པ་HIPPIEཚོ་དང་མཉམ་དུ་རོ་སྙོམས་ཀྱི་སྤྱོད་པ་ཡང་གང་འཚམ་ཞིག་བསྐྱངས།
དམག་ཐག་ཆོད་རྗེས་ཁོང་གི་ལྡོམ་གྲོགས་ཚོར་སྒྲིག་ཁྲིམས་བཟོས་ནས་སྤྱོད་པ་གཙང་བའི་ནང་ཆོས་དད་ལྡན་པར་བསྒྱུར་ཏེ་རིམ་པས་ཆོས་ཚོགས་ཁག་མང་གསར་འཛུགས་གནང་ཞིང་། མཐའ་མར་འཛམ་གླིང་སྟེང་དང་ཨ་རིའི་ནང་གི་ནང་པའི་མཐོ་སློབ་ཐོག་མ་ནྰ་རོ་བ་མཐོ་སློབ་གསར་འཛུགས་བསྐྱངས་པ་དང་། ཁོང་གི་མཛད་རྗེས་ཁྲོད་ནས་གཟེངས་སུ་ཐོན་པ་གཅིག་ནི་གོང་ས་ཡིད་བཞིན་ནོར་བུ་ཆེས་ཐོག་མར་ཨ་རིའི་ནང་ལ་ཁོང་གི་ཆོས་ཚོགས་ཀྱིས་གདན་ཞུ་གནང་སྟེ་གོང་ས་མཆོག་གི་མཛད་འཕྲིན་ནུབ་ཕྱོགས་སུ་འཕེལ་བའི་སྒོ་ཆེན་ཞིག་ཕྱེས་འདུག་པ་འདི་ངོ་མ་བསམ་བཞིན་བསམ་བཞིན་དད་པའི་ཡུལ་དུ་འཕོས། དེ་བཞིན་བོད་ཀྱི་བླ་ཆེན་ཀརྨ་པ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རྣམ་གཉིས་ཀྱང་ནུབ་ཕྱོགས་སུ་ཐོག་མར་གདན་ཞུ་མཁན་ཁོང་གི་ཆོས་ཚོགས་པ་དག་རེད། ཁོང་ནི་སྔགས་འཆང་བླ་མ་ཞིག་ཡིན་པས་བདུད་རྩི་མཆོད་པ་དང་ཕྱག་རྒྱ་བསྟེན་པའི་ཐད་ལ་སྐབས་དེའི་མི་དག་གི་བྱེད་སྟངས་བཞིན་ཡང་གནང་འདུག ཡིན་ན་ཡང་དགོང་ལོ་མཐོན་པོར་མ་བཞུགས་པར་སྔ་ཙམ་ནས་གྲོངས་འདུག ད་ལྟ་ཁོང་གི་ཡང་སྲིད་ཅིག་སི་ཏུ་རིན་པོ་ཆེས་ངོས་འཛིན་གྱིས་ཁོང་གི་གདན་ས་ཟུར་མང་དུ་བཞུགས་འདུག
ཁོང་དང་པོར་ཨ་རིར་ཕེབས་དུས་སྐུ་ཡོན་མཐོ་བ་མ་གཏོགས་འཇིག་རྟེན་གྱི་ཟང་ཟིང་ཅི་ཡང་མེད་པས་ཉི་མ་མང་པོར་ཁོང་བཟའ་འཚོ་གཉིས་ཀྱིས་འབྲས་སྐྱ་གཅིག་པོ་མཆོད་ནས་བཞུགས་ཚུལ་ཡང་རྣམ་ཐར་དུ་བྲིས་འདུག་པ་དང་། མཐའ་མར་གདུལ་བྱ་ནམ་མཁའ་ལྟ་བུར་རྒྱས་ཏེ་ནོར་ལོངས་སྤྱོད་རྒྱལ་པོ་ལྟར་ཆགས་པས་ཁོང་གིས། གྲྭ་རྐྱང་བཞིན་སྐྱེས། རྒྱལ་པོ་བཞིན་ཤི། ཞེས་པའི་གསུང་ཚིག་སྐད་གྲགས་ཅན་གཉིས་འབྲི་གནང་མཛད་པ་དང་། ཁོང་ནི་སྙན་ངག་གི་རྩ་མདུད་ཡོངས་སུ་གྲོལ་བ་ཞིག་ཡིན་པས་བོད་ཡིག་དང་ཁྱད་པར་དུ་དབྱིན་ཡིག་ནང་ཁྱད་དུ་འཕགས་པའི་སྙན་ངག་དུ་མ་བྲིས་ནས་སྐབས་དེའི་ཨ་རིའི་སྙན་ངག་པའི་གཙུག་རྒྱན་ཞིག་ཀྱང་ཁོང་གི་སྐུ་ཡོན་ལ་ཧ་ལས་ནས་བསྟོད་ཕྱག་ཕུལ་ནས་ཞབས་ལ་གཏུགས་པ་ཡོངས་གྲགས་རེད། དེ་བཞིན་ཁོང་ནི་རི་མོ་མཁས་ཅན་ཞིག་དང་རྒྱ་ནག་དང་འཇར་པན་པ་བཞིན་ཡིག་ཆེན་འབྲི་བའི་སྒྱུ་རྩལ་ལ་མཁས་པས་སྒྱུ་རྩལ་ཡིག་ཆེན་ཡང་དུ་མ་ཞིག་བྲིས་འདུག དེ་བཞིན་དབྱིན་ཡིག་ནང་བོད་པའི་ནང་ཆོས་ཀྱི་ཆོས་ཚིག་གསར་བཟོ་ཡང་གང་མང་ཞིག་གནང་ཡོད་པའི་ཁྲོད་ཀྱི་གཅིག་ནི། བོད་ཡིག་ཏུ་གྲུབ་ཐོབ་ཀྱི་རྟོགས་པ་ཞེས་པར་དབྱིན་ཡིག་ཏུ་crazy wisdom སྟེ་ཡེ་ཤེས་སྨྱོན་པ་ཞེས་བཏགས་པ་ལྟ་བུའོ།། ཁྱབ་འཇུག་གི་འཇུག་པ་བཅུ་ལྟ་བུའི་ཁོང་གི་མཛད་པ་དག་མདོར་བསྡུས་ན་བཅུ་རུ་འདུ་བ་སྟེ། ནང་ཆོས་གསུངས། སྙན་ངག་གྱེར། རི་མོ་བྲིས། སྤྲོ་བསང་གནང་། བདུད་རྩི་མཆོད། རིག་མ་བསྟེན། སྐྱེས་ཆེན་བསྐོངས། ཆོས་ཚོགས་བཙུགས། དེབ་རྒན་བརྩམས། སྒོམ་སྒྲུབ་གནང་བ་བཅས་སོ།། མཐའ་སྡོམ་དྲུང་པ་རིན་པོ་ཆེ་འདི་བས་ཤམ་བྷ་ལའི་མིང་འདི་སྐུ་ཚེ་གང་བོར་བེད་སྤྱོད་གནང་སྟེ་ཤམ་བྷ་ལའི་མིང་ཅན་གྱི་ཆོས་ཚོགས་དང་། དཔེ་སྐྲུན་ཁང་། དུས་དེབ། ཆོས་མགུར། རི་མོ། སྙན་ངག དར་ཆ། གྱོན་ཆས་སོགས་གང་མང་ཞིག་གསར་བཏོད་གནང་འདུག
འཕྲོས་བཤད། ཆོས་རྒྱམ་དྲུང་པ་རིན་པོ་ཆེ་འདི་བ་དང་ང་ཚོའི་སྙན་ངག་པ་འདས་པོ་དོན་གྲུབ་རྒྱལ་གཉིས་ཀྱི་ངོ་དབྱིབས་ལ་འདྲ་ས་ཧ་ཅང་མང་བས། འདིའི་ཕྱོགས་ནས་ཀྱང་ང་རང་ཁོང་ལ་དགའ།
དྲ་ཚིགས་འགན་འཛིན་པར་ཞུ་རྒྱུ། རྩོམ་ཡིག་དང་མཉམ་དུ་པར་རིས་སྤེལ་དུས་པར་རིས་ཀྱི་གཡས་གཡོན་གྱི་ས་སྟོང་དེར་རྩོམ་གྱི་ཡི་གེ་ཇི་ལྟར་དབབ་ཐུབ། འདི་ལ་བཀའ་ལན་ཞིག་གང་མྱུར་གནང་རོགས།
ཀླུ་སྨྱོན་ལགས།
པར་འཇུག་སྐབས་ insert post ཞེས་བཀོད་ཡོད་ས་དེའི་ཟུར་ན་ རི་མོ་དང་པར་རིས་ཀྱི་འདམས་ཁ་ཡོད་པ་ལ་བསྣུན་རོགས།
insert into post ཟུར་ན་ delete མ་གཏོགས་མི་འདུག པར་བཅུག་རྗེས་གང་ཞིག་ལ་རྟགས་རྒྱག་དགོས། མགོ་རྨོངས་སོང་། གཡས་འཇོག་གཡོན་འཇོག་དཀྱིལ་འཇོག་དང་། པར་གྱི་ཆེ་ཆུང་གདམ་ས་ཞིག་འདུག དེ་མ་གཏོགས་ཅང་རིག་གི་མི་འདུག
རི་མོ་དང་པར་རིས་ཀྱི་རྟགས་གྲུ་བཞི་དེའི་ནང་དུ་སོང་ནས་པར་རིས་སྤེལ་བ་ཡིན། དྲི་བ་ནི་པར་རིས་ཀྱི་གཡས་གཡོན་དུ་ས་སྟོང་ཞིག་ལྷགས་ཡོང་གི་འདུག་པས། དེའི་ནང་དུ་རྩོམ་གྱི་ཡི་གེ་ཡར་འབེབ་ལུགས་ག་འདྲ་ཞིག་ཡིན། ཁ་སྔོན་སྟོན་པའི་སྐུ་པར་སྤེལ་དུས་ཀྱང་དེའི་དཀའ་ངལ་དང་ཕྲད་ཀྱང་རྩོམ་སྒྲིག་པ་ཉིད་ཀྱིས་གནང་བ་ཡིན་དང་རང་འགུལ་གྱིས་ཡར་སོང་བ་གང་ལྟར་ཆུ་ཚོད་གཅིག་གི་རྗེས་སུ་རྩོམ་ཡིག་གི་མགོ་ས་སྟོང་དེའི་ནང་དུ་ཚུད་འདུག་ལགས།
དྲི་བ་ཡན་གར་བ་ཞིག་ནི་ཉིད་ཀྱིས་བསྒྱུར་གནང་བའི་སངས་རྒྱས་ཀྱི་དཔའ་རྟུལ་ཚོའི་དེབ་ལྷག་མ་རེ་དེ་གར་མངགས་ཉོ་བྱེད་ཆོག་ཏུ་ཡོད་དམ། ཡོད་ན་གུས་པའི་མིང་ཐོག་གཅིག་བསྐུར་གནང་ཨེ་ཐུབ། དེབ་ཀྱི་རིན་འབབ་དང་བསྐུར་གླ་བཅས་ཆད་མེད་དངུལ་འཛིན་འབུལ་ཆོག གལ་སྲིད་མེད་ན་བདུན་ཕྲག་འགའི་རྗེས་ནས་ངའི་སློབ་མ་ཞིག་རྡ་སར་འགྲོ་གི་འདུག་པས། བོད་ཀྱི་དུས་བབ་གསར་ཁང་ནས་དེབ་དེ་རེག་གི་ཨེ་ཡོད།
ངས་ཁྱེད་ལ་པར་རིས་ཤིག་བསྐུར་ཡོང་།
ཐུགས་རྗེ་ཆེ།
ཆོས་རྒྱམ་འབྲོང་པའི་དེབ་འདི་གཉིས་ལས་ཁོས་སྐྱེས་དམན་གིས་བྲིས་པའི་དེབ་དེ་སྙན་པོ་བྱུང་། ཁོང་གིས་བྲིས་པའི་དེབ་དེ་བོད་ནང་དང་བཙན་བྱོལ་ལ་ཡོང་བའི་གནས་ཚུལ་སྐོར་སྤྱིར་བཏང་ཅིག་རེད།
ཁོང་གི་སྐྱེས་དམན་གིས་བྲིས་པ་དེའི་ནང་། མཛད་སྤྱོད་མ་འདྲ་བ་མང་པོ་ཅིག་བྲིས་ཡོད་པས་ཀློག་བྲོ་བོ་འདུག མྱི་སྐྱིད་པོ། ཁ་རུ་ཁ་ཐུག དྲང་མོ། བཅོས་མའི་རྫུ་བག་དང་བྲལ་བ། སྒྱུ་རྩལ་གི་རིགས་ལ་དགའ་བ། རྟའི་གོམ་འགྲོས་གི་སྒྱུ་རྩལ་ལ་དམིགས་བསལ་དགའ་སྣང་གནང་མཁན ཨོ་ད་རུང་བུ་མོ་ལ་དགའ་བོ་ཡོད་པ་བཤད་མ་དགོས་པ་རེད།
གཟན་ཅིག་གོན། ཡིན་མདོག་མདོག་གིས་བཅོས་མའི་བརྟུལ་ཞུགས་བཟུང་བསྡད་ཡོད་ན་ཁོང་གི་གདུལ་བྱ་དེ་ཡང་དེ་ལྟ་བུ་ཅིག་རྒྱས་མི་སྲིད་སྙམ།
གལ་སྲིད་གཟན་གོན་ནས་ནུབ་ཕྱོགས་ཀྱི་གདུལ་བྱ་འདུལ་མཁན་ཞིག་ཡིན་ན་བླ་མ་བཟོད་པ་རིན་པོ་ཆེ་ལྟ་བུ་དགོས། དེ་མིན་ཉིད་ཀྱིས་གསུངས་པ་བཞིན་ཆོས་རྒྱམ་དྲུང་པ་ལྟ་བུ་ཞིག་ངོ་མ་ཕྱི་གཙང་ནང་གཙང་རེད།
རབ་གསལ་ལགས་སུ་ཐུགས་རྗེ་ཆེ་ཞུ། ཐམས་ཅད་ལེགས་འགྲུབ་བྱུང་སོང་།
ཆོས་རྒྱམ་དྲུང་པ་རིན་པོ་ཆེ་སྙན་ངག་ལ་ཡང་མཁས་པ་དེ་འདྲ་ཡིན་ན། ཁོང་གིས་བོད་ཡིག་གི་ནང་ལ་བྲིས་བའི་སྙན་ངག་མཐོང་སོང་ངམ།
དྲ་སྟེང་ལ་འཇོག་ཐུབ་ན་ཡག་པོ་འདུག ཧ་ཅང་བལྟ་འདོད་འདུག། སྒུག་ནས་ཡོད།
ཆོས་རྒྱམ་དྲུང་༼འབྲོང་༽པ་རིན་པོ་ཆེའི་སྙན་ངག་ཕལ་ཆེར་བོད་ཡིག་ནང་དུ་ཨེ་ཡོད་དམ་འདོད་ཀི། གང་ཡིན་ཟེར་ན་ཁོང་དགུང་ལོ་གཞོན་དུས་ནས་དབྱིན་ལན་དུ་སློབ་གཉེར་ལ་ཕེབས་པ་དང་ཨ་རི་ནས་གདུལ་བྱ་རྒྱས་པ་དེ་འདྲ་ཞིག་རེད་འདུག དངོས་གནས་བུ་ངར་བ་ཟེར་ནོ་རེད། བོད་ནང་ཁུལ་དུ་གྲགས་འགུལ་མེད་པ་མ་གཏོགས་ནུབ་ཕྱོགས་པའི་གྲངས་ནས་གདེངས་འཇོག་བྱེད་མཁན་མང་པོ་འདུག ཆོས་རྒྱམ་འབྲོང་པའི་གསུང་བཤད་དེ་འདྲ་ཉན་འདུན་ཡོད་ཚེ་ཡོའོ་ཏྲོའོ་ནང་ལ་སོང་དང་དེ་ན་རྒྱ་གར་གྱི་མཁས་དབང་ཀིར་ཤི་ན་མུ་ཏེ་སོགས་དང་ལྷན་དུ་གླེང་མོལ་བྱས་པ་དེ་འདྲ་རོབ་ཙམ་བལྟ་ཡ་འདུག
ཨ་རོ། ཨ་ལགས་ཀྱིས་འདི་འདྲ་ལབ་འདུག ཆོས་རྒྱམ་དྲུང་པ་རིན་པོ་ཆེ་འདིས་བོད་ཡིག་དང་ཁྱད་པར་དུ་དབྱིན་ཡིག་ནང་ཁྱད་དུ་འཕགས་པའི་སྙན་ངག་དུ་མ་བྲིས་ནས་སྐབས་དེའི་ཨ་རིའི་སྙན་ངག་པའི་གཙུག་རྒྱན་ཞིག་ཀྱང་ཁོང་གི་སྐུ་ཡོན་ལ་ཧ་ལས་ནས་བསྟོད་ཕྱག་ཕུལ་ནས་ཞབས་ལ་གཏུགས་པ་ཡོངས་གྲགས་རེད་ཟེར།
དེར་བརྟེན། ཆོས་རྒྱལ་དྲུང་པས་བོད་ཡིག་གི་ནང་ལ་བྲིས་བའི་སྙན་ངག་ཅིག་ཨ་ལགས་ཀྱིས་འཁྱེར་ཡོང་རྒྱུར་སྒུག་ནས་བསྡད་ཡོད།
ཡུན་རིང་གི་དྲ་གྲོགས་ལ་སོང་ངས་ཁྱེད་ལ་ཞབས་ཞུ་ཆུང་ཆུང་ཅིག་ཞུ་ཆོག
དར་ལམ།
ལུག་ཁྱུ་བདེ་བར་བཀྲམ་པའི་སྤང་ལྗོངས་མེ་ཏོག་གཡུ་བཞིན་མཛེས་པས་བཀྲག།
ཁ་ཏྭ་ཏུང་སྒྲ་སྒྲོགས་བཞིན་ཐང་ཤིང་ཡལ་གའི་སྐྱ་གར་གཏམ་གླེང་བག་ཡངས་བྱེད།།
བྲག་དམར་རྒོད་ཚང་ཅན་གྱི་དབུ་རྩེར་ལྷ་ཐོའི་དར་ཆ་རླུང་གིས་བསྐྱོད་ལ་ལྟ།།
འབྲོག་པའི་ཕྱུགས་ལྷས་ནག་པོར་སྦྲ་ཁྱིམ་རྩེ་ནས་དུད་པ་སྔོན་པོ་དལ་བུས་ལང་།།
བླ་མཆོད་མགྲོན་དུ་ཕེབས་པའི་རྔ་དང་དུང་གི་རོལ་མོས་གྲགས་ཆ་རྒྱང་ནས་སྒྲོགས།།
ས་མཐོ་བོད་ཀྱི་གངས་ཅན་ཡུལ་ལྗོངས་མཇལ་བས་དགའ་སྐྱོའི་བློ་སྣ་ལྡོག་ཏུ་མེད།།
ལ་མོ་སྟོང་ཕྲག་བརྒལ་ཀྱང་ས་མཐའ་མ་མཐོང་རླུང་གི་བཤུད་གླུར་ཉན་བཞིན་བསྐྱོད།།
ཆུ་བོ་སྟོང་ཕྲག་བརྒལ་ཀྱང་གནམ་མཐའ་མ་རྙེད་ཆུ་སྒྲའི་གཏམ་འཆལ་ཉན་པས་སུན།།
ཐག་རིང་འབྲོག་པའི་སྦྲ་ནག་མཐོང་བར་འདུན་པ་གཏད་ནས་བསྐྱོད་ཀྱང་སླེབ་རྒྱུ་མེད།།
རྟ་དྲེལ་ངལ་དུབ་ཆེ་བས་རྩྭ་ཆུ་མེ་ཤིང་འཛོམས་སར་སྡོད་གུར་བརྒྱབ་ན་བསམ།། ༡༩༧༢།༡༡།༡༠
ཟུར་ཟའི་ཡི་གེ
སྤུ་གྲི་སོ་ཡི་སྦྲང་རྩི་བལྡགས།།
མཁས་པའི་མིག་འབྲས་ཡིག་ཆས་བཏོན།།
མཛེས་མས་བཞིན་རས་ངོམ་པས་རྒས།།
དཔའ་བོ་འཇིགས་མ་ཤེས་པས་ཤི།།
འཁོར་བའི་ཆོས་ལ་གད་མོ་བྲོ།།
སྙན་གྲགས་ཆན་རྣམས་འོན་པར་གྱུར།།
བཟོ་བའི་ལག་པ་གྲུམ་བུས་གདུང་།།
ཕྱེ་ལེབ་མར་མེའི་ནང་དུ་མཆོངས།།
ལོང་བ་མེ་སྒྲོན་ཐོགས་ནས་འགྲོ།།
ཞྭ་བོ་རྐང་ཁྲིས་འཁོར་ལོས་རྒྱུག།
བླུན་པོ་གསུང་བཤད་ཟབ་ཅིང་མཁས།།
གད་མོ་ཤོར་བའི་སྙན་ངག་མཁན།།
དབུགས་ཀྱི་རྒྱུ་བ་ཟད་ཉེ་ཀྱང་།།
ཆོས་པ་ཆོས་བཞིན་སྤྱོད་པས་འཁོར།།
ཆོས་མ་སྤྱོད་ན་འཁོར་མི་ཤེས།།
སྡིག་ཅན་ཆོས་བཞིན་འཁོར་མ་ཤེས།།
འཁོར་མ་ཤེས་པ་སྲིད་ཀྱིས་འཁོར།།
རྣལ་འབྱོར་རྣལ་འབྱོར་སྒོམ་པས་འཁོར།།
རྩ་འཁོར་མེད་ན་རྣལ་འབྱོར་མིན།།
ཆོས་རྒྱམ་འཁོར་བ་བལྟས་པས་འཁོར།།
འཁོར་བ་མེད་ན་ཆོས་རྒྱམ་མེད།། ༡༩༧༢།༥།༢༢
ལྗང་གཞོན་དེབ་༧དང་༨ གཉིས་ལས་དྲངས། ཁོང་གི་རྩོམ་དེབ་སེམས་ཀྱི་ཟླ་བ་ཞེས་པའི་དབྱིན་ཡིག་གི་སྙན་དེབ་དེའི་ནང་བོད་ཡིག་སྙན་ངག་འགའ་ཤས་ཤིག་ཡོད་པ་དྲན། བོད་ཡིག་ནང་བྲིས་པའི་སྙན་ངག་མང་པོ་ཨེ་ཡོད་བསམ།
དེ་རིང་ཀླུ་སྨྱོན་དང་མགོན་པོ་འདི་གཉིས་ཀྱིས་ང་ལ་འདིའི་སྐོར་ཀློག་འདུན་ཞིག་སྐྱེ་བཅུག་སོང་། ཐུགས་རྗེ་ཆེ། རྩོམ་དང་མཆན། པར་བཅས་དཀའ་ལས་བརྒྱབ་ནས་བཙལ་བ་དང་བྲིས་པ་དེ་ལ་ཡང་ཡི་རངས་ཞུས་པ་ཡིན།
མགོན་པོ་ལགས་ཀྱིས་དྲངས་པ་འདི་ཙམ་ཞིག་ལས་ངས་ཀྱང་གཞན་ཆེར་མ་མཐོང་། ཡིན་ན་ཡང་འདི་ཙམ་གྱིས་ཁོང་གི་རྩོམ་རྩལ་མཚོན་ཐུབ་ཀི་འདུག
སེམས་ཀྱི་ཟླ་བའི་ནང་རིགས་ལྡན་དག་གམ་གེ་སར་གྱི་སྐོར་ལ་སྙན་ངག་བརྗིད་པོ་ཞིག་བྲིས་ཡོད་བསམས། ཁོང་གིས་འཇམ་དཔལ་མཚན་བརྗོད་ཀྱི། དམ་པའི་དོན་ནི་འཇིགས་པ་མེད། །ཅེས་པ་འདི་ཡང་སེ་བྲིས་འདུག ཁོང་གི་སྙན་ངག་ལ་རྡོ་གྲུབ་བསྟན་པའི་ཉི་མའི་སྙན་ངག་གི་ཁྱད་ཆོས་ལྡན།
ངས་ཀྱང་གོང་གི་༩༤་༩༥ནང་གི་ལྗང་གཞོན་དེ་ལས་ཆོས་རྒྱམ་དྲུང་པ་ཞེས་པའི་མི་འདི་དང་ཁོང་གི་སྙན་ངག་དག་ཐོག་མར་ངོ་ཤེས་པ་ཡིན། དེའི་སྔོན་དུ་གོ་ཡང་མ་མྱོང་།
དྲ་གྲོགས་རྒན་པ་ཚོར་བཀའ་དྲིན་ཆེ།
གོང་ལ་ངས་འབྲོང་པ་ཅེས་བྲིས་པ་དེ་ནོར་འདུག ངས་ཁོང་གི་ཕ་ཡུལ་ནང་ཆེན་འབྲོང་པ་ནས་ཡིན་བསམ་ནས་དེ་ལྟར་བྲིས་པ་ཡིན། ལྗང་གཞོན་ནང་དྲུང་པ་བྲིས་ཡོད་པ་རེད། ཡིན་ན་ཡང་། ངས་ཡར་མར་འཚོལ་ཞིབ་ཅིག་བྱས་པ་ཡིན། ཁོང་གི་མི་ཚེའི་ལོ་རྒྱུས་དྲ་གནས་ནང་བཀོད་པའི་ནང་ trungpa བོད་ཡིག་ནང་ དྲུང་པ་ཟེར་ནས་བོད་ཡིག་རང་བྲིས་འདུག
ཨ་རོགས། དབྱིན་ཡིག་ནང་ཁོང་ལ་ཆེ་བསྟོད་བྱས་པ་ལྟར་ན་ཐོ་རངས་སྐར་ཆེན་ཙམ་མིན་པར་ཤར་ཕྱོགས་གི་ཉི་མ་ཆེན་པོ་ཅེས་བྲིས་འདུག ཁོང་གི་མཛད་པ་དེ་སློབ་དཔོན་རིན་པོ་ཆེར་བསྡུར་གི་འདུག སློབ་དཔོན་རིན་པོ་ཆེས་ནང་ཆོས་བོད་ལ་སྤེལ་བ་དང་ཆོས་རྒྱམ་དྲུང་པས་ནང་ཆོས་ནུབ་ཕྱོགས་ལ་སྤེལ་བ་གཉིས་བསྡུར་གི་འདུག་ག ངོ་མ་ཡིན་ན་དེའི་སྔོན་ནས་ནང་ཆོས་ནུབ་ཕྱོགས་ལ་དར་ཡོད་པ་རེད། བོད་གི་ནང་ཆོས་ཅེས་བཤད་ན་དེ་བཤད་སྲོལ་ཅིག་རེད།
གོང་ས་མཆོག་གིས་དྲུང་པ་རིན་པོ་ཆེ་ནི་ནུབ་ཕྱོགས་ཨ་རིའི་ནང་ཆོས་པ་ཚོར་མཚོན་ན་གུ་རུ་རིན་པོ་ཆེ་ལྟ་བུ་ཞིག་རེད་ཅེས་གསུངས་པ་ནས་ཁོང་ལ་དེ་ལྟར་ཆེ་བསྟོད་ཞུ་སྲོལ་ཞིག་དར་བ་རེད་ཟེར། གང་ལྟར་ནང་ཆོས་ནུབ་ཕྱོགས་སུ་དར་བ་དེ་ནི་ཁོང་གི་བྱས་རྗེས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཆགས་ཡོད་འདུག་ལ། ནང་ཆོས་ནུབ་ཕྱོགས་སུ་སྤེལ་བར་བྱས་རྗེས་ཅན་བཀའ་བརྒྱུད་པའི་བླ་མ་ཀ་ལུ་རིན་པོ་ཆེ་ཞུ་བ་དེ་ལ་ཡང་ལོ་རྒྱུས་སྙན་པོ་གང་འཚམ་རེ་འདུག
དྲུང་པ་རིན་པོ་ཆེའི་གསུང་ཆོས་འགའ་འདི་ན་འདུག
http://www.shambhala.org/teachings/category.php?media=video
གོང་དུ་ཕྱག་གཉིས་པས་བཤད་པའི་གེ་སར་ལ་བསྟོད་པ་ལྟ་བུའི་བོད་ཡིག་གི་སྙན་ངག་ཅིག་དབྱིན་ཡིག་གི་དེབ་ཅིག་གི་ནང་དུ་བཀོད་ཡོད་པ་ངས་ཀྱང་ལོ་ཤས་སྔོན་མཐོང་མྱོང་།
ཤེས་སོང་། ཐུགས་རྗེ་ཆེ།
ཨོ། ད་ལྟ་བཞུགས་པའི་སྲས་ས་སྐྱོང་ཞེས་པ་དེ་ཡང་སྙན་ངག་པ་ཞིག་རེད་ཟེར་གྱིན་མི་འདུག་གམ། ག་འདྲ་བྲིས་ཡོད་ཤེས་སོང་ངམ།
ང་ན་ནིང་ཕྱི་ཟླ་ ༡༡ ནང་ལས་ཀའི་ཆེད་ཆོས་རྒྱམ་དྲུང་པས་བསྟི་གནས་ཆགས་ས་ཁོལུ་ཪ་ཌོ་མངའ་སྡེ་ལ་ཕྱིན་པ་ཡིན། ཁོ་ལུ་ར་ཌོ་མངའ་སྡེ་ནི་ཨ་རིའི་ནང་བོད་ལུགས་ནང་པའི་ཆོས་ཚོགས་ཆེས་མང་ས་དེ་ཡིན་སྐད། ས་དེ་གའི་རི་མགོ་དང་ཡུལ་མིའི་ཁང་མགོར་དར་ལྕོག་རླུང་རྟ་བཙུགས་ཡོད་པ་ཧ་ཅང་མང་པོ་རེད། སྦོལ་ཌིར་གྲོང་ཁྱེར་ནང་དུ་ཡོད་པའི་ནཱ་རོ་པ་སློབ་གཉེར་ཁང་གིས་ས་ཆ་ཆེན་པོ་བཟུང་འདུག་ལ་སློབ་གཉེར་པ་ཡང་མང་པོ་འདུག ཤམ་བྷ་ལ་ཆོས་ཚོགས་ཀྱང་ཁྱབ་ཆེན་པོ་ཡོད་ས་རེད། ཆོས་རྒྱམ་དྲུང་པས་ཨ་རིའི་ཡུལ་དུ་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གཞུང་སྤེལ་བར་བྱས་རྗེས་ཆེན་པོ་བཞག་འདུག
གཞན་ཞིག་ནི་ཁོ་ལུ་ར་ཌོའི་འབྲོག་སར་གཡག་ཁྱུ་དང་ཁྱུ་བྱས་ནས་མཐོང་རྒྱུ་འདུག བཟའ་ཆས་ཚོང་ཁང་དུ་གཡག་ཤ་ཤ་གནག་དང་ཚགས་ཤ་ཡང་བཙོང་རྒྱུ་འདུག
ཡར་མར་བཅོ་བརྒྱད་གླེང་བས་མཐར་ནི་ཆོས་རྒྱམ་དྲུང་བ་ཚང་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཚང་མས་ཁ་གཅིག་གྲགས་ཆགས་སོང་། འོན་ཀྱང་། བོད་ཀྱི་ནང་ཆོས་ཕྱི་རུ་སྤེལ་མཁན་ཟེར་བ་ལས་བོད་ཀྱི་གསང་སྔགས་ཕྱི་ལ་སྤེལ་མཁན་གྱི་གྲུབ་ཐོབ་ཆོས་རྒྱམ་དྲུང་བ་ཚང་ཟེར་ནས་བོས་ན་འཚམ་པོ་ཡོད་ས་རེད།
དྲུང་པ་རིན་པོ་ཆེ་ལོ་རྒྱུས་ཐ་འཐོར་རེ་ཤ་བྷ་ལ་ཉི་མ་ལས་ཀློག་མྱོང་། ཕྱུག་བདག་གི་བུ་མོ་ལོ་བཅུ་དྲུག་ཅན་མ་སྒྲ་ཡ་ན་ལོ་ཉེར་་དགུ་ཅན་གྱི་བོད་ཀྱི་སྤྲུལ་སྐུ་དྲུང་པ་རིན་པོ་ཆེ་ལ་སེམས་ནས་ལོན་ཌོན་ནས་སི་ཁོ་ལེན་ལ་བྲོས་བའི་ལོ་རྒྱུས་བྲིས་འདུག སྒྲ་ཡ་ན་ལ་ ཁྱེད་འཇིགས་རྟེན་འདི་ཐོག་གི་་ང་་ཆེས་དགའ་ས་དེ་མ་རེད་ཟེར་ནས་མོ་ཧང་སང འདུག འོ་ན་སུ་ཡིན་ནམ་ཞེས་དྲིས་དུས་ང་ཆེས་དགའ་ས་ནི་ དྷར་མ་༼ནང་ཆོས༽རེད། ཁྱེད་ནི་ངིའ་དགའ་ས་གཉིས་པ་དེ་རེད།ཟེར་བ་དང་ ངས་དྷར་མ་ས་ཐོག་འདིར་སྤེལ་མ་ཐུབ་ན་ང་འཇིགས་རྟེན་འདི་ནས་སྡད་མ་སྡད་མི་འདུག་ཟེར་ནས་རང་སྲོག་གཅོད་རྩིས་བྱས་སོགས་དྲིན་གི་འདུག
གོང་གི་དྲ་མཆན་མང་བོ་༴ཞིག་བརྒྱུད་ཆོས་རྒྱམ་དྲུང་པོའི་སྐོར་རོབ་ཙམ་བློ་བསྐྱེད་བྱུང། ཐུགས་རྗེ་ཆེ།
དྲ་གྲོགས་ཚོ་ལ་ཐུགས་རྗེ་ཆེ་་གུང་དུ་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཡི་སྐོར་ལ་མང་པོ་ཞིག་བྲིས་འདུག་པར་ཧ་ཅང་གི་དགའ་པོ་བྱུང་། ཕྲན་གྱི་སྔོན་མ་དེ་སྐོར་ཕྲན་བུ་ཤེས་ཀྱི་ཡོད་ཀྱང་ནུབ་ཕྱོགས་སུ་ནང་ཆོས་ཐོག་མར་སྤེལ་མཁན་ཡིན་པ་ངེད་མ་ཤེས་ཁྱེད་ཀྱི་གསུངས་པར་ལྟར་ན་ཁོང་ལ་སྙན་རྩོམ་མང་བོ་ཞིག་ཡོད་ཚུལ་གསུངས་འདུག་བར་ཁྱེད་ལ་དུས་ཚོད་ཡོད་ན་དེ་དག་རིམ་བཞིན་དྲ་ཐོག་ཏུ་བཀོད་ཐུབ་ན་ཧ་ཅང་ཕན་ཐོག་ཆེ་། ཕྲན་རང་ནི་དམིགས་བསལ་གྱི་སྙམ་རྩོམ་ལ་དགའ་མུས་ཆེ། ཐུགས་རྗེ་ཆེ་དྲ་གྲོགས་ལགས།
ལྷ་ཀླུ་གཉན་གསུམ་ལགས་ ཁྱེད་རང་གིས་བོད་པ་ཚང་གི་འགན་ཁུར་ནས་མང་དག་ཞིག་འབྲི་གནང་གི་འདུག་བར་དགའ་བོ་བྱུང་དྲ་གྲོགས་ལགས།་ ཕྲན་རང་བོད་ཡིག་ཀློག་ཡག་ལ་དགའ་བོ་ཡོད་མཁན་ཞིག་ཡིན་། དུས་རྟག་ཏུ་བོད་པ་ཚང་གི་སྐོར་བསམས་བློ་གཏོང་མཁན་ཡིན། ཚིག་ཐད་དྲགས་མི་འདུག་ད་དུང་མུས་མཐུན་ནས་བྲིས་ཤོག་་ ཁྱེད་རང་གི་གསུངས་པ་ལྟར་སྐད་ཕྱུག་པོ་བཟོ་རྒྱུ་དེ་རེད་དངོས་གནས་བདེན་པ་རེད་འོན་ཀྱང་ང་ཚོ་ཚང་མས་
ལས་འགན་ཆེན་པོ་རེད་། བདེན་ནོ་བདེན་ནོ་མུས་མཐུན་ནས་ཕེབས་ཤོག་
ང་རང་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་དབྱིན་ཇིའི་ཡུལ་ལ་ཡོད་པའི་ཐོག་མའི་སློབ་མ་འགའ་ཤས་མཉམ་དུ་ཡུན་རིང་གྲོགས་པོ་འགྲིགས་མྱོང་། ཁོང་ཚོས་བཤད་རྒྱུར་དྲུང་པ་རིན་པོ་ཆེ་ཨ་རིར་ཕེབས་ནས། Calorado གྲོང་ཁྱེར་ལ་སྤོས་རྗེས། ཨ་རིའི་ Hippy མཉམ་དུ་འཚོ་བ་བསྐྱལ་རྒྱུ་འགོ་ཚུགས་ནས། དེ་ཚོའི་ཤུགས་རྐྱེན་གྱིས་ཨ་རག་དང་ཉལ་ཐག་སོགས་སྤྱོད་པར་འགྱུར་ཟེར། རྗེས་མ་ཁོང་གི་ཟླ་བོ་སྒྲ་ཡན་ན་ཡིས་བྲིས་པའི་དྲུང་པའི་ལོ་རྒྱུས་ལྟ་སྐབས། དེ་དངོས་ཡོད་རེད་འདུག ཁོང་གི་མི་ཚེའི་མཐའ་མ་དེ་ཉམས་སྐྱོ་བོ་བྱུང་འདུག དང་པོ་ཁོང་གི་ཟླ་བོ་དེས་དྲུང་པའི་སློབ་མ་ཞིག་མཉམ་དུ་ཕྱིན་ནས་དྲུང་པ་དབྱུགས་འདུག དེའི་རྗེས་དྲུང་པ་དུག་སྤྱོད་ཡས་ཤུགས་ཆེ་རུ་ཕྱིན་ནས་རང་འཚོ་མ་ཟིན་པར་འགྱུར་འདུག མཐའ་མ་ཟླ་བ་མང་པོ་ཁང་པའི་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་ནས་ནག་ཁུང་ནང་གཅིག་པུར་བསྡད་འདུག སྟབས་མ་ལེགས་པར་ཁོང་གི་སློབ་མ་གཙོ་བོ་དེར་AIDSཟེར་བའི་སྲིན་འབུ་ཁྲུག་པའི་ནད་དེ་བགོས་སྟབས། ཆོས་ཚོགས་ནང་ལྐོག་བཤད་ཀྱི་གནས་ཚུལ་མང་པོ་དང་། ཁ་གསལ་མིན་པའི་གཏམ་བཤད་མང་པོ་ཁྱབ་རྡལ་བྱུང་ནས། མི་ལ་ལས་དྲུང་པ་ཡང་AIDS ན་བཞིན་ཡོད་ཟེར། དེའི་སྐབས་ལ་ཁོང་གི་མི་ཚེའི་མཐའ་འཇུག་དེར་སླེབས་བཞིན། མཐའ་ན་ལོ་མང་མཉམ་དུ་གཤིབ་པའི་ཟླ་བོས་དོར་བ་དང་། ལོ་མང་གཅེས་པར་བསྐྱངས་པའི་སློབ་མ་ཚོས་ཀྱང་རྨ་ཁའི་སྟེང་ཚྭ་བསྟོར་བ་བཞིན་ངན་སྨྲས་བྱས་པ་འདི་ལ་སྐྱོ་བ་དྲག་པོ་དང་ཡིད་ཐང་ཆད་ནས། Depression ཟེར་བའི་སེམས་སྡུག་གི་ནད་དྲག་པོས་འཇིབས་ནས། ཡིད་སྐྱོ་བོའི་ཐོག་གྲོངས་འདུག
སྒྲ་ཡ་ན་སྨུག་པོས་བྲིས་པའི་རྣམ་ཐར་ཀློགས་དང་སྐུ་གྲོངས་དུས་སྒྲ་ཡ་ན་ཡང་སྨན་ཁང་དུ་ཡོད།
དབྱིན་ཡིག་གི་ ཤམ་བྷ་ལ། རྩ་ཆེ་བའི་དམག་ལམ་ ཞེས་པའི་དེབ་ནང་བཀོད་ཡོད་པའི་ཆོས་རྒྱམ་དྲུང་པའི་སྙན་ངག་ཐོར་བཏུས།
ཐོག་མ་ཐ་མ་མི་དམིགས་ཤིང་། །
སྟག་སེང་ཁྱུང་འབྲུག་དཔལ་དང་ལྡན། །
བརྗོད་ལས་འདས་པའི་གཟི་བརྗིད་ཅན། །
རིགས་ལྡན་རྒྱལ་པོའི་ཞབས་ལ་འདུད། །
ཐོག་མ་ཐ་མ་མེད་པ་ཡི། །
སྲིད་པའི་མེ་ལོངཆེན་པོ་ལས། །
ཞེས་དང་།
མི་ཡི་སྲིད་པ་མངོན་པར་ཤར། །
དེ་ཚེ་གྲོལ་དང་འཁྲུལ་བ་འབྱུང་། །
གདོད་ནས་གྲོལ་བའི་གཟི་བརྗིད་ལ། །
དོགས་སྐྲག་ཐེ་ཚོམ་ཤར་བའི་ཚེ། །
སྡར་མའི་ཁྱུ་ཚོགས་ཇི་སྙེད་བྱུང་། །
གདོད་ནས་གྲོལ་བའི་གཟི་བརྗིད་ལ། །
སྤྲོ་ཞིང་རྗེས་སུ་འབྲང་བའི་ཚེ། །
དཔའ་བོའི་ཁྱུ་ཚོགས་ཇི་སྙེད་བྱུང་། །
སྡར་མའི་ཁྱུ་ཚོགས་མང་པོ་དེ། །
བྲག་ཕུག་ནགས་ཀླུང་དག་ཏུ་ཡིབ། །
སྤུན་ཟླ་བསད་ནས་ཤ་ལ་ཟོས། །
དུད་འགྲོ་རྣམས་ཀྱི་རྗེས་སུ་འབྲངས། །
གཅིག་གིས་གཅིག་ལ་འཇིགས་སྐྲག་བསླངས། །
དེ་ཚེ་རང་སྲོག་རང་གིས་བཅད། །
ཞེ་སྡང་མེ་དཔུང་ཆེན་པོ་སྦར། །
འདོད་ཆགས་ཆུ་བོ་རྟག་ཏུ་འུར། །
ལེ་ལོའི་འདམ་རྫབ་ངན་པར་འཕྱོ། །
ནད་དང་མུ་གེའི་བསྐལ་བ་བྱུང་། །
གདོད་མའི་གཟི་བརྗིད་ལ་གུས་པའི། །
དཔའ་བོའི་ཁྱུ་ཚོགས་མང་པོ་རྣམས། །
ལ་ལ་ས་མཐོའི་རི་བོར་ཕྱིན། །
ཤེལ་གྱི་གསེས་མཁར་མཛེས་པ་བརྩེགས། །
ལ་ལ་མཚོ་གླིང་མཛེས་པར་ཕྱིན། །
ཡིད་དུ་འོང་བའི་ཕོ་བྲང་བརྩེགས། །
ལ་ལ་བདེ་བའི་ཐང་ལ་ཕྱིན། །
ནས་འབྲས་གྲོ་ཡི་སོ་ནམ་གཞོལ། །
ཀུན་ཀྱང་རྟག་ཏུ་རྩོད་པ་མེད། །
རྟག་ཏུ་བྱམས་ཤིང་གཏོང་ཕོད་ཆེ། །
མ་བསྐུལ་རང་བྱུང་སྤྱང་གྲུང་གིས། །
གོང་མ་རིགས་ལྡན་རྟག་ཏུ་གུས། །
ཞེས་དང་།
དོགས་སྐྲག་ཅན་གྱི་སེམས་ཉིད་དེ། །
བྱམས་པའི་མཛངས་ར་དག་ཏུ་བཅུག །
རྟག་ཏུ་ཐེ་ཚོམ་མེད་པ་ཡི། །
ཟབ་ཅིང་གསལ་བའི་འོ་མ་བསྣུན། །
འཇིགས་པ་མེད་པའི་གྲིབ་བསིལ་དུ། །
དགའ་ཞིང་སྤྲོ་བའི་རླུང་གཡབ་གཡོབ། །
དེ་ནས་ན་ཚོད་རྒྱས་པ་ན། །
སྲིད་པའི་ཟློས་གར་སྣ་ཚོགས་ཀྱིས། །
རང་བྱུང་རྩེད་མོའི་ར་བར་ཁྲིད། །
དེ་ལས་ན་ཚོད་ཆེར་རྒྱས་པས། །
གདོད་མའི་གཟི་བརྗིད་སྤེལ་བའི་ཕྱིར། །
དཔའ་བོའི་མདའ་ར་དག་ཏུ་ཁྲིད། །
དེ་ལས་ན་ཚོད་ཆེར་རྒྱས་པས། །
གདོད་མའི་རང་གཤིས་སད་པའི་ཕྱིར། །
མཛེས་ཤིང་གཟི་བརྗིད་ལྡན་པ་ཡི། །
མི་ཡི་སྲིད་པར་བལྟ་རུ་བཅུག །
དོགས་སྐྲག་ཅན་གྱི་སེམས་དེ་ཉིད། །
དཔའ་བོའི་སེམས་ལ་འགྱུར་སྲིད་ཅིང་། །
རྟག་ཏུ་གཞོན་པའི་གཟི་བརྗིད་དེ། །
ཐོག་མཐའ་མེད་པའི་མཁའ་རུ་བརྡལ། །
དེ་ཚེ་ཤར་ཆེན་ཉི་མ་མཐོང་། །
ཞེས་སོ། །
ཨེ་མ་ཧོ། །
རྗེ་ནུབ་ཕྱོགས་ཉི་མ་བསོ་རྒྱལ་གཅིག །
དགེ་ནུབ་ཕྱོགས་དུང་ཟླ་བཟོད་པ་གཉིས། །
ཆོས་ནུབ་ཕྱོགས་སྐར་ཆེན་དྲུང་པ་གསུམ། །
ཆོས་འཇིག་རྟེན་སྒྲུབ་པའི་དེད་དཔོན་ལགས། །
བསམ་ཤེས་ན་ཆོས་སྲིད་བཀའ་དྲིན་ཆེ། །
ཆོས་མེད་པའི་ཡུལ་དུ་ཆོས་སྒར་བཏབ། །
ཆོས་མདོ་སྔགས་སྙིང་པོའི་བསྟན་པ་སྤེལ། །
སྐྲ་གསེར་མདོག་ཅན་ཚོ་ཆོས་སྒོར་བཙུད། །
རྗེ་ལས་རབ་གཏེར་གསར་ཆོས་གླིང་གཅིག །
སྐུ་བྱམས་ཆེན་རིང་བསྲེལ་ལྷ་ཁང་གཉིས། །
དོན་ཤམ་བྷའི་དཔེ་བསྐྲུན་བཟོ་གྲྭ་གསུམ། །
གྲོགས་མཐོང་རྒྱ་ཅན་ལ་རླུང་ལྟར་གྲགས། །
གྲགས་ཆེ་བ་འཇིག་རྟེན་ཆོས་བརྒྱད་རེད། །
བློ་གཟུར་གནས་ལམ་ནས་དཔྱད་པ་ན། །
རྗེ་པད་འབྱུང་གསང་གསུམ་ཡོན་ཏན་རྣམས། །
འདྲ་སྙམ་ན་ཁྲོམ་བུའི་རུས་སྦལ་མཚུངས། །
ཆོས་བར་དོའི་ཆོས་ཚོང་དཔེ་ཁྲིད་གཅིག །
སྐུ་རིང་བསྲེལ་སྐུ་ཚོང་འགྲེམ་སྟོན་གཉིས། །
དོན་འཁོར་བའི་ཆགས་སྲེད་ཆོས་སྨྲ་གསུམ། །
དུས་དེང་སང་མགོ་སེར་དེ་ལ་དགའ། །
དགའ་ཆེ་ནས་དད་གུས་ལྡན་པ་ཚོས། །
ཆོས་ཆོས་ཉིད་བདེན་པ་མཐོང་བ་དང་། །
ཆོས་ཆོས་བཞིན་སྤྱོད་པ་འགའ་རེ་ཙམ། །
དོན་འཇིག་རྟེན་སྒྲུབ་ནས་ཕལ་ཆེར་འཁྲུལ། །
གང་ལྟར་ཡང་རང་སེམས་དྲི་མེད་ན། །
ཆོས་དགེ་བ་སེམས་ཀྱི་གཏིང་ན་ཡོད། །
དོན་བཟང་ངན་ཐམས་ཅད་བཏགས་པ་ཙམ། །
དེ་གོ་བས་མྱོང་དང་རྟོགས་པར་མཛོད། །
དཔལ་རྡོར་ནས་ཅི་དྲན་དུ་ཕུལ། །
་་་་་་་་ ད་ལྟ་ཁོང་གི་ཡང་སྲིད་ཅིག་སྔ་འགྱུར་གྲུབ་དབང་པད་ནོར་རིན་པོ་ཆེ་ཚང་གིས་ངོས་འཛིན་གྱིས་ཁོང་གི་གདན་ས་ཟུར་མང་དུ་བཞུགས་ཡོད་ཚུལ་ཐོས། ་་་་་་་་་
ད་ལྟ་ཁོང་གི་སློབ་གཉེར་ག་འདྲ་ཡོད་དམ། ལགས།