རྫ་ཚེ་རིང་བཀྲ་ཤིས།
འཕགས་པ་མ་རིག་མུན་སེལ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།
ཉིན་འདི་ཀའི་རིང་ལ་ཆོས་རྒྱལ་ནམ་མཁའི་ནོར་བུ་ཐའེ་ཝན་དུ་ཕེབས་ཏེ་ཐེག་པ་མཆོག་གི་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་ཡོད། འོན་ཀྱང་། ང་ཚོ་བོད་པ་ཚོས་ཁོང་གི་སྐོར་ལ་དོ་སྣང་གང་ཡང་མེད། ཐའེ་ཝན་ན་ཡོད་པའི་བོད་པ་དག་གི་ནང་ལ་ཁོང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞིག་ཏུ་བརྩིས་ནས་བཀའ་ཆོས་ཞུ་བར་གཅར་མཁན་དང་། བོད་ཀྱི་རིག་གཞུང་ལ་མཛད་རྗེས་རྨད་དུ་བྱུང་བའི་ངེས་པ་དོན་གྱི་གངས་ཅན་གྱི་ཁྱད་ནོར་ཞིག་ཏུ་རྩིས་ནས་འཚམ་ཞུར་གཅར་མཁན། ཡང་ན་ཁོང་ནི་རིག་པའི་ནོར་གྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་རྩིས་ནས་བཀའ་སློབ་ཞུ་མཁན་དང་རང་རང་གི་ཆོས་ཚོགས་སུ་གདན་ཞུས་བྱེད་མཁན་བཅས་ཀྱི་མཇལ་གཅར་མཁན་ཞིག་ཧ་ལམ་མི་འདུག ཐའེ་ཝན་ཙམ་མ་ཡིན་པར་ང་རྒྱ་གར་དུ་བསྡོད་པའི་མི་ལོ་འགའི་རིང་ལ་ཡང་བཙན་བྱོལ་གྱི་སྒྲིག་འཛུགས་སམ་མཐོ་རིམ་སློབ་གྲྭའི་མཁས་པའི་བགྲོ་གླེང་དང་འཆད་ཁྲིད་ཀྱི་བཀོད་སྒྲིག་པ་སུ་ཞིག་གིས་ཀྱང་ཁོང་ཉིད་གདན་འདྲེན་ཞུས་པ་ཞིག་དང་། ཁོང་ཕེབས་ནས་མཛད་པ་འཕྲིན་ལས་བསྐྱངས་པ་ཞིག་བོད་པའི་སྤྱི་ཚོགས་སུ་མཐོང་ཐོས་མ་བྱུང་། དེས་ན་ང་ཚོ་ནི་མིག་ཡོད་ཀྱང་དམ་པ་ངོ་མི་ཆོད་མཁན་དེ་ཆགས་གྲབ་འདུག
ང་ཚོ་འདས་ཟིན་པའི་སྐྱེས་བུ་རླབས་ཆེན་དེ་དག་ལ་སྐབས་དེའི་མི་དག་གིས་འོས་ཤིང་འཚམས་པའི་ངོས་འཛིན་མ་ཐོབ་པར་ལེ་བདའ་བྱེད་རྒྱུར་ཤིན་ཏུ་དགའ་ན་ཡང་། རང་ཉིད་ཀྱི་དངོས་ཡོད་ལོ་རྒྱུས་ལ་འགན་འཁུར་མི་ཐུབ་པའི་ཞན་ཆ་དེ་མང་པོ་ཞིག་གིས་ཚོར་གྱིན་མེད།
ང་མདང་ནུབ་ཁོང་གི་བཀའ་ཆོས་ལ་བཅར། བཀའ་ཆོས་དེར་རྒྱ་རིགས་དང་ཕྱི་རྒྱལ་གྱི་མིས་ཚོགས་ཁང་ཧྲིལ་གྱིས་གང་ཞིང་། ཁོང་གི་བཀའ་ཆོས་དེ་འཛམ་གླིང་ཡོངས་སུ་ཐད་གཏོང་གིས་སློབ་མ་ཁྲི་སྟོང་མང་པོས་གསན་རྒྱུ་ཡིན་འདུག་ན་ཡང་། བོད་བརྒྱུད་ཀྱི་རྗེས་འཇུག་རྒྱའི་གྲྭ་བཙུན་རྒན་ཁོག་གཅིག་གཉིས་ཤིག་ལས་གཞན་པའི་བོད་ཀྱི་བླ་མ་དང་གྲྭ་པ་ནི་ང་གཅིག་པུ་རེད། དེ་ནི་ཁོང་གི་ཉིན་ལྔའི་རིང་གི་བཀའ་ཆོས་ཀྱི་ཐོག་མའི་དབུ་འཛུགས་ཡིན་ཞིང་། མདང་ནུབ་ཀྱི་བཀའ་ཆོས་ནི་དངོས་གཞིའི་བཀའ་ཆོས་དབུ་འཛུགས་སྔོན་གྱི་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་སྐོར་རེད། དངོས་གཞིའི་བཀའ་ཆོས་ནི་རྫོགས་པ་ཆེན་པོའི་རྡོ་རྗེའི་གླུ་ཞེས་པ་སྙིང་ཐིག་གི་བསྟན་པ་བུ་གཅིག་གི་རྒྱུད་ཀྱི་ཆ་ཤས་ཤིག་རེད།
དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་བཞིན་པ་དང་བཀའ་མོལ་གསུང་སྐབས་དབུ་ཅུང་ཟད་འདར་ཞིང་། སྐུ་སྟོད་ལ་སྤྱིར་བཏང་གི་ནང་ལྭ་གསུམ་བརྩེགས་ནས་གསོལ་ཡོད་ཀྱང་། སྐུ་སྨད་ལ་རས་དམར་པོའི་ནབ་དོར་སྲབ་མོ་ཁེར་རྐྱང་པུས་མོ་མན་ལ་སླེབས་ཙམ་ཞིག་ལས་གཞན་མནབ་མི་འདུག་རྒྱས་སྤྲོས་ཅི་ཡང་མེད་པའི་དེང་ལུགས་ཀྱི་ནབ་བཟའ་བཞེས་སྟངས་དེ་ནི་ཞོགས་པ་སྔ་པོར་གྲོང་ཁྱེར་སྤྱི་གླིང་གི་ལྕང་སྡོང་དག་གི་འགྲམ་ཏུ་གཟུགས་པོ་སྦྱོང་བཞིན་པའི་སྒྲེས་སོང་ཞིག་དང་ཧ་ཅང་འདྲ། དབུ་སྐྲ་འཇམ་པོར་ཤད་ནས་སྐུ་རྒྱབ་ཏུ་བཅིངས་ཡོད་ཅིང་། དབུ་སྐྲའི་ནང་དུ་སྐྲ་ནག་པོ་ཉག་མ་གཅིག་ཀྱང་མེད་པ་ལྟ་བུ་དཀར་སེང་ངེ་བར་འདུག ཞལ་ལ་གཉེར་རིས་ཧ་ལམ་མེད་ཅིང་། ཞལ་གྱི་མདངས་དང་བཀྲག་ནི་ལྟ་བས་ཆོག་མི་ཤེས་པ་ཞིག་སྟེ། དགེ་བསྙེན་ཆེན་པོ་འབྲོམ་སྟོན་པ་ཡང་འདི་འདྲ་ཞིག་མེད་དམ་སྙམ་པ་འཆར། འདི་ལོ་སྐུ་ལུས་ལ་གཤག་བཅོས་ཞུས་ཡོད་འདུག་ཀྱང་བཀའ་མོལ་གསུང་སྐབས་སོགས་ལ་མ་བདེ་བའི་རྣམ་པ་ཡེ་མེད་པ་དང་གསུང་གདངས་ཤིན་ཏུ་ཆེ། ནང་ཆོས་ཀྱི་ཆེད་སྤྱོད་ཀྱི་ཐ་སྙད་དང་ལུང་འདྲེནབོད་སྐད་ཐོག་སྐྱོར་གནང་མཛད་སྐབས་ཁམས་སྡེ་དགེའི་སྒྲ་གདངས་ཀྱི་རྣམ་པ་ཤིན་ཏུ་གསལ། མཚན་མོ་ཆུ་ཚོད་གཉིས་ལྷག་གི་བཀའ་ཆོས་དེ་དབུ་བཙུགས་པ་ནས་ཉན་མཁན་སུ་ལ་ཡང་ངལ་དུབ་ཀྱི་རྣམ་པ་སྤུ་ཙམ་མེད་པར་ཧ་ཅང་འཁྲུག་ཆ་དོད་པའི་ཕུལ་བྱུང་གི་གློག་བརྙན་ཞིག་ལྟ་བཞིན་པ་ལྟར་ཡུད་ཀྱིས་འདས། ང་ལ་མཚོན་ན་དབྱིན་སྐད་གཏན་ནས་མི་ཤེས་ཀྱང་ཁོང་གི་ཆགས་ཐོག་བྲལ་བའི་གསུང་གི་མཉམ་འགྱུར་དང་། བཟབ་ནན་ལས་སྤུ་ཙམ་མི་གཡོ་བའི་རྣམ་འགྱུར་རེ་རེ་ནི་སེམས་ལ་སྨྲ་རུ་མི་གཏུབ་པ་ཞིག་རེད། ལྷག་མ་རྒྱ་ཡིག་གི་སྐད་བསྒྱུར་བརྒྱུད་ནས་གོ་ཐུབ་ཀྱིན་འདུག
ཁོང་གི་བཀའ་མོལ་དེ་ནི་མགོ་བཙུགས་ཙམ་ནས་ཤ་འོད་དྲག་ཏུ་རྒྱུག་པ་ལྟར་ཚམ་ཚོམ་མེད་པ་དང་། ཕར་ལྟས་ཚོད་ལ་ཁོང་གི་དྲན་མཛོད་དུ་འཁྱིལ་བའི་མཁྱེན་རབ་ཀྱི་རྒྱ་མཚོ་ལས་ཐོན་པའི་ལེགས་བཤད་ཀྱི་རྦ་རླབས་དེ་དག་རེ་རེ་བཞིན་དུས་ཚོད་དང་བང་ཁ་འགྲན་པའི་སྒོ་ནས་ཧ་ཅང་མགྱོགས་པོའི་སྒོ་ནས་གསུང་ཅི་ཐུབ་བྱེད་ཀྱིན་ཡོད་པ་ལྟར་སྣང་ཞིང་། ཁོང་བཀའ་མོལ་གྱི་མཇིངས་སུ་ཞུགས་པའི་ངང་ཚུལ་དེ་ནི་སྦྱོང་བརྡར་ཧ་ཅང་ལེགས་པའི་རྒྱལ་སྤྱིའི་ལུས་རྩལ་པ་ཞིག་རྩེད་འགྲན་གྱི་ཡུལ་ས་ན་མཆིས་པ་དང་འདྲ། ཁོང་ལ་ཚིག་གི་བརྗོད་ལེགས་པ་དང་། དོན་གྱི་གནད་ཟབ་པ། ཀུན་གྱིས་གོ་སླ་པ་བཅས་ཀྱི་འཆད་སྟངས་ཕུལ་དུ་ཕྱིན་པ་ཞིག་ཡོད་པ་ལས་གཞན་པའི་ཁྱད་ཆོས་ཤིག་ནི། རང་ཉིད་ཀྱི་ཚད་དུ་སོན་པའི་རྟོགས་པ་དང་རྨད་དུ་བྱུང་བའི་མཁྱེན་རབ་ལ་ཐེ་ཚོམ་སྤུ་ཙམ་མེད་པ་དང་། རང་དབང་གི་བཙན་ས་ཟིན་པ། འཆད་མི་ཚར་བའི་གནད་འགག་ཁྲི་ཁྲི་འབུམ་འབུམ་གྱིས་གཅིག་གིས་གཅིག་བསུས་ཏེ། རྒྱུག་ར་ན་ཁ་རྡང་སྒྲིག་བཞིན་པའི་རྒྱུག་རྟ་བཟང་པོའམ། རག་ཁ་ཤོར་བའི་ཆུ་མཛོད་བཞིན་ཁོག་དཀའ་བ་ལྟ་བུའི་འཆད་སྟངས་ཤིག་ཡོད་པ་དེ་ནི་ཤེས་རབ་ཅན་གྱི་འཆད་པ་པོ་སུ་ཞིག་གི་ཐོག་ནས་ཀྱང་མཐོང་དཀའ་བ་ཞིག་རེད། ཡིད་ཕངས་པ་ཞིག་ལ་ཡུལ་ས་དངོས་ཀྱི་ཚོར་སྣང་ཅི་བཞིན་པ་ནི་བརྡ་སྤྲོད་ཀྱི་ཚད་གཞི་དམའ་བའི་ངའི་སྙུག་རྩེ་ནས་གཏན་ནས་བརྗོད་ཐུབ་ཀྱི་མི་འདུག
ངས་དེ་ལྟར་གློག་བརྙན་ལྟ་བུའི་ཚོར་སྣང་དེ་དག་ལ་ཡུད་ཀྱིས་མྱོང་རོལ་བྱེད་བཞིན་པའི་དུས་སུ། དེང་སྐབས་ས་ཆ་འདིར་ང་ཚོའི་བོད་བརྒྱུད་ནང་ཆོས་ཀྱི་མཐོང་དང་ཆ་འཇོག་རྒྱལ་སྤྱིའི་དངུལ་རྩ་ལྟར་བརྟན་ལ་མི་བརྟན་པ་ཞིག་ཏུ་འགྱུར་བཞིན་པའི་དུས་རིམ་འདིར་། ཁོང་ལྟ་བུའི་ཁྱད་དུ་འཕགས་པའི་ཆོས་ཀྱི་སློབ་དཔོན་དག་ལ་ང་ཚོ་བོད་པ་ཚོས་ཐུན་མོང་གིས་སྒྲིག་འཛུགས་ལྡན་པའི་གོ་སྒྲིག་གིས་སྣེ་ལེན་ཞུས་ཏེ་བཀའ་སློབ་གནང་དུ་འཇུག་པ་དང་། ཐའེ་ཝན་གྱི་བརྒྱུད་ལམ་ཆེན་པོ་ཁག་དང་། གཙུག་ལག་སློབ་ཆེན་ཁག་ཏུ་སྐུལ་སློང་གིས་ལེགས་སྦྱར་དང་གཞི་རྒྱ་ཆེ་བའི་ནང་ཆོས་ངོ་སྤྲོད་སོགས་ཀྱི་ལས་རིམ་རེ་བཀོད་སྒྲིག་ཞུ་ཐུབ་ཡོད་ན་ཅི་མ་རུང་སྙམ་པ་དང་། ང་ཚོས་སོ་སོ་དང་སོ་སོའི་འབྲེལ་ཡོད་བླ་ཆུང་སྤྲུལ་ཆུང་དག་གི་དོན་དག་ཉེ་ཚེ་བའི་ཆེད་དུ་ཁྱབ་བསྒྲགས་ཆེན་པོ་བྱ་རྒྱུ་དང་འབྲེལ་ལམ་འཛིན་རྒྱུ་སོགས་གལ་ཆེན་ཏུ་མ་བརྩིས་པར་སྐྱེས་བུ་དམ་པ་འདི་ལྟ་བུ་ལ་ངོ་རྟགས་ཆོད་པའི་འོས་འཚམས་ཀྱི་ཞབས་ཏོག་ཕུལ་ཡོད་ན་སྙམ་པ་དང་། ང་ལ་ཡང་ནུས་ཤུགས་ཤིག་ཡོད་ན་རྒྱུ་མཚན་གང་ཡང་མེད་པའི་ཐེ་ཚོམ་ཉི་ཚེ་བ་དེ་དག་ཡོངས་སུ་དོར་ནས་འདི་ལྟ་བུའི་སྐྱེས་བུ་དག་ལ་བསྙེན་བཀུར་ཞུ་ངེས་སྙམ་པ་སོགས་ཀྱི་ཚོར་བ་དང་རྣམ་རྟོག་བར་མེད་དུ་གཡོས།
ངས་ཁོང་ལ་འདི་ལྟ་བུའི་གུས་ཞབས་བྱེད་པ་དེ་དེ་རིང་གི་ཡུལ་ས་དངོས་ཀྱི་ཐད་ཀའི་ཚོར་བ་ལས་གཞན་པའི་རྒྱུ་མཚན་ཁག་གཉིས་ཡོད་དེ། གཅིག་ནི་ཁོང་ཉིད་རྫོགས་པ་ཆེན་པོའི་བསྟན་པ་ལ་གཞན་དྲང་མི་འཇོག་པའི་ཆོས་ཀྱི་སློབ་དཔོན་ཞིག་ཡིན་པ་དང་། གཞན་ཞིག་ནི་༸གོང་ས་མཆོག་ལ་དམ་ཚིག་ཧ་ཅང་བརྟན་པའི་ཐོག་ནས་ཁ་བ་གངས་ཅན་གྱི་ལྗོངས་ལ་ལྷག་བསམ་དང་བོད་རིག་པ་ལ་མཛད་བརྗེས་འགྲན་ཟླ་དང་བྲལ་བ་ཞིན་ཡིན་པས་བཅས་ཡིན། འདི་དག་ནི་ངས་སྔ་མོ་ནས་ཁོང་གི་རྨད་དུ་བྱུང་བའི་གསུང་རྩོམ་ཁག་མཇལ་བ་ལས་ཐོབ་པའི་ངེས་ཤེས་ཡིན།
དེའི་ཕྱིར་ངས་ཟླ་བ་གཅིག་གི་སྔོན་དུ་ལམ་ཁ་ཞིག་ནས་ཁོང་གི་བཀའ་ཆོས་ཀྱི་འགྲེམ་བརྡ་ལག་ཏུ་སོན་ཞིང་དེ་མ་ཐག་ཁོང་ལྟ་བུའི་ཕྱི་རྒྱལ་ལུང་པ་ཐག་རིང་པོ་ན་བཞུགས་པ་ཞིག་ས་ཆ་འདིར་གསེར་གྱི་ཕ་བོང་སྒོ་ལ་འགྲིལ་བ་ལྟར་ཕེབས་པར་མ་མཐའ་ཡང་ཞལ་མཇལ་གསུང་ཐོས་ཤིག་མ་ཞུས་ན་རྗེས་མ་མགྱོད་པ་སྐྱེ་ངེས་རེད་སྙམ་པའི་ཚོར་སྣང་དྲག་པོ་བྱུང་ཐོག་ང་གསུང་ཆོས་དེ་ཞུ་སར་ངེས་པར་ཡོང་གི་ཡིན་ཞེས་ཚིག་ཐག་ཆོད་པོས་ལབ་པ་དང་མཉམ་སླར་ཡང་ལམ་འགྲམ་གྱི་ཆོས་བརྡ་འགྲེམ་མཁན་དེ་ལ་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞེས་ཞུས་པ་ཡིན།
འོན་ཀྱང་མང་པོ་ཞིག་གིས་ནམ་མཁའི་ནོར་བུ་ནི་བོན་རྒན་ཞིག་མིན་ནམ་སྙམ་པ་ཙམ་གྱིས་རྒྱང་བཀྱེད་བྱེད་བཞིན་ཡོད། ངས་ཁོང་བོན་རྒན་ཡིན་བསམ་མི་ཆོག་ཅེས་སུ་ལ་ཡང་ཞུ་འདོད་མེད་ན་ཡང་། དོན་དངོས་ཐོག་ཁོང་ལོ་རྒྱུས་ཀྱི་འཆད་སྟངས་འགའ་ཞིག་ལ་ཐུན་མོང་མིན་པའི་འཆད་ཐབས་མཛད་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་འབྱུང་ཁུངས་འཛམ་གླིང་སྤྱི་འགྲོས་དང་མཐུན་པར་འཆད་པའི་ལོ་རྒྱུས་སྨྲ་བ་ཆེན་པོའི་བླ་ན་མེད་པའི་ཁྱད་ཆོས་དང་། རྒྱལ་སྤྱིའི་གཙུག་ལག་སློབ་ཁང་གི་ཉམས་ཞིབ་པ་ཞིག་གི་ངོས་ནས་ལོ་རྒྱུས་ཉམས་ཞིབ་བྱེད་སྟངས་ཁྱད་པར་ཅན་ཡིན་པ་ལས་ཁོང་སྒེར་གྱི་ཆོས་ལུགས་གང་ཡིན་སོགས་དང་འབྲེལ་བ་གཏན་ནས་མེད་ལ། བོད་ཀྱི་ཆོས་རིག་གི་འབྱུང་ཁུངས་ལོ་རྒྱུས་ལ་འཛམ་གླིང་མཁས་པའི་སྤྱན་ལ་ཐོགས་པའི་ཉམས་ཞིབ་ཀྱི་འཆད་སྟངས་ཀྱང་ཁོང་གི་འཆད་པ་ཁོ་ན་ཕུལ་དུ་ཕྱིན་པ་ཡིན། འོན་ཀྱང་གཞི་རྩའི་ཆ་ནས་དེང་སང་གི་མིའི་བསམ་བློ་དེ་ཅུང་གུ་ཡངས་སུ་འགྲོ་བཞིན་ཡོད་ན་ཡང་། བློ་ཆུང་དག་གིས་འདི་ཙམ་ཡང་མ་གོ་བར་ཡོད་པ་ནི་ཡི་ཐང་ཆད་པ་ཞིག་ལོས་ཡིན། ཁོང་ལྟ་བུའི་སྐྱེས་བུ་རླབས་ཆེན་ཞིག་གི་ཞལ་ངོ་དེ་ཧ་ཅང་མི་གསལ་བའི་བཤད་ཡམ་གྱི་སེང་རས་ཤིག་གིས་སྒྲིབ་ཏུ་བཅུག་སྟེ་རང་གི་མཐོང་སྣང་རང་གིས་བཀག་པ་དེར་ཤེས་རབ་ཅུང་ཟད་ཡོད་ཅིང་། སྐྱེས་བུ་དམ་པ་ལ་བླ་མར་བྱེད་པའི་བསམ་པ་བཟང་པོ་མཆིས་པ་དག་ལ་གྱོང་གུད་ཤིན་ཏུ་ཆེན་པོ་ཞིག་རེད།
འདི་དང་འབྲེལ་ཆགས་སུ་ཆོས་རྒྱལ་ནམ་མཁའི་ནོར་བུའི་མཛད་རྣམ་ཤིན་ཏུ་བསྡུས་པ་ཞིག་འགོད་པར་བྱ་སྟེ།
དེ་ཡང་ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་ནི་སྤྱི་ལོ༡༩༣༨ལོར་ཁམས་སྡེ་དགེ་ལྕང་རའི་ཉེ་འགྲམ་དགེ་འུག་ཅེས་པར་འཁྲུངས། དགུང་ལོ་གསུམ་སྟེང་ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེས་ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བརྒྱད་ཀྱི་ཐོག་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་རྒྱལ་དབང་ཀརྨ་པ་ཟུང་ནས་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། ཆུང་དུས་སྡེ་དགེ་དགོན་ཆེན་དུ་བཞུགས་ཤིང་། ཆོས་བརྒྱུད་ཀྱི་ཁོངས་སྤྱིར་ས་སྐྱར་གཏོགས། འཇམ་དབྱིངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་ལས་རིས་མེད་ཀྱི་གདམས་པ་མང་པོ་གསན། སྤྱི་ལོ་༡༩༥༤ལོར་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་མཛད་ཅིང་སྐབས་དེར་འབོ་གངས་དཀར་རིན་པོ་ཆེ་དང་མཇལ་ཏེ་ཕྱག་རྒྱ་ཆེན་པོའི་གདམ་སྐོར་མང་པོ་ཞུས་པར་མ་ཟད། འབྱུང་འགྱུར་མཛད་འཕྲིན་སྐོར་གྱི་ལུང་བསྟན་ཀྱང་ཐོབ། དེ་ནས་ཕྱིར་ཕ་ཡུལ་དུ་ཕེབས་སྐབས་ཨ་འཛམ་འབྲུག་རྒན་དང་ཉག་བླ་པདྨ་བདུད་འདུལ་གྱི་དངོས་སློབ་ཉག་བླ་བྱང་ཆུབ་རྡོ་རྗེར་མཇལ་ཞིང་དེ་ཉིད་རྩ་བའི་བླ་མ་མཆོག་ཏུ་མཛད། ཉག་བླ་བྱང་ཆུབ་རྡོ་རྗེ་ནི་རྫོགས་པ་ཆེན་པོའི་ལྟ་བ་མངོན་སུམ་ཡིད་དཔྱོད་དང་བྲལ་བར་ངོ་སྤྲོད་མཁན་དེ་ཡིན་གསུང་། ཉག་བླའི་སྒར་དུ་མུ་མཐུད་བླ་མའི་སྨན་གཡོག་མཛད་ཞོར་རྫོགས་ཆེན་སེམས་ཀློང་མན་ངག་གསུམ་གྱི་གདམ་པ་ཆ་ཚང་ཞུས།
༡༩༥༧ལོར་འབྲས་ལྗོངས་སུ་ཕེབས་ནས་དེ་གར་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། ༡༩༦༠ལོར་དབྱི་ཏ་ལིར་བོད་རིག་པའི་འབུམ་རམས་པའི་ཕྱག་འཁྱེར་བཞེས་གནང་མཛད། ༡༩༦༤ལོ་ནས་༡༩༩༢བར་དབྱི་ཐ་ལིའི་ན་པུ་ལེ་སི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་བོད་སོག་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་དགེ་རྒན་ཆེན་མོའི་འགན་
བཞེས།
༡༩༨༡ལོར་ན་པུ་ལེ་སི་རུ་རྫོགས་པ་ཆེན་པོའི<<རིག་གནས་མཐུན་ཚོགས>>ཞེས་པ་གསར་འཛུགས་བྱས།
༡༩༨༨ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་<<ཞང་ཞུང་དཔེ་སྐྲུན་ཁང>>ཞེས་པ་ཞིག་
གསར་ཏུ་བཙུགས། ༡༩༨༩ལོར<<ཞང་ཞུང་ཞིབ་འཇུག་ཁང>>ཞིག་གསར་འཛུགས་བྱས།
ཁོང་ལས་གནས་ནས་རྒན་ཡོལ་དུ་ཕེབས་ནས་ད་བར་གཙོ་བོར་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་པ་དང་། བོད་རིག་པའི་ལས་དོན་གཉིས་ལ་ཕྱག་ལས་གནང་བ་གཉིས་རྩལ་འདོན་མཛད། དབྱི་ཊ་ལི་དང་མེ་གླིང་བྱང་མ། ཨ་རི། ཡོ་རོབ། ཨུ་རོ་སོ་བཅས་སུ་མེ་རིའི་ཕོ་བྲང་དང་ཀུན་བཟང་ཕོ་བྲང་སོགས་རྫོགས་པ་ཆེན་པོའི་ཆོས་ཀྱི་
མཐུན་ཚོགས་ཆེན་པོ་དྲུག་དང་། ཚོགས་མི་ཤིན་ཏུ་མང་པོ་བཞུགས།
༡༩༩༦ལོར་ཁོང་གི་ཆེད་རྩོམ་སྐད་གྲགས་ཆེ་ཤོས<<ཞང་བོད་ལོ་རྒྱུས་ཏི་སེའི་འོད>>ཞེས་པ་དེ་དཔར་བསྐྲུན་
བྱས། ད་དུང་ཁོང་གི་བརྩམ་ཆོས་ལ། བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ། བོད་རིགས་
གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ། ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་། རྩ་
རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར། བྱང་འབྲོག་ལམ་ཡིག སྐུ་ཉིད་ཀྱི་ཉམས་མྱོང་ལ་བྱུང་བའི་དོལ་རྒྱལ་གྱིས་བོད་བསྟན་པ་ཆབ་སྲིད་ལ་གནོད་ཚབ་ཇི་ཙམ་ཡོད་པ་བརྗོད་པ། རྫོགས་པ་ཆེན་པོ་དང་ཏིང་ངེ་འཛིན་སོགས་ཡོད།
དམ་པ་ཁོང་གིས་བོད་ཀྱི་རིག་གནས་འདི་འཛམ་གླིང་ཡོངས་ཁྱབ་རང་བཞིན་ཅན་དུ་གོམ་པ་སྤོ་བའི་ཕྱོགས་ལ་དམིགས་བསལ་གྱི་ནུས་པ་ཐོན་ཡོད་པ་དཔེར་ན། ཁོང་གི་སློབ་མའི་ཁྱབ་ཁོངས་ཨ་མེ་རི་ཁ་དང་། ཧྥ་རན་སི་
སོགས་རྒྱལ་ཁབ་༤༠ལྷག་བརྒལ་ཡོད་པ་དང་། སློབ་མའི་གྲངས་ཚད་ཀྱང་འབུམ་ཕྲག་གཅིག་ལྷག་ཏུ་སོང་འདུག
ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལ་སོགས་པའི་བརྩམ་ཆོས་དག་འཇར་མན་དང་། ཨུ་རུ་སུ་སོགས་འཛམ་གླིང་གི་ཡིག་རིགས་མི་འདྲ་བ་བཅུ་ལྷག་ལ་བསྒྱུར། ཨ་ཤེ་ཡའི་རྒྱལ་སྤྱིའི་མཐུན་འགྱུར་ཚོགས་པ་གསར་ཏུ་བཙུགས་ནས་དམ་པ་ཁོང་གིས་མི་ཚེ་གང་བོར་བོད་རིག་པའི་ལས་དོན་འདི་གཅིག་བུ་ལ་ཤུགས་ཕུད་གནང་མཛད་པ་ཡིན་ནོ།།
ལོ་རྒྱུས་ཉིང་བསྡུས་འདི་ནི་དྲ་ལམ་ནས་ཐོབ་པའི་འབྲེལ་ཡོད་རྒྱུ་ཆ་རྒྱ་བོད་ཡིག་རིགས་གཉིས་ཐོག་ཏུ་ཡོད་
འགའ་ལས་བཏུས་པ་ཡིན་ཡང་། རྒྱ་ཡིག་གི་ནང་དོན་སོགས་གོ་ཉེས་དང་ཡིག་ནོར་མཆིས་ངེས་ལ་བཟོད་གསོལ་ཞུ།
༼ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེའི་སྐོར་གློག་བརྙན་དང་དེ་བཞིན་googleདང་ཡུཊེབ་སོགས་སུ་བོད་རྒྱ་དབྱིན་
གསུམ་གྱི་ཁོང་གི་མཚན་དང་འབྲེལ་བའི་དཔྱད་གཞི་དང་བཀའ་རྩོམ་བཀའ་སློབ་སོགས་མང་པོ་ཐོབ་ཀྱི་ཡོད་པས་དེ་ལུགས་ཞུ། གཤམ་གྱི་འདི་ཡང་རིན་པོ་ཆེ་དང་འབྲེལ་བའི་གློག་བརྙན་ཞིག་རེད།།Namkhai Norbu http://myreincarnationfilm.com/
སྨྲས་པ། ཁོང་ནི་རིག་འཛིན་བརྒྱུད་པའི་སྲས་ཡིན་པས། མཁའ་འགྲོའི་སྙིང་ཐིག་འདོད་ན་ཁོང་ལ་དྲིས། །ཁོང་ནི་འཛམ་གླིང་ཤེས་བྱའི་ནོར་ཡིན་པས། །རིག་པའི་གཏེར་མཛོད་འདོད་ན་ཁོང་ལ་དྲིས། །ཁོང་ནི་ཞང་བོད་སྲིད་
པའི་ཁྱིམ་ཡིན་པས། །མེས་པོའི་བླ་སྲོག་འཚོལ་ན་ཁོང་ལ་དྲིས། །ཁོང་ནི་གངས་ཅན་ནམ་མཁའི་ནོར་ཡིན་པས། །
ནོར་བུའི་ཐང་མ་འདོད་ན་ཁོང་ལ་དྲིས། །བདག་ཀྱང་སྐྱེ་བ་ནས་བཟུང་སྐྱེ་བ་རུ། །སྐྱེས་བུ་དམ་པ་བླ་མར་བྱེད་པ་དང་། །རྡུལ་དང་བྲལ་བའི་ཤེས་རབ་མིག་ཐོབ་ནས། །རང་དབང་ཉིད་ཀྱིས་མཇུག་པ་ལྷུར་བྱེད་ཤོག །
ཞེས་པ་འདི་ཡང་སྤྱི་ལོ། ༢༠༡༡ཟླ༤ཚེས་༨ཉིན། ཤེས་རབ་ཀྱི་མིག་ཅུང་ཟད་ཐོབ་པའི་རྒྱལ་ཁམས་པ་རྫ་ཚེ་རིང་
བཀྲ་ཤིས་ནས་ཕྱོགས་ལྷུང་མེད་པའི་ཡིད་ཀྱིས་བྲིས་པ་ཀུན་ལ་ཕན་པར་གྱུར་ཅིག །
མཁས་དབང་ཁོང་ནི་ཐུགས་རྒྱ་ཡངས་པའི་མཁས་དབང་ཞིག་རེད།
ཁོང་གི་མཁྱེན་ཡོན་རྒྱ་ཆེན་པོ་ཡིན་པ་ཤེས་ཀྱིན་ཡོད། འོན་ཀྱང་དེང་སྐབས་བླ་མ་ཚོས་འབྱོར་ལྡན་ལ་མ་གཏོགས་ཞལ་སྟོན་གྱི་མེད་སྟབས། འབྱོར་བ་ཞན་པའི་བོད་མི་ཚོ་བླ་མ་ཚོའི་འགྲམ་ལ་བཅར་རྒྱུར་བདེ་བོ་མེད་པ་ཆགས་ཏེ་འབྱོར་ལྡན་བླ་མ་ཚོ་དང་འབྱོར་ཞན་བོད་མི་རྣམས་ཁ་ཐག་རིང་ནས་རིང་ནས་རིང་དུ་འགྲོ་གི་འདུག གཉིས་ནས་སྟོབས་ཆེན་རྒྱལ་ཁབ་ཁག་གི་གྲོང་ཁྱེར་སྐད་གྲགས་ཆེ་ས་དང་ཡང་ན་ཆེས་འབྱོར་ལྡན་མང་ས་ན་མ་གཏོགས་བོད་ཀྱི་བླ་མ་མེད་པས། བོད་མི་ཉམ་ཆུང་ཚོ་སླེབས་ཐུབ་ས་བླ་མ་ཡོད་མ་རེད། སྒོར་མོ་མེད་སར་བླ་མ་མེད། འབྱོར་ལྡན་མང་སར་བོད་མི་ཉུང་།
ང་དེ་རིང་སོང་ཡིན། སྐར་མ་གཅིག་དགོས་ཀྱི་མི་འདུག ང་སྤྲང་པོ་སྤྲང་རྐྱང་ཞིག་ཡིན་ཀྱང་བླ་ཆེན་ཚང་མའི་འདུན་ནས་མཇལ་ཁ་རག་པ་དང་ཆོས་ཀྱང་ཐོབ་སོང་།ཕྱེད་ཁ་རྩེད་མོ་ཡིན་ཡང་། ཁྱེད་ཀྱི་སྐད་ཆ་ལ་བདེན་པའི་ཆ་ཞིག་ཀྱང་ཡོད་ངེས།
ནམ་མཁའི་ནོར་བུ་བླ་མ་བཟང་རྒྱུ་རེད། གདམས་ངག་མོད་རྒྱུ་རེད། བོད་ཞེན་ཆེ་རྒྱུ་རེད། དེ་ཚོ་ལ་དོག་པ་གང་ཡང་མེད། ངས་བསམ་གཞིག་ཅུང་ཟད་རེ་བྱེད་མྱོང་ས་དེ་ནི་ཁོང་གིས་བོད་ཡ་ཐོག་གི་ལོ་རྒྱུས་དཔྱད་ཞིབ་དེ་ཡིན། བོད་ཀྱི་ཡ་ཐོག་ལོ་རྒྱུས་ཞིབ་འཇུག་དང་རྫོགས་ཆེན་ཀྱི་འབྱུང་ཁུངས་སོགས་ཀྱི་སྐོར་དེ་ཁུངས་འཁྱོལ་མ་སོང་བསམ། སྐབས་ཤིག་ལ་པེ་ཅིང་སློབ་ཆེན་སོགས་ཀྱི་བོད་མི་སློབ་ཕྲུག་ཁ་ཤས་ཀྱིས་ཀྱང་ཁོང་གི་རྗེས་བརྗོད་མང་པོ་བྱས་སོང་། དེང་སང་ཚང་མ་འཇམ་ཅག་ཅག་རེད། ཁོང་རང་ཉིད་ཀྱིས་ཀྱང་དེང་སང་བཀའ་ཆོས་འཆད་སྤེལ་རྐྱང་པ་མ་གཏོགས་ལོ་རྒྱུས་ཞིབ་འཇུག་གི་སྐོར་ལ་གསུང་མང་པོ་འབྱོན་གྱིན་མེད་པ་འདྲ། གང་ལྟར་ཞིབ་འཇུག་གི་རྨང་གཞི་འདིས་བློ་སྒོ་འབྱེད་པར་ཕན་མ་ཐོགས་ན་ཡང་གནོད་མི་སྐྱེལ་བ་གསལ་བོ་ཡིན་སྟབས་ཁོང་གི་བྱས་རྗེས་སུ་བརྩི་མི་ཆོག་པ་མི་འདུག
གངས་ཅན་མཁས་པའི་དབང་པོ་་་་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་་་་གིས་མཛད་པའི་གསུང་རབ་གྲངས་མང་ཡོད་ཀྱང་གོང་དུ་མ་བཀོད་པ་གཅིག་ནི་་་་་གྲུང་་ལྡེའུ་་བོན་་གསུམ་གྱི་གཏམ་ཨེ་མ་ཧོ་་་་་ཞེས་པ་དེ་ཡང་ཡིན། ད་དུང་ནམ་མཁའི་ནོར་བུ་་་བོན་རྒན་་་ཡིན་མིན་གྱི་སྐོར་ལ་དོག་པ་ཡོད་མཁན་ཡོད་ན་་་མཁས་པའི་དབང་པོ་ཁོང་གིས་ནི་་་བླ་མེད་རྫོགས་པ་ཆེན་པོའི་བསྟན་པ་འདི་་་ཐོག་མར་འཛམ་གླིང་འདིར་སྟོན་པ་པོ་ནི་་་་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཡིན་པ་དེབ་མིང་ the golden litters ནང་ཁ་གསལ་གསུངས་འདུག། ད་དུང་་་༡༩༩༡་་་ཡས་མས་གཅིག་ཡིན་ས་ཡོད་ཁོང་ཨི་ཀྲ་ལིར་གཞུགས་སྐབས་ཤིག་ལ་་་བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་་་བོན་གྱི་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་་་ཀྱི་བཀའ་ལུང་ཆ་ཚང་ཞིག་ཞུས་ཀྱང་གནང་འདུག། དེར་མ་ཚད་དེ་སྔོན་ཞིག་ལ་་ཡིད་དམ་ཞང་ཞུང་མེ་རིའི་ལྷ་ཚོགས་ཀྱི་བཀའ་དབང་ཆ་ཚང་ཞིག་ཀྱང་ཞུས་གནང་འདུག། གནས་ཚུལ་འདི་ཚོ་ཁོང་་་་བོན་རྒན་་་ཡིན་ནའང་འདྲ་་་རྙིང་རྒན་་་ཡིན་ནའང་འདྲ་རླབས་ཆེན་གྱི་མཛད་རྗེས་བཟང་པོ་ཞིག་ཡིན་པས་མཁས་བླུན་ཀུན་གྱིས་ཤེས་དགོས་པར་སེམས་སོ། ངས་ནི་འདིར་རོབ་བྲིས་ཙམ་བྱས་པ་ཡིན།
དག་ཞིག་ཐོབ་ན་ཅི་མ་རུང་། མཆན་ཅིག་བྲི་འདོད་བྱུང།
སྐྱེ་བ་ཀུན་ཏུ་ནམ་མཁའི་ནོར་བུ་དང་། །
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
༸རིན་པོ་ཆེའི་ཞབས་ཟིན་ཚུལ།
སྟོན་པ་གཤེན་རབ་མེ་བོ་དང་། །
གྲུབ་ཆེན་དགའ་རབ་རྡོ་རྗེ་ལས། །
བྱུང་བའི་ཆུ་བོ་གཉིས་འདྲེས་པ། །
ནམ་མཁའི་ཟླ་བས་ཡོངས་གསོ་བའི། །
རྒྱ་གར་ཧ་རི་དྭ་ཝར་གྱི། །
གངྒ་ཡ་མུན་གཉིས་འཛོམས་ཆུའི། །
རྒྱུན་དེ་བདག་ཀྱང་ཅུང་ཟད་བརྒལ། །
དྲང་སྲོང་ང་ཡང་དགའ་སྤོབས་སྐྱེས། །
རིས་མེད་དྲང་སྲོང་ཆེན་པོ་འདི། །
བོད་རིགས་ན་མཉམ་གྱིས་མི་འཚོར། །
དེ་ཡང་བདག་ཀྱང་ཕྱང་མོ་ཉུག །
འོན་ཀྱང་ད་དུང་སྐལ་བཟང་འདུག །
གང་ཐུགས་མཁྱེན་ཡངས་ལས་འབྱུང་བའི། །
གང་གསུང་ཆུ་བོའི་དབྱར་མཚོ་རྒྱས། །
གང་གི་ཐུགས་བཞེད་ལྷུན་གྲུབ་དང་། །
གང་སྐུའི་༸སྐུ་ཚེ་ཡུན་བརྟན་ཤོག །
མཁས་དབང་ནམ་མཁའི་ནོར་བུ་དངོས་སུ་མཐོང་མ་མྱོང་ཡང་།ང་བོད་ན་ཡོད་དུས་ཁོང་གིས་བྲིས་པའི་བོད་ཡ་ཐོག་གི་ལོ་རྒྱུས་བོན་པོ་དང་ཁུངས་གཏུགས་པའི་དེབ་རྒན་ཁ་ཤས་ཀྲུང་གོ་བོད་ཀྱི་ཤེས་རིག་པར་སྐྲུན་ཁང་ཟེར་བ་ནས་པར་སྐྲུན་བྱས་པ་འགའ་མཐོང་མྱོང་ལ་ཕྲན་བུ་ཀློག་ཀྱང་མྱོང་།ཁོང་གིས་ཞིབ་འཇུག་བྱེད་སྟངས་དང་བསམ་བློ་གཏོང་སྟངས་ཕྲན་བུ་མ་འདྲ་བ་ཞིག་མཐོང་།
དེ་ནས་ང་བཙན་བྱོལ་དུ་འབྱོར།ངས་ཁོང་གི་སྐོར་ལ་དོ་སྣང་བྱས་པ་ཡིན།ངའི་བསམ་བློར་བཙན་བྱོལ་བོད་གཞུང་དང་བོད་མི་ཚོར་ཁོང་གིས་འབྲེལ་བ་བྱེད་ཀྱིན་མི་འདུག་བསམ་སོང་།ཁོང་བོད་ནང་དང་རྒྱ་གཞུང་གིས་བཙུགས་པའི་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ཁང་སོགས་ལ་འབྲེལ་བ་གང་འཚམ་འདུག་བསམ་སོང་།དེའི་དབང་གིས་ཡིན་རྒྱུ་རེད་བསམ་སོང་།དེ་ནི་དགོས་མཁོ་ཞིག་ལས་ཁོང་ལ་བཙན་བྱོལ་བོད་མི་ཚོར་འབྲེལ་བ་བྱེད་འདོད་མེད་པ་ཡིན་རྒྱུ་མ་རེད་འདོད།
ད་འདི་ཚོའི་སྐོར་ནས་ཁོང་ལ་བལྟ་ས་ཞིག་ཀྱང་འདུག
བོད་ཀྱི་དྲྭ་རྒྱ་ཁག་ཏུ་མང་པོ་ཞིག་བྲི་གི་ཡོད་པ་དེ་ཚོ་ནི་ཕལ་ཆེ་བ་ནི་ཆགས་སྡང་གི་གཏམ་རེད་འདུག་་་་དེ་འདྲའི་བློ་ཕམ་པ་ལ་ཨ་ཁ།ཚེ་དབང་བཀྲ་ཤིས་ལགས་གཞན་ཞུ་རྒྱུ་མེད།
ང་ཚོ་བོད་པའི་བོད་པའི་སློབ་ཕྲུག་ཚོ་དང་གཞུང་ཞབ་ལས་བྱེད་མང་ཆེ་བ་ཞིག་རྒྱལ་བ་རིན་པོ་ཆེ་མ་གཏོགས་བླ་མ་གཞན་ལ་སྐྱབས་སུ་མི་འགྲོ་མཁན་ཡིན་ལ། རྒྱལ་བ་རིན་པོ་ཆེ་ངའི་རྩ་བའི་བླ་མ་ཡིན་གཞན་གང་ཤེས་ཟེར་རྒྱུར་དགའ་བོ་ཡོད་པ་རེད། ཤུགས་རྐྱེན་དེ་བཟང་ཕྱོགས་དང་ངན་ཕྱོགས་གང་ནས་ཡོང་མིན་དང་། ལྟ་གྲུབ་དེའི་རྩ་བ་གང་ལ་ཐུག་ཡོད་མེད་དེ་དཔྱད་ན་ཤེས་སླ་བ་ཞིག་ཡིན།
རྒྱལ་བ་རིན་པོ་ཆེ་ངའི་རྩ་བའི་བླ་མ་ཡིན་ཟེར་བ་ལེགས་མོད། གཞན་གང་ཤེས་ཟེར་བ་ནི་གཏི་མུག་མུན་པའི་དོང་རིང་ནང་ཞུགས་པའོ།།
རྫ་ཚེ་ལགས་གནས་ཚུལ་འདི་ལྟར་གླེང་བར་ཐུགས་རྗེ་ཆེ།
ཁྱེད་ཀྱིས་བྲིས་པའི་གནས་ཚུལ་འདི་ལ་རྒྱབ་སྐྱོར་བརྒྱ་ཐམ་པ་ཡོད།
བོད་ཀྱི་ནང་བསྟན་གྱི་ཆོས་ལུགས་ཀྱི་ལྟ་སྒོམ་ཕྱི་རྒྱལ་ཡུལ་གྲུ་རུ་ཐོག་མར་ཁྱབ་སྤེལ་བྱེད་པོའི་ཤིང་རྟ་ནི་ཁོང་ཁོ་ན་ཡིན།
ད་ཆ་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཁོང་གི་མཚན་མི་ཤེས་པ་ཕལ་ཆེར་མེད།
ཆོས་ཚོགས་ཀྱང་ཐ་ན་ཨ་རབ་དང་རྒྱ་ནག་ཏུའང་ཡོད་པར་གོ་ཐོས་བྱུང།
ངས་ཁོང་ཐེང་ཁ་ཤས་ཞལ་མཇལ་གྱི་གོ་སྐབས་བྱུང།
ཁོང་ནི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཞིག་ཡིན་འདུག
དེ་མིན་བླ་ཆེན་མི་ཆེན་མང་པོ་ཞིག་གིས་ཞལ་ནས་རིས་མེད་རིས་མེད་བཤད་ཀྱང་དོན་དུ་རང་ལྟ་ལ་ཆགས་གཞན་ལྟ་ལ་སྡང་བའི་ནད་ཀྱིས་ཟིན་ཚར་འདུག་སྙམས།
བློ་ཕམ་པ་ཞིག་ལ་ང་ཚོ་བོད་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་ཁོང་ལ་དེ་ཙམ་དོ་སྣང་གནང་མཁན་མེད།
རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་ནང་བླ་མ་ཟེར་དུས་སྣུམ་འཁོར་རྫིག་པོ་འདྲ་གཏོང།
དབང་ཆེན་འདྲ་བསྐུར།
གྱོན་གོས་སྣུམ་ཞག་ཅན་འདྲ་གོན་མཁན་ཞིག་དགོས་པ་རེད།
དེ་ནི་ཁོང་ལ་དེ་འདྲའི་ཐུགས་ལ་ནམ་ཡང་འཁྲུངས་མེད།
རྒྱ་ནག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་མཐོ་སློབ་དེ་ཚོས་དོ་སྣང་ཧ་ཅང་གི་ཆེན་པོ་གནང་གི་འདུག
ཐེ་ཝན་ནི་ང་ཚོ་ཤར་ཕྱོགས་པའི་ཆར་གཏོགས་ཤིག་བརྟེན།
དབང་དང་བྱིན་རླབས་ལུང་བསྟན་སོགས་ཐོག་ཆགས་མེད་པར་ཤོད་མཁན་དེ་ཚོའི་རྗེས་སུ་གུས་གུས་ཞུམ་ཞུམ་བྱེད་དེ་རྒྱུགས་མཁན་ཞིག་ལ་དགའ་སྣང་ཡོད་པ་མ་གཏོགས་ལོ་རྒྱུས་དང་ནང་གི་ཉམས་རྟོགས་སོགས་ལ་དཔྱད་པ་བྱེད་འདོད་མེད་པས་རེད།
མ་གཞི་ནས་ཁོང་ནི་བོན་རྒན་ཡིན་ནའང་འདྲ་རྙིང་རྒན་ཡིན་ནའང་འདྲ།
དུས་རབས་གསར་པ་འདིར་ཁོང་ལྟ་བུ་ཕྱི་ཚན་རིག་དང་མཐུན་པའི་བོད་ཀྱི་ལོ་རྒྱུས་ལ་དཔྱད་པ་དང་ནང་རྫོགས་པ་ཆེན་པོའི་ལྟ་སྒོམ་དེང་རབས་ཀྱི་བློ་དང་འཚམས་པར་སྟོན་ཤེས་མཁན་ཕལ་ཆེར་ཁོང་ལས་གཞན་དུ་བརྩལ་ན་མི་རྙེད་ངེས།
ཁྱེད་ཀྱིས་བསྟོད་ར་ཏོག་ཙམ་ཤུགས་ཆེ་དྲགས་པ་མིན་ནམ།
ཆོས་རྒྱལ་ནམ་མཁའི་ནོར་བུ་ནི་རང་རེ་བོད་གངས་ཅན་པའི་ཁྲོད་ནས་མཁས་པའི་འོད་སྣང་ཉི་མ་ལྟར་འཕགས་པའི་གཙུག་རྒྱན་གྱི་ནོར་བུ་ལྟ་བུ་ཞིག་རེད། ཁོང་གིས་བོད་རྒྱུད་ནང་བསྟན་རྫོགས་ཆེན་གྱི་ཁུངས་བོན་ལ་ཐུག་ཚུལ་དང་། བོན་གྱི་བླ་མའི་མདུན་ནས་ཞང་ཞུང་སྙན་བརྒྱུད་ཀྱི་དཔེ་ཁྲིད། ཞང་ཞུང་མེ་རི་ཞེས་རྫོགས་ཆེན་གྱི་ཡི་དམ་དེའི་དབང་ལུང་ཞུས་པ་བདེན་འདུག འོན་ཀྱང་ཁོང་ཆོས་རྒྱུད་བོན་པོའི་ཁོངས་སུ་མི་གཏོགས་ཚུལ་༼སྒྲུང་སྡེ་བོན་གསུམ་གྱི་གཏམ་ཨེ་མ་ཧོ་༽ཞེས་པའི་གླེང་བརྗོད་དུའང་ཁོང་གིས་བྲིས་འདུག་སྙམ། དེས་ན་མཁས་དབང་ཁོང་བོན་པོ་མིན་ཡང། བོད་ཀྱི་རྫོགས་ཆེན་གྱི་ཁོངས་བོན་པོར་ཐུག་པར་བརྗོད་པ་ནི་ཁོང་གིས་ལོ་མང་རིང་བོན་པོའི་གཞུང་ལུགས་ལ་ཉམས་ཞིབ་དང་དོ་སྣང་ཤུགས་ཆེན་གནང་བའི་མཐའ་མའི་གྲུབ་དོན་ལྟ་བུ་ཞིག་ཡིན་པ་འདྲ།
ཕྲན་རྒྱ་གར་ནས་མཁས་པ་ཁོང་ལ་ཚར་རེ་གཉིས་ཤིག་མཇལ་ཐུབ་པ་བྱུང་། དུས་ཚོད་ཏན་ཏན་ཞིག་དྲན་གི་མི་འདུག་ཕལ་ཆེར་དགུ་བཅུ་གོ་དགུ་ལོར་ཡིན་པ་ཡོད། ཀིརྟི་བྱེས་པ་གྲྭ་ཚང་གིས་མཁས་པ་ཁོང་དང་མཁས་པའི་གསུངས་བཤད་ཅིག་གོ་སྒྲིག་ཞུས་སྐབས་བཅར་བ་ཡིན་ལ། ལོ་དེ་རང་ལ་སུ་ཇ་བྷིར་སློབ་གྲྭ་ནས་མཁས་དབང་ཁོང་ལ་ཚར་གཅིག་མཇལ་བྱུང་། བོད་གཞུང་གི་ཚོགས་སྡེ་ཁག་གི་ངོས་ནས་ཁོང་གི་གསུང་བཤད་སོགས་གོ་སྒྲིག་དང་བགྲོ་གླེང་ཞུས་པ་ཕལ་ཆེར་གོ་མྱོང་མེད། འོན་ཀྱང་ཁོང་ནི་༸གོང་ས་སྐྱབས་མགོན་ཆེན་པོར་ཡིད་ཆེས་བློ་གཏད་བྱེད་པའི་བོད་ཀྱི་མཁས་པ་རྩ་ཆེན་ཞིག་ཡིན་པ་རྩོད་མེད་རེད། ཁོང་གིས་བོད་ཁམས་ཁུལ་དུ་རང་རེ་བོད་གང་ཅན་པའི་ཤེས་རིག་རྒྱུད་འཛིན་ཆེད་སློབ་གྲྭ་ཁག་ཅིག་གསར་འཛུགས་དང་། བོད་ནང་གི་ཞིབ་འཇུག་པ་རྣམས་ལ་མཁས་པའི་སློབ་སྟོན་སོགས་ཀྱི་ཆེད་སྐུ་དངོས་སུ་ཕེབས་དགོས་པ་མང་པོ་ཞིག་བྱུང་དང་འབྱུང་འདུག་པས། ཕན་ཚུན་གཉིས་ཀའི་ངོས་ནས་གནས་སྐབས་རིང་བསམ་ཤེས་ཀྱིས་མཁས་པའི་བགྲོ་གླེང་སོགས་གོ་སྒྲིག་མ་གནང་བ་ཡིན་སྲིད།
བཅོས། ་་་་་་་རྒྱ་ནག་ཏུ་སྐུ་དངོས་སུ་ཕེབས་དགོས་པ་་་་་་་
ཆོས་ཀྱི་སྐོར་ད་ཆི་གང་མི་ཤེས་ཀྱང་། དེ་ལའང་དོ་སྣང་བྱེད་མཁན་ཞིག་ཡིན། ད་རྫོགས་ཆེན་ཟེར་བའི་རྩོད་གཞི་ཅན་འདིའི་ཁུངས་ད་བོན་ཆོས་ལ་ཐུག་ཡོད་ལ་ཁྲིག་ཁྲིག་མེད་གི འདིའི་སྐོར་ད་ལྟ་ཉམས་ཞིབ་གནང་མཁན་མང་པོ་ཡོད་པ་འདྲ། མ་གཞི་ནང་པ་ནང་ཚགས་ལའང་། ཆོས་འདི་སྟོན་པའི་གསུང་ཡིན་མིན་ལ་རྩོད་གཞི་ཡོད་པ་མ་རེད་དམ།
རྫོགས་ཆེན་ལ་ལེགས་སྦྱར་སྐད་དུ་ག་རེ་གསུང་གི་ཡོད་པ་རེད། འདི་རྣམ་པ་ཚོར་དྲི་བ་ཞིག་ཡིན། ནང་ཆོས་ཀྱི་ཆོས་ཚན་གང་འདྲ་ཞིག་ཡིན་ནའང་དེའི་ནང་ལེགས་སྦྱར་གྱི་སྐད་དང་ལེགས་སྦྱར་ཟུར་ཆག་གི་སྐད་ཀྱིས་གང་སར་ཁེངས་བསྡད་འདུག་ག རྫོགས་ཆེན་ནང་ཁུངས་རྒྱ་གར་ནས་ཡིན་པའི་རྟགས་དེ་ཚོ་གང་སར་མཐོང་རྒྱུ་ཡོད་པ་རེད་དམ། མགོ་རུ། རྒྱ་གར་སྐད་དུ་ཟེར་བ་དེ་ཚོ་ཡོད་པ་རེད་དམ། སྒྱུར་མཁན་དང་ཞུས་ཏེ་གཏན་ལ་འབེབས་མཁན་གྱི་ལོ་པཎ་དེ་ཚོའི་མིང་ཅི་འདྲ་གདའ། དེ་འདྲ་བྱས་ནས། ཅུང་ཟད་གཟབ་གཟབ་གནང་ནས་ཅིག་ལྟོས་དང་། ས་རིས་ཐང་གསལ་ཡོང་གི་རེད། ས་ཕྱར་ན་རྡོ་ལྷང་ལ་འབུད་གི་རེད་ད།
དེ་ནས་ཁྱེད་ཚོས་ཁུངས་སོ་སོ་ནས་ཆོས་འདིའི་བརྒྱུད་པ་དང་ལོ་རྒྱུས་བང་བསྒྲིགས་ནས་ཞིབ་ཚགས་ཤིག་ཕྲིས་དང་། བརྒྱུད་པ་རེ་རེ་བཞིན་གྱི་འཁྲུངས་འདས་ཀྱི་ལོ་སོགས་ཀྱང་ཁོད་ལ་ཅིག་ལྟོས་དང་།
ཕུགས་ཐག་སུ་རིང་ལའང་བལྟ་རྒྱུ་ཞིག་ཡོད་པ་འདྲ།
ནང་ཆོས་དང་བོན་ཆོས་གཉིས་ལ་ཕན་ཚུན་མཚུངས་ས་མང་པོ་ཞིག་ཡོད་པ་དེའང་། ནང་ཆོས་བོད་ལ་དར་བ་ནས་ཤན་ཞུགས་པ་ཁོ་ན་མིན་པ་འདྲ། ཉམས་ཞིབ་པ་འགའ་རེས། ནང་ཆོས་བོད་ལ་མ་དར་བའི་ལོ་མང་པོ་ཞིག་གི་སྔོན་ནས་ཕར་ཚུར་ཤན་ཞུགས་ཡོད་པར་བཤད་པ་དེ་ལའང་བདེན་པའི་ཆ་ཏན་ཏན་འདུག་སྙམ།
མཁས་མཆོག་ནམ་མཁའི་ནོར་བུ་ཆོས་ལུགས་གང་གི་ཁོངས་སུ་གཏོགས་ཀྱང་དེ་ནི་ཁོང་ཉིད་ཁོ་ནའི་གདམ་ཁ་དང་རང་དབང་རེད། གང་ལྟར་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་དང་སྐད་ཡིག་བཅས་པར་ད་བར་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པ་ནི་རྩོད་མེད་ཡོངས་གྲགསརེད། ལྷག་དོན་ཁོང་ཉིད་གནས་གང་དུ་ཕེབས་ཀྱང་འཛེམས་ཟོན་མེད་པར་༧གོང་ས་མཆོག་དང་བོད་ཀྱི་དངོས་ཡོད་གནས་ཚུལ་ཁག་ཆོས་ཞུ་དང་བཀའ་སློབ་ཉན་མཁན་སློབ་མ་ཚོར་ནན་ཏན་གྱིས་ངོ་སྤྲོད་གནང་བགྱི་ཡོད། སྔ་ལོར་ཁོང་ནེའུཛེལནདྷར་ཕེབས་སྐབས་ཀྱང་བོད་དོན་སྐོར་མཐིལ་ཕྱིོན་པ་ཞིག་གསུང་ཆོས་ཀྱི་ཞོར་དུ་སྦྱངས་བཤད་གནང་སོང་།དེ་མིོན་ཕྱི་རྒྱལ་ཁག་ཏུ་དེང་སང་བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་མང་པོ་ཞིག་གིས་གསུང་ཆོས་སྐབས་སྒོར་མོ་ཁོ་ནའི་ཆེད་དུ་རང་ཉིད་ཆོས་པ་རྣམ་དག་ཅིག་ཡིན་ཁུལ་གྱིས་བོད་དོན་གླེང་རྒྱུར་མི་སྨྲ་བའི་བརྟུལ་ཞུགས་འཛིན་ཀྱང་གནང་བཞིན་པ་ནི་ཆེས་མ་རབས་ཐ་ཤལ་གྱི་བྱ་སྤྱོད་སྐྱུག་བྲོ་བ་ཞིག་ཏུ་མཐོང་ངོ་།།
རྫོགས་ཆེན་ཟེར་བ་བོན་ཡིན་ན་བོད་རང་གི་རིག་གཞུང་ཡིན་པས་དགའ་ཞིང་སྤྲོ་བ་དང་། ནམ་མཁའི་ནོར་བུ་བོན་པོ་ཡིན་ན་བོད་གྱི་རྒྱན་ཡིན་པས་མི་དགའ་བ་ནམ་ཡང་མེད། འོན་ཀྱང་བན་མིན་བོན་མིན་ར་མ་ལུགས། གང་ལ་ཁེ་བཟང་ཡོད་ན་དེ་ལ་མཆོང་འགྲོ་བར་བསྟོད་པ་བྱེད་དཀའ། མ་ཟད་ཕྱུག་པོསགོས་ཧྲུལ་གྱོན་པ་སེར་སྣ་ལས་ཆོག་ཤེས་ཀྱང་ཨེ་ཡིན་ནམ། བན་བོན་གཉིས་ཀས་ནམ་ནོར་གྱི་གསུག་ལ་གཟིགས་ནས་བསྟོད་རྒྱུ་གལ་ཆེ། འོན་ཀྱང་རྙིང་རྒན་རྣམས་འུར་ལངས་སླ་བས་ཡག་པོ་ཞིག་ཞིབ་འཇུག་བྱེད་རྒྱུ་མ་རེད་སྙམ། བྱ་བྲལ་སངས་རྡོར་གྱིས། དང་པོ་ནམ་མཁའི་ནོར་བུ་ཨ་ཛཾ་འབྲུག་པས་སློབ་མ་ཡིན་པས་ཐུགས་དགྱེས་པ་ཆེན་པོ་གནང་བ་དང་། ཕྱིས་སུ་ཞང་ཞུང་དགའ་རབ་གྱི་ལོ་རྒྱུས་བཤད་ཚེ་ནམ་ནོར་ཀྱི་ཕྱོགས་སྔ་འཛིན་རྒྱུ་དེ་ཀློང་ཆེན་པའི་སྙིང་ཐིག་བབས་ལུགས་ཆེན་མོ་ཡིན་པར་གོ་ནས་བླ་མའི་ཞབས་འདྲེན་ཞེས་བཀའ་བསྐྱོན་གནང་ཚུལ་ཡང་འདུག རྙིང་མའི་གྲུབ་ཐོབ་ཚོ་ལྷ་འདྲེ་རོ་སྙོམ་པ་ཡིན་ཚོད་ལགས། ༄། འདིར་ལོ་རྒྱུས་བདེན་པ་ཞིག་བཤད་ན། ལོ་རྒྱུས་ཤེས་ཟེར་མང་སྟེ་རྒྱུས་ཡོད་ཚོད་མི་འདུག ནམ་ནོར་གྱི་གསུང་རྩོམ་གྱི་དགོངས་པ། ༡༽ ཤཱཀྱ་ཐུབ་པ་གཤེན་རབ་ཐུགས་སྲས་རེད། །ནང་པ་སངས་རྒྱས་པ་ཚོ་དགྱེས་དགྱེས་མཛོད།།༢༽རྫོགས་པ་ཆེན་པོ་བོན་གྱི་གྲུབ་མཐའ་རེད། ཐེག་པའི་རྩེ་མོ་བ་རྣམས་དགྱེས་དགྱེས་མཛོད།། ༣༽ཁ་ཆེའི་དགའ་རབ་ཞང་ཞུང་དགའ་རབ་རེད། སྙིང་ཐིག་བབས་ལུགས་ཕྱོགས་རྣམསདགྱེས་དགྱེས་མཛོད།། ༤༽གུ་རུ་པདྨ་ཚེ་དབང་རིག་འཛིན་རེད། སྔ་འགྱུར་རྙིང་མ་པ་རྣམས་དགྱེས་དགྱེས་མཛོད།། ༥༽རྒོད་གསུམ་ཞྭ་མོ་བོན་གྱི་ཁྱད་ཆོས་རེད། པདྨ་མཐོང་གྲོལ་བདག་པོ་དགྱེས་དགྱེས་མཛོད།། ༦༽པད་འབྱུང་མཚོ་རྒྱལ་ལོ་རྒྱུས་རྫུན་མ་རེད། །སྟག་ཤམ་ཨོ་རྒྱན་གླིང་པ་དགྱེས་དགྱེས་མཛོད།། ༽ཧཱུྃ་ཆེན་ཀ་རའི་་གཟི་བཤད་རྫུན་མ་རེད། བཀའ་བརྒྱད་གྲུབ་མཐའ་འཛིན་དགྱེས་དགྱེས་མཛོད།། ༧༽བཀའ་ཆེམས་ཀ་ཁོལ་ཇོ་བོའི་་རྫུན་གཏེར་རེད། བཀའ་གདམས་གསར་རྙིང་ཕྱོགས་རྣམས་དགྱེས་དགྱེས་མཛོད།།༨༽དམ་པ་སངས་རྒྱས་བོད་ཀྱི་གཉའ་་གནོན་ཡིན། །ཞི་གཅོད་བརྒྱུད་པ་འཛིན་རྣམས་དགྱེས་དགྱེས་མཛོད།།༩༽ ༡༠༽སྨན་གྱི་རྒྱུད་བཞི་སྨན་བླའི་དགོངས་པ་མིན། །བྱང་ཟུར་བརྒྱུད་པ་འཛིན་རྣམས་དགྱེས་དགྱེས་མཛོད། ༡༡༽བོན་གྱི་འབུམ་བཞི་སྨན་གྱི་རྒྱུད་བཞི་ཡིན། སོག་བཟློག་རྗེས་འབྲངས་ཐམས་ཅད་དགྱེས་དགྱེས་མཛོད།། ༡༢༽བོད་ཀྱི་རྒྱལ་རབས་ལོ་རྒྱུས་གནམ་ལ་བཏགས། །མི་ཡི་སྲས་སུ་བཞེད་རྣམས་དགྱེས་དགྱེས་མཛོད།། ༡༣༽ཡ་ཐོག་བོད་མིའི་རིག་གཞུང་གནམ་ལ་དྲིས། །ལོ་རྒྱུས་དེབ་ཐེར་བདག་པོ་དགྱེས་དགྱེས་མཛོད།།༡༤༽བོད་ཡིག་སྲོལ་འབྱེད་ཐོན་མི་ཨ་ནུ་མིན། །བོད་རྒན་ཀླད་རྙིང་ཐམས་ཅད་དགྱེས་དགྱེས་མཛོད།། ནམ་མཁའི་ནོར་བུའི་བཞེད་པ་དེ་འདྲ་སྟེ། །རེ་རེ་བརྗོད་པའི་ངལ་བ་བྱེད་མི་དགོས། །ཕ་བསད་རྒྱལ་རྔ་རྡུང་ལ་བྲེལ་རྣམས་ཀྱིས། །གང་གི་ཞབས་ཀྱི་རྡུལ་དེ་སྤྱི་བོས་མཆོད། ། ཨ་རེ། རྫོགས་ཆེན་མཁན་པོ་ཆོས་དགའ་དང་། །མཁའ་དབང་ནམ་མཁའི་ནོར་བུ་ཡི། །རྩོད་པ་བྱས་པའི་སྒྲ་ཐག་དེ་། །གོ་བའི་ཕྱོགས་སྔ་བྲིས་པ་ཡིན། །བོན་ལ་མི་དགའ་ནམ་ཡང་མེད། །ནམ་མཁའི་ནོར་བུར་གུས་པ་ཡོད། །ནང་པའི་ཕྱོགས་སུ་ལྷུང་བ་མིན། །མཐོང་ཐོས་མཚར་གཏམ་ཚུལ་དུ་བཀོད། །
བོན་བན་བན་བོན་ཁག་ཁག་སོ་སོ་རེད། །
ཉ་དང་ཉུང་མ་བསྲེས་ན་རིན་ཐང་ཆུང་། །
སོ་སོའི་ལུགས་དེ་སོ་སོའི་ཉར་ན་མཛེས། །
དད་མི་གཅིག་གིས་གཉིས་ཀ་དད་ནའང་སྒྲིག །
བོན་བན་གཉིས་ཀ་དར་རྒྱས་ཡུན་བརྟན་ཤོག །
ནམ་མཁའི་ནོར་བུས། གངས་ཏི་སི་ཞང་ཞུང་གི་ཡུལ་གྱི་གཙོ་བོ་ཡིན་པ་དང་། དེ་རྒྱ་གར་བ་རྣམས་ཀྱི་དབང་ཕྱུག་གི་གནས་དང་ཆོས་དར་བའི་ཁུངས་ཡིན་པ་ཁས་ལེན་པའི་སྒྲུབ་བྱེད་བཀོད་དེ། ནང་ཆོས་དང་རྒྱ་གར་ཀྱི་ཆོས་ལུགས་བོན་ལས་བྱུང་བ་ཡིན་ཚུལ་གསུངས་ཡོད། དེ་བདེན་ན་བོད་པ་ཚོའི་གདོང་སྣུམ་ཤིག་གེར་གནས་ན་ཆོག ཐུགས་རྗེ་ཆེ། དེ་ལ་ཁྱབ་མེད་ཀྱི་ལན་བརྗོད་ན་་་་་་། ཡང་ན་འདོད་ལན་གསུངས་ནས་ད་ནི་ནང་པ་དང་རྫོགས་ཆེན་སྨྲ་བ་སྟོན་པ་གཤེན་རབ་ལ་སྐྱབས་སུ་འགྲོ་བའི་དུས་ལ་བབ་པོ། ། ནམ་ནོར་ཀྱི་བཞེད་པ་ལྟར་ན། ཀློང་ཆེན་དང་སོག་བཟློག་པ། འཇིགས་གླིང་སོགས་གྲུབ་མཐའི་འཛིན་པ་ཆེ་བའི་ཕྱོགས་ཡིན། གཟི་ཕྲེང་དང་ཏི་སིའི་་འོད་སོགས་སུ་མིང་མ་བརྗོད་པར་རྒོལ་བ་མང་པོ་བཏང་ཡོད། ཁོང་གི་སློབ་མ་རྙིང་མ་ཡིན་པ་ཉི་ཟླ་ཧེ་རུ་ཀཿ་ཞུ་བས་ནམ་ནོར་ཀྱིས་ངས་རྙིང་མའི་ཀློང་ཆེན་པ་ལ་དགག་པ་བྱེད་མ་མྱོང་ཟེར། དེས་ན་སྙིང་ཏིག་ཡ་བཞིའི་་བབས་ལུགས་ཆེན་མོ་ཀློང་ཆེན་པ་དང་འབྲེལ་བ་མེད་པའི་གྲས་སུ་ཞོག སེམས་སྡེ་མ་བུ་བཅོ་རྒྱད་བོན་གྱི་ཡིན་པར་གྱིས། དེའི་ལྷག་མ་ལ་དགག་པ་བྱེད་མཁན་ཡོད་ན་ནམ་ནོར་ཀྱི་བཞེད་པ་མིན། བླ་མ་ཡིན་ཀྱང་སྤང་རྒྱུ་གྱིས། ནམ་ནོར་ཀྱི་གསུང་དང་མ་མཐུན་ན་བླ་མ་བརྒྱུད་པའི་མན་ངག་ཡིན་ཀྱང་སྤང་བྱ་གྱིས། དེ་འདྲ་བྱས་ན་རྙིང་མ་པ་རྣམས་ནམ་ནོར་ལ་སྐྱབས་སུ་འགྲོ་བའི་ལམ་བདེ་བོ་ཞིག་ཡོད། རྫོགས་པ་ཆེན་པོའི་ལྟ་བ་རྟོགས་པའི་གྲུབ་ཆེན་དུ་འགྲེལ་ཆོག སྨྱོན་པ་ཐམས་ཅད་གྲུབ་ཐོབ་དང་འདྲ། སྤྲང་པོ་ཐམས་ཅད་བྱ་བྲལ་དང་འདྲ། ཁ་བདེ་ཀུན་ཀྱི་དཔོན་པོ། ལག་བདེ་ཀུན་གྱི་གཡོག་པོ། རླུང་ལྷ་སྡེ་བཞིར་མ་འདུས་པའི་མདོ་སྔགས་ཀྱི་ཆོས་གང་ཡང་མེད་པར་ཤེས་ན་ཆོས་ཉིད་ཟད་སར་འཁྱོལ་བ་ཡིན། རྙིང་བོན་གཉིས་ཀར་འདི་འདྲའི་བཤད་སྟངས་ཞིག་ཀྱང་ཡོད་པ་འདྲ། ལམ་འགྲོ་དགོས་ན་ནམ་ནོར་གྱིས་ཨེ་ཀ་ཛ་ཊཱིའི་ཕྱག་ལ་སྲིད་པའི་ཕྱག་ཤིང་བཞག་ཏེ་སྲིད་པ་འབལ་མོར་མཚན་གསོལ་བ་དེ་ཡང་དུས་བབས་ཀྱི་ཟབ་ཆོས་ཡིན་པར་ངེས། དེ་ལ་ཐུགས་དམ་ཀྱིས། སྔགས་སྲུང་ཁྲོས་མའི་རྒྱུད་གད་སྙིག་བྱེད་རྒྱུ་ཨེ་ཡིན། ནམ་ནོར་ཀྱི་དེབ་རྒྱ་བོད་དུ་ཐོན་པ་བཅུ་ལྷག་དང་སྒྲ་ཐག་བཅས་པ་མཐོང་ཞིང་དེ་ལ་དགའ་བསུ་དང་དོགས་པ་བྱེད་པའི་གནས་ཅི་རིགས་ཡོད་པར་གོ་ནས་སྨྲས་པ་ཡིན། མང་པོ་བཤད་ཁོམ་མ་བྱུང་། སྤྱོང་གྲྭའི་དྲིལ་བརྡ་བཏང་སོང་། །ཧ་ཧ། ཧེ་ཧེ།
སྤྱིར་བཏང་ང་ལ་ནམ་མཁའི་ནོར་བུ་ཆོས་རྒྱུད་གར་གཏོགས་ལ་ཇུས་གཏོགས་བྱེད་དོན་གང་ཡང་མེད། ཡིན་རྒྱུ་ངོ་མ་ནི་ཁོང་ཆུང་དུས་སུ་ས་སྐྱ་བ་ཡིན་པ་འདྲ། ཁོང་གི་བུ་དེ་ཡང་ས་སྐྱའི་སྤྲུལ་སྐུ་ཡིན་ནམ་ཞིག་རེད་ཟེར་གྱིན་འདུག་བསམ་སོང་།
དྲ་གྲོགས་རྣམས་ནས་གླེང་སློང་གང་འཚམས་གནང་འདུག་པར་དགའ་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞུ་གིན་ཡོད། དེ་མིན་མདང་ནུབ་གུས་པས་རིན་པོ་ཆེ་མཆོག་ལ་སླར་ཡང་དམིགས་བསལ་གྱི་བཀའ་མོལ་ཆུ་ཚོད་གཅིག་ལྷག་རིང་ཞུས་པ་དང་། ཕལ་ཆེར་སྒྲ་མཇུག་ཀྱང་ཐུབ་ཡོད་ལ། གྲྭ་གྲོགས་ཚོར་སྙན་གསན་ཞུ་འོས་པ་ཧ་ཅང་མང་པོ་འདུག་པས་གང་ཐུབ་ཀྱི་ཞབས་ཏོག་ཞུ་འདོད་ཡོད། དེ་མིན་མཆན་འགའ་ལ་བསམ་ཚུལ་རེ་བསྐྱར་སྣོན་ཞུ་རྒྱུའི་ཆ་ཤས་ཀྱང་དུས་ཚོད་ནམ་བྱུང་ལ་ལེན་འདོད་ཡོད།
ད་དུང་ངས་བྲིས་པའི་ཁོང་གི་རྣམ་ཐར་ངོ་སྤྲོད་དེར་སྐུ་ངོ་མས་དག་བཅོས་འཛུབ་སྟོན་གནང་ཡོད་པ་སོགས་མུ་མཐུད་ཞུ་ཆོག་པ།
རྫ་ཚེ་ལགས་ངས་བསྟོད་ཆེ་མེད་བསམ།
མ་གཞི་ནས་རང་ཉིད་ཀྱིས་བླ་མ་དེར་མོས་པ་དང་དགའ་དད་ཀྱིས་བསྟོད་ར་ཇི་ལྟར་བྱས་ཀྱང་དེ་ནི་ཚོགས་གསོག་གི་རྒྱུ་རུ་འགྲོ་བ་ལས་བསྟོད་ཆེ་བས་ལས་ངན་གསོག་གི་མེད་བསམ།
རིས་མེད་ཞལ་བཞེས་ཙམ་མིན་ཕྱག་ཏུ་བླངས།
རྫོགས་ཚུལ་ཞལ་བཞེས་ཙམ་མིན་ཉམས་སུ་བླངས།
ཁ་དོན་གཉིས་མཐུན་བསམ་འཕེལ་ནོར་བུ་དེ།
མཆོད་ཅིང་བསྟོད་ན་གང་འདོད་ཆར་དུ་འབེབས།
ལ་སྟོད་བུ་ལགས་ཁྱེད་ལ་བསྟོད་ཆེ་འདུག་གསུང་གིན་ཡོད་པ་དེ་ང་མ་རེད། ཚེ་རིང་ནོར་བུ་ཞུ་བ་ཞིག་རེད་འདུག
ཧཧཧཧཧཧཧཧཧཧ
འོ་དགོངས་དག།
ཤ་ཟན་དམར་པོ་ལགས། རེད། རྫོགས་ཆེན་ཟེར་བའི་རྩོད་གཞི་ཅན་འདི་དགེ་ལུགས་པའི་ངོར་ལ་རྩོད་མེད་སྒྲུབ་ཐབས་གཏན་ནས་ཡོད་མ་རེད། དཔེར་ན་བདེན་མེད་ཉི་ཚེ་བ་གནས་ལུགས་མཐར་ཐུག་ཏུ་འདོད་པའི་དགེ་ལུགས་པའི་བདེན་སྟོང་མེད་དགག་ཟེར་བའི་ལྟ་བ་གྱི་ན་རྩོད་གཞི་ཅན་དེ་རྙིང་མ་བའི་ངོར་རྩོད་མེད་དུ་སྒྲུབ་ཐབས་མེད་པ་བཞིན་རེད།
ཁ་བརྡ་ལགས། དྲན་བསྐུལ་ཞུ་རྒྱུར། ངའི་མཆན་བུ་འདི་ཁ་བརྡའི་སྒྲིག་འགལ་དུ་གཟིགས་ནས་བསུབ་བཞེད་ན་ཐོག་མར་ ༡༧ ཤ་ཟན་དམར་པོའི་མཆན་བུ་དེ་བསུབ་དགོས།
ཡིད་དམ་ཞང་ཞུང་མེ་རིའི་ལྷ་ཚོགས་ཀྱི་བཀའ་དབང་ཞུས་པའི་རྗེས་སུ་་་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་གི་གདན་ས་ཆོས་ཚོགས་ཐོག་མར་ཕྱག་བཏབས་ས་གནས་ས་འཚོལ་གནང་དུས་ཁོང་ནས་ས་མིང་་་མེ་རི་་་ཞེས་པ་ཞིག་རྙེད་གསོན་བྱུང་བར་ཧ་ཅང་རྟེན་འབྲེལ་བཟང་པོར་བརྩིས་གནང་ནས་ས་གནས་དེ་ག་རང་དུ་དགོན་པ་བཞེངས་བར་མཛད་པའི་གཏམ་ཞིག་གོ་མྱོང། ། མེ་རི་སྒར་གཟིགས་འདོད་ན་འདིར་འདུག། http://www.dzogchen.it/
ད་དཀོན་མཆོག་གསུམ། ང་ཚོས་ག་འདྲ་བྱས་ནས་བགྲོ་གླེང་བྱེད་དགོས་རེད། སུ་གང་ལའང་མ་ཕོག་པའི་བགྲོ་གླེང་བྱེད་སྟངས་གསར་པ་རེ་ཡོད་ན་ཅིག་གསུངས་དང་།
ངས་གོང་དུ་གྲུབ་མཐའ་གང་ལའང་སྐྱོན་བརྗོད་བྱས་པ་ཟུར་ཙམ་ཡང་མེད། སྐྱོན་བརྗོད་གྱིས་ལབ་ནའང་བྱེད་ཤེས་ཀྱི་མེད། མ་གཞི་སྐྱོན་བརྗོད་བྱེད་རྒྱུ་ཚང་གི་གྲུབ་མཐའི་གནད་འགག་དང་ཁྱད་པར་རགས་པ་ཙམ་ཡང་ཕྱེ་ཤེས་ཀྱི་མེད།
རྫོགས་ཆེན་ཟེར་བ་དེ་ཆོས་ཟབ་མོ་ཞིག་ཡིན་པར་རྗོད་མཁན་མང་པོ་འདུག དེ་ལྟར་ཡིན་པའི་སྨོན་ལམ་འདེབས། ད་ལྟ་དེ་ཉམས་ལེན་གནང་མཁན་ཡང་མང་པོ་ཞིག་འདུག ཡག་པོ་རེད།
ཡིན་ནའང་། དེ་རྩོད་གཞི་ཅན་ཞིག་ཡིན་པ་དེ་དངོས་ཡོད་གནས་ཚུལ་རེད། འགའ་རེས་དེའི་ཁུངས་བོན་ཆོས་ལ་ཐུག་པར་བཤད་པ་དང་། འགའ་རེས་དེའི་ཁུངས་ནང་ཆོས་ལ་ཐུག་པར་བཤད། ནང་པ་བ་ཚོའི་ནང་ཡང་། དེ་སངས་རྒྱས་ཀྱི་གསུངས་ངོ་མ་ཡིན་པར་ཐེ་ཚོམ་འཛིན་མཁན་ཞིག་དང་། ཐེ་ཚོམ་མེད་མཁན་གཉིས་འདུག
ང་ཚོས་ལོ་རྒྱུས་ཀྱི་གདོང་རིས་ངོ་མ་ཞིག་ཤེས་དགོས་ན། ཕྱོགས་རིས་ཕྱོགས་ཞེན་གྱི་དབང་དུ་ཤོར་ནས་སྐད་ཆ་བཤད་བསྡད་ན་དེ་ཤེས་ཐབས་ཁོ་རང་ཡོད་པ་མ་རེད།
ང་ཆོས་མི་ཤེས་མཁན་ཞིག་ནས་ཆོས་ཀྱི་སྐོར་བསམ་ཚུལ་ཞིག་བཤད་ནས། སྟབས་མ་ལེགས་པ་ཞིག་ལ། ཞར་ཞོར་དུ་མེ་ཏོག་དཀར་པོའི་མིག་འབྲས་གཉིས་ཚང་ནས་འདྲུ་གྲབས་བྱས་སོང་ཡོད་ས་རེད། དགོངས་འགལ་མེད་པ་གྱིས། ངའི་མཆན་༡༧ པ་དེ་བསུབ་ཟེར་དགོས་པའི་རྒྱུ་མཚན་ཅི་ཡིན་ཤེས་ཀྱི་མི་འདུག དེ་ཅིག་གསུངས་དང་། ག་རེ་འགྲིགས་ཡོད་པ་མ་རེད།
བླ་མེད་རྫོགས་ཆེན་གྱི་བསྟན་པའི་ནང་དོན་་་ཇི་བཞིན་་་མ་ཤེས་ན་་་་དོན་དམ་པའི་ཞི་བདེ་་་ཞེས་པ་དེ་་་་རང་རྒྱུད་་་ལ་ཐོབ་རྒྱུ་ཁག་པོ་ཡིན་ས་རེད།
བོད་ཀྱི་མཁས་དང་གྲུབ་པའི་དབང་ཕྱུག་ཆོས་རྒྱལ་ནམ་མཁའི་ནུར་བུ་མཆོག་དང་ལན་གཉིས་ཙམ་མཇལ་བའི་དུས་སྐབས་བྱུང་། ཕལ་ཆེར་ལོ་ངོ་ཉི་ཤུ་ལྷག་སྔོན་དུ་སློབ་མ་རྣམས་ཀྱིས་གདན་འདྲེན་ཞུ་དུས་སྟེས་དབང་གིས་བདག་ཀྱང་མཇལ། ཁོང་བོད་ཀྱི་མཁས་པ་ཆེན་པོ་ཡིན་པས། བོད་ཀྱི་འབྲི་བ་པོ་དག་གིས་འོང་ལ་ཡོང་ཞེས་འབྲི་བ་འདུག་ཞུས་པར་ཁམས་ལ་ནི་འོང་བ་ཞེས་པ་མ་གཏོགས་ཡོང་ཞེས་མི་ཟེར་ཞེས་གསུངས་སོང་། ཁོང་གི་མཛད་སྤྱོད་ལ་དགའ་བ་རྣམས་ཀྱིས་ཡོང་ཞེས་པའི་ཚབ་ལ་འོང་ཞེས་འབྲི་ན་བོད་སྤྱི་སྐད་ལ་ཕན་ངེས།
ཁོང་གིས་བྲིས་པ་ཞིག་ན། ཞང་ཞུང་སྐད་ལ་གི་ཀྱི་གྱི་འི་ཡི་འབྲེལ་པའི་སྒྲ་ལ་ཨཻ་དང་། གིས་ཀྱིས་གྱིས་ཡིས་བྱེད་སྒྲ་ལ་ཨཻས་ཞེས་པ་ཡོད་ཅེས་གསུངས་ཡོད་པ་ཞིག་དྲན། དེ་དག་ནི་ཞང་ཞུང་ཙམ་མ་ཡིན་པར་འདི་འདྲ་བ་བོད་སྐད་ལ་དྭགས་པའི་ཁ་སྐད་ལ་འདུག་ བོད་ཀྱི་སྐད་ཟུར་ཆག་ན་གསལ་བྱེད་མེད་པར་གྱུར་པ་ཡིན་འདུག དཔེར་ན། དེ་ནས་ཞེས་པར་ཨེ་ནས་དང་། ད་ལྟ་ཞེས་པར་ཨ་ལྟ་ཞེས་པ་སོགས་མང་ངོ་།
ལ་དྭགས་པ་སློབ་སྦྱོང་ཆེར་མེད་པ་དག་གིས་གོ་ཐུབ་པར་བྱས་ཏེ། ལ་དྭགས་པའི་གཞོན་པའི་གྲས་ཨཻན་སྐད་ལ་སྦྱོང་ཐོབ་་པ་འགའ་ཞིག་གིས་གོང་གསལ་ཨཻ་དང་ཨཻས་སོགས་བྲིས་པའི་ལ་དྭགས་མེ་ལོང་ཞེས་པའི་དུས་དེབ་ཅིག་བཏོན་པ་ན། བོད་ཆོས་སྐད་དམ་བོད་སྐད་སྤྱི་ལ་གཅེས་པ་དག་གིས་སྐད་ཆེན་པོ་རྒྱབ་པ་ན། དེ་འདྲ་ཡིན་ན་ལ་དྭགས་ཙམ་མ་ཡིན་པར་ས་གནས་གཞན་ན་ཡང་དེ་ལྟར་བྱེད་པ་པོ་ཀུན་ལ་སྨྲ་དགོས་ཞེས་བཤད་ཀྱང་། ལ་དྭགས་པ་ལ་ས་གནས་གཞན་ནས་ཕལ་སྐད་མང་པོ་བསྲེས་ནས་གསར་ཤོག་དང་དུས་དེབ་སོགས་བཏོན་པ་ལ་སྨྲ་ཐུབ་པའི་ནུས་པ་མེད་པར་མངོན་ནོ།།
ཐུའུ་བཀྭན་གྱིས། ཆོས་ཀྱི་སྙིང་པོ་རྣམས་ནི་ཀ་དག་གདོད་མའི་ཀློང་དུ་ཐིམ་ནས་རིང་ཞིག་ལོནཔས། ད་ལྟའི་་རྙིང་མ་པ་རྣམས་ལས་བྱག་གྱེར་བ་དང་། ཚོགས་འཁོར་གྱི་ཡོ་ལངས་དང་། མནན་བསྲེག་འཕང་གསུམ་སོགས་ལས་སྦྱོར་གྱི་གཟུགས་བརྙན་ལ་སྙིང་པོ་བྱེད་པ་ཙམ་མོ། །ཞེས་གསུངས་པས་སྔོན་གྱི་རྙིང་མ་གཙང་མ། བོན་དང་རྩོད་པ་བྱེད་མཁན་ཚོ་དེང་སང་ཡོད་ཚོད་མི་འདུག ཕལ་ཆེར་རྙིང་བོན་གཉིས་ཀ་ལ་འཁྲུལ་བ་ཞིག་ཟེར་རྒྱུ་ཞིག་ཡོད་པ་དེ་ཡིན་ཚོད་རེད། འཁྲུལ་ཞིག་གི་དོན་ཡང་འཁྲུལ་བ་ཞིག་ལས་གཞན་དུ་མེད་པའམ། འཁྲུལ་བ་ལ་ཞིག་པ་དངོས་བོར་འཛིན་པ། འཁྲུལ་བ་ཞིག་འཐོར་སོང་བ་་སོགས་འགྲེལ་བཤད་གང་གནང་རེད། རྙིང་བོན་གཉིས་ཀའི་རོ་སྙོམ་ལ་རང་ལུགས་འཇོག་རྒྱུ་མེད་པ་་ཨེ་ཡིན་ནམ། འཇིགས་གླིང་གི་རྣམ་གྲང་སཀྱི་དོན་དམ་ལ་དཔྱད་པའི་གཏམ་ལས། སྒྱུ་མ་ལྟ་བུ་ཡིན་ཟེར་ན། །དེ་ཡང་མུ་སྟེགས་བྱེད་ལ་ཡོད། །དེ་བཞིན་རྟོག་པས་བཏགས་པ་ཡིས། །སྤྲོས་བྲལ་ཚངས་པ་ཡང་འདོད། །མདོར་ན་ཞང་ཞུང་བོན་ལ་སོགས། །སངས་རྒྱས་བསྟན་དང་འདྲ་མཚུངས་སུ། །བཅོས་པ་རྣམས་པ་སུ་ཡིད་རྟོན། །ཟེར་བ་འདིའི་ཕྱོགས་འཛིན་དཔལ་སྤྲུལ། མི་ཕམ། རྡོ་གྲུབ་དང་། རྒྱ་རོང་བསྟན་འཛིན་གྲགས་པ་སོགས་དང་། ཡང་བོན་ཡིན་ཟེར་མཁན། རྡོ་རྗེ་གླིང་པ་གཉིས་པ་ཞིག་དང་། ཀོང་སྤྲུལ་སོགས་ཡིན་ཚོད་རེད། ནམ་ནོར་ཨ་ཛཾ་འབྲུག་སྤྲུལ་ཡིན་ཚེ་དེས་རྙིང་མ་དང་བོན་གཅིག་པ་མི་འདོད་དེ། ཁྱད་པར་གྱི་ཁྲིད་ཡིག་འཇིགས་གླིང་གི་དགོངས་པ་ཅི་བཞིན་བཀྲལ་ཡོད། ཨ་ཛཾ་འབྲུག་པའི་ཐུགས་སྲས་གཡུ་ཁོག་བྱ་བྲལ་བས་ཀྱང་བན་བོན་རྫོགས་ཆེན་གཅིག་ཏུ་མི་འདོད་དེ། ངལ་གསོ་མགྲོན་པོའི་རྒྱང་གླུ་ལས། ཅིར་ཡང་མ་གྲུབ་པའི་ངང་ནས། །དྭངས་གསལ་འགག་མེད་ཀྱི་ཉམས་ལེན། །ཞང་ཞུང་བོན་པོ་དང་མཐུན་པའི། །ལྟ་དེ་སྤྲོས་ཅན་དུ་འདུག་གོ། །སོགས་མང་པོ་གསུངས་འདུག སྤྱིར་རྙིང་མ་ནང་ཁུལ་དུ་སྙིང་ཐིག་གཙང་མའི་ཕྱོགས་འཛིན་ཚོས་བོན་ཆོས་ལ་རྣམ་རྟོག་བྱེད་ཟེར་དེ་བདེན་མིན་མ་འཚལ། རྡོ་གྲུབ་བསྟན་ཉི་་དང་། བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ་སོགས་ཀྱི་སློབ་མ་དང་། རྒྱལ་དབང་བཅུ་་གསུམ་པ་དང་་རྡོ་བྲག་རིག་འཛིན་ཆེན་པོ་མཉམ་ཉིད་རྡོ་རྗེའི་བླ་མ། རིགས་པ་སྨྲ་བ་རྒྱ་རོང་དགེ་བཤེས་བསྟན་འཛིན་གྲགས་པའི་གསུང་ལ་བལྟས་ཚེ། རྙིང་བོན་གཉིས་ཀའི་བླ་མ་བརྒྱུད་པས་ཕན་ཚུན་ལ་རྩོད་པ་བྱས་ཚུལ་དང་། མཐུ་བཏང་ཚུལ། དཔེར་ན། གུ་རུ་པདྨ་འབྱུང་གནས་ནས། ཟུར་བ་ཡབ་སྲས། ཀཿདམ་པ་བདེ་གཤེགས། སོག་བཟློག་པ་སོགས་རྙིང་མའི་བླ་མ་མང་པོ་བོན་པོ་དང་འགལ་བ་བྱུང་ལུགས། དམ་སེལ་ཡོད་ལུགས་སོགས་བརྗོད་འདུག མཚར་གཏམ་ཞིག་བརྗོད་ན། རྒྱ་རོང་བླ་མས། ཀོང་སྤྲུལ་བན་རྒན་བོན་ལ་བཀའ་དྲིན་ཆེ། །པད་འབྱུང་མཚོ་རྒྱལ་བན་བོན་སོ་སོར་འབྱེད། །ད་ལྟའི་རྗེས་འཇུག་བསྟན་སེལ་ཉམས་པར་འདྲེས། །བན་བོན་མཁས་དབང་རྣམས་ཀྱིས་ཐུགས་རྗེས་གཟིགས། །ཅེས་པ་སོགས་དགོད་བྲོ་བ་མང་པོ་གསུང་འདུག ཁོང་གིས་བཞེད་པ་གཙོ་བོ་བོན་ལུགས་ཐ་ཆད་ཟེར་བ་མ་ཡིན་པར་བསྟན་པ་བསྲེ་སླད་མི་བྱེད་པ་གདམས་ཡོད། ཁོང་གི་གསུང་རྩོམ་ལས། ཆོས་ཀྱི་འགལ་ཟླ་འཇོམས་པའི་བདེན་ཚིག ཤེས་མེད་ཁྭ་འདྲས་ངན་པའི་མི་གཙང་ཕྱོགས་བརྒྱར་འཐོར་བ་རྩ་རློག་བདེ་གཤེགས་བཀའ་ལུང་གཉན་པོའི་ཐོག་སེར། བོནགཏེར་མཛོད་དྲི་ངན་སེལ་བྱེད་ཀེ་ཏ་་ཀའི་གཏེར་མཛོད། རྒོལ་ལན་ལུང་རིག་གནམ་ལྕགས་ཐོགས་མདའ། ཚད་མའི་གཞུང་ལ་བསྲེ་དཀྲུག་གིས་ངན་འགྲོའི་གཡང་སར་ལྷུང་པ་འདྲེན་བྱེད་ལུང་རིག་ལྕགས་ཀྱུ། ཆོས་དཀྲུགས་རྔ་བོང་མགོའི་ལུགས་ངན་སྐྲོད་བྱེད་དྲང་སྲོང་ཁྲོས་པའི་གད་རྒྱངས། ཆོས་མིན་སྤོང་བ་དམ་ཆོས་སྤང་བར་འཇོག་པའི་ལན་གཏི་མུག་ཀླུ་གདོན་སེལ་བའི་རིག་སྔགས། སོགས་བཀའ་རྩོམ་མང་པོ་བཞུགས། བྲག་མགོ་དགེ་བཤེས་སྐལ་བཟང་གིས། རྒྱ་རོང་བསྟན་འཛིན་ལ་དགག་པ་བྱེད་མཁན་ཀརྨ་པ་དང་ཀོང་སྤྲུལ་སྤྲུ་སོགས་ཀྱིས་རང་གི་དགོངས་པ་བརྗོད་པ་ཙམ་ལས། རྒྱལ་རོང་བླ་མར་གནད་དུ་ཁེལ་བའི་ལོ་རྒྱུས་དང་་ལུང་རིགས་ལྡན་པའི་སྒྲུབ་བྱེད་གནང་ཐུབ་མི་འདུག་གསུངས་པར་གྲགས། དེས་ན་རྙིང་མ་ཚང་གིས་དང་པོ་རང་གི་ནང་ཁུལ་གྱི་བལྟ་སྟངས་གཉིས་ལ་ཞིབ་ཏུ་དཔྱད་ནས་སྔ་འགྱུར་རྒྱུད་སྡེ་དང་། སེམས་སྡེ་རྫོགས་ཆེན་ཁུངས་བོན་ལ་གཏུག་དགོས་མིན་གྱི་གྲོས་ཆོད་གནང་ན་མི་ལེགས་སམ། དེང་དུས་རིས་མེད་ཤུགས་ཆེན་དར་ནས། ནང་ཆོས་ཀྱི་ལྟ་བ་ཡེ་ཤིས་བཤད་པའི་བྱམས་རྩེ་ཙམ་དུ་སྨྲ་བ་ཡང་མང་པོ་ཡོད་པས། རྙིང་བོན་གཅིག་ཏུ་བསྒྲིལ་ན་མི་རུང་བ་ཅི་ཡོད། བླ་མ་གོང་མ་རྣམས་ཀྱི་དམ་སེལ་དང་། སོ་སོའི་་ལྟ་གྲུབ་ཟེར་བ་ཀླད་སྙིང་དུ་སྨྲས་ན་ངོ་ཚ་འགོག་པའི་ཡོལ་བ་ཡག་ཤོས་ཞིག་རེད། རང་ལུགས་དང་དམ་བཅའ་དེ་རང་དུ་འཐད་པ་མཛད་ན་རུང་བ་ཞིག་ཡིན་ཡོང་། བན་བོན་གཉིས་ཀ་འགལ་མེད་རྟོགས་པར་ཤོག
རྙིང་བསྟན་ལ་སྡང་བའི་ཤ་ཟན་དམར་པོ་ཁྱོད་ཉོན་དང་། ༡༩༥༩ ཡར་སྔོན་ནས་དུས་ཡུན་གང་ཙམ་རིང་དགེ་ལུགས་མ་གཏོགས་ཆོས་བརྒྱུད་གཞན་གཙོག་པ་དང་། ལྟ་གྲུབ་མི་གཙང་བར་འདོད་པའི་ནད་རྙིང་དེ་ད་ཆ་རང་ས་མེད་པའི་མིའི་ཡུལ་དུ་སླེབས་ནའང་། དེའི་རྒྱུན་ཨུ་ཚུགས་ཀྱིས་བཟུང་བའི་ཁྱོད་དང་ཁྱོད་ཀྱིས་རིགས་ཅན་མང་པོ་ཞིག་རྣ་བ་བླགས་ཏེ་ཉོན་ཅིག ད་ནི་རང་རེའི་ཡུལ་ད་ལྟ་རང་ལག་མེད་ནའང་༧གོང་ས་མཆོག་ནས་ཡང་དག་པའི་དམངས་གཙོ་གསོལ་རས་སྩལ་ཟིན་པས། སྔ་མོའི་ལུགས་ཀྱི་བརྙས་ཚིག་དང་། ཟུར་ཟ་སོགས་བྱུང་ན་་དེ་དང་དེ་མཚུངས་ཀྱི་ལན་རབ་དང་རིམ་པ་ཞིག་འོངས་ངེས་རེད་ལ། དགེ་ལུགས་གཅིག་པུས་བོད་ཁམས་དབང་བསྒྱུར་བའི་དུས་རབས་རྫོགས་ཟིན་པའང་ཤིས་པར་གྱིས། མེ་ཏོག་དཀར་པོ་མིག་བྲུལ་ཁྱད་པར་མེད། ངས་ཁྱོད་ཀྱིས་མཆན་བུ་ ༡༦་ པ་དེ་བསུབ་དགོས་ཟེར་བ་ནི་བོད་ཡུལ་ནང་བསྟན་ཡོངས་ཀྱི་ཕྱི་མོ་སྔ་འགྱུར་རྙིང་མ་བས་ལྟ་བ་ཡོངས་ཀྱི་རྒྱལ་པོར་འདོད་པ་རྫོགས་པ་ཆེན་པོ་ལ་ཡང་ཟེར་ཞེས་སྦྱར་ནས་མ་རངས་པའི་ཚིག་དངོས་སུ་དབྱུང་བ་སོགས་ལ་ཇི་མི་སྙམ་པར་དེ་ནི་ཡོངས་གྲགས་ཞིག་དང་ཡིན་ཤག་ཤག་བཤད་པའི་ཚུལ་ལ་ཡི་མ་རངས་པས་ཡིན་ལགས།
མ་གཞི་ནས་བོད་ནང་པའི་ཆོས་བརྒྱུད་ཆེན་པོ་བཞི་གང་ལའང་རྩོད་པ་གཏན་ནས་མེད་པ་ཞིག་ཡོད་དམ།
ཆོས་མི་ཤེས་མཁན་ཞིག་གིས་ཞེས་ཆོས་མི་ཤེས་པར་ཁས་བླངས་ན།
འོ་ན་ས་པཎ་གྱིས།
བླུན་པོ་སྨྲ་བ་ཉུང་ན་མཛེས། །ཞེས་པ་འདི་ཉམས་སུ་བླངས་རོགས། གཞན་རྙིང་བསྟན་ལ་ཐུགས་ཁུར་བཞེས་མི་དགོས་ལ་བྱུས་གཏོགས་ཀྱང་བྱ་མི་དགོས། བསྟན་པ་ཉི་མ་ཤར་ཤར་རེད། འབྱུང་བྱའི་མིག་ལ་མུན་པ་རེད།
དྲི་མེད་ལྷག་བསམ་ལགས། ཁྱེད་ལྟ་གྲུབ་ལ་རྒྱུས་མངའ་དང་མིག་རྒྱང་རིང་ཞིག་ཡིན་པའི་ཟོལ་དུ་འདུག་མོད། ཐུའུ་ཀན་གྱིས་ལུང་དུམ་ཞིག་ལ་སྐྱབས་བཅོལ་ནས་སྔོན་གྱི་རྙིང་མ་གཙང་མ། བོན་དང་རྩོད་པ་བྱེད་མཁན་ཚོ་དེང་སང་ཡོད་ཚོད་མི་འདུག་གསུངས་འདུག་པས་དེང་སང་རྙིང་བོན་རྩོད་ཀྱི་མེད་པ་ནི་བདེན་མོད། སྔོན་གྱི་རྙིང་མ་གཙང་མ་མི་འདུག་ཟེར་བ་ནི་ཅིས་ཀྱང་མི་བདེན་ཏེ། བལ་བོད་རྒྱ་འབྲུག་སོགས་ས་ཡི་གོལའི་ཁྱོན་ལ་གདོད་མའི་མགོན་པོ་ནས་བཟུང་ཏེ་བརྒྱུད་པའི་ཆོས་བཀའ་དེ་དག་ཉམས་སུ་ལེན་བཞིན་པའི་དགོན་སྡེ་དུ་མ་ཡོད་པ་དངོས་ཡོད་ལ། དེ་བཞིན་ཀུན་འབྱུང་འདྲེན་པའི་ཐེག་པ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ། དབང་བསྒྱུར་ཐབས་ཀྱི་ཐེག་པ་སོགས་ཐེག་པ་སོ་སོའི་ལྟ་གྲུབ་སྤྱོད་པ་སོགས་ལ་ལག་བསྟར་གནང་བཞིན་པའོ།།
བདུད་འཇོམས་རིན་པོ་ཆེས་ཆོས་འབྱུང་ནང་། ཚིག་འདི་ལ་དོགས་འདྲི་ཞིག་གནང་ཡོད་པས་ཉིད་རང་རྙིང་མ་བར་ཁས་ཆེས་པ་ཞིག་ཡིན་ན་རང་གསོད་པའི་གྲི་ལག་ན་ཐོགས་ནས་དགའ་དགའ་སྤྲོ་སྤྲོ་བྱ་མི་འོས་ལགས།
བན་བོན་མཐུན་ན་ལེགས་པ་སྟེ། །
རྙིང་བོན་མཐུན་དེ་བས་ལེགས། །
འོན་ཀྱང་རྙིང་བོན་གཅིག་པ་རུ། །
སྒྲུབ་པའི་ཁུར་དེ་ང་ལ་མེད། །
མེ་ཏོག་དཀར་པོ་ལགས། ང་རྙིང་ཆོས་ལ་དཔེ་ཀློག་དང་གུས་པ་ཕྲན་བུ་ཡོད་མཁན་ཞིག་ཡིན།འོན་ཀྱང་རྙིང་མའི་གྲས་སུ་བཞག་པ་མེད་པས་དེར་ཁས་འཆེས་པ་མེད།དེ་བཞིན་བོན་ཀྱི་མདོ་གཟེར་མིག་ཀྱང་ཕལ་ཆེར་ཞིག་ཀློག་མྱོང་། ཞང་ཞུང་སྙན་བརྒྱུད་རྒྱ་བོད་གཉིས་ཀའི་ཡི་གེ་ཞིབ་མོར་ལན་ཁ་ཤས་མཇལ་མྱོང་་མོད་བོན་པོ་ཡང་ཡིན་བསམ་པ་སྐྱེས་མ་བྱུང་། ཉིད་ཀྱིས་གསུང་པ་དེ་ཡང་མཇལ་མྱོང་། བདུད་འཇོམས་ལོ་རྒྱུས་གུ་བཀྲའི་ཆོས་འབྱུང་ལས་བཏུས་པ་ཞིག་རེད། ཆོས་འབྱུང་དང་རྙིང་བསྟན་རྣམ་བཞག་གཉིས་ཀའི་རང་ལུགས་དང་གཞན་ལུགས་འགོག་པའི་ལན་སོགས་ཞེ་ཆེན་རྒྱལ་ཚབ་ཀྱི་བསྟན་རྒྱས་སྨོན་འགྲེལ་དང་ཆོས་འབྱུང་འཇེབས་བཤུས་རེད། ལོ་ཚིག་དེ་རིག་འཛིན་ཚེ་ནོར་ཀྱི་དུས་ཀྱི་རྣམ་བཞག་ལ་ཁ་སྣོན་ཅུང་ཟད་བྱས་པ་རེད། མདོར་ན་རྙིང་ཕྱོགས་ཀྱི་ལན་ཐམས་ཅད་ཀྱི་ཐུག་ས་ཀློང་ཆེན། རཏ་གླིང་། སོག་བཟློག་སོགས་རྙིང་མ་གཙང་མ་ཨེ་རེད། དེ་དག་གི་བཞེད་པ་ལས་གཞན་དུ་ཆོས་ལུགས་བསྲེས་ནས་འགྲེལ་བ་ཡིན་ན། རྙིང་ལུགས་གཙང་མ་མེད་པ་རེད་ཅེས་སྨྲས་ན་མི་འགྲིགས་པ་མེད་སྙམ། ཡང་ན་གྲུབ་མཐའ་མཁན་པོ་དེ་ཚོ་ནོར་ལེ་རེད། ངས་མི་ཤེས། ཀློང་ཆེན་པའི་ལོག་རྟོག་འཁྲུལ་འཇོམས་ལས། རྫོགས་པ་ཆེན་པོ་ཆོས་མིན་པའི་གཏན་ཚིག་ཡོད་ན། རང་བྱུང་རྡོ་རྗེ་བོན་པོ་རྣམས་ཀྱི་སེམས་འཛིན་པའི་ཕྱིར་དང་། མི་དགེ་བ་ཐམས་ཅད་ཀྱི་སེམས་འཛིན་པའི་ཕྱིར། མི་དགེ་བ་ཐམས་ཅད་བྱེད་དགོས་པར་འགྱུར་རོ།།ཞེས་སྟངས་ཚིག་གནང་བ་དང་། ཡང་། དེ་ལས་གཞན་པ་པདྨ་འབྱུང་། །སངས་རྒྱས་གསང་བ་བི་མ་ལ། །བཻ་རོ་ཙ་ན་ལ་སོགས་ཀྱིས། །མ་བསྒྱུར་མ་མཛད་ཐག་ཅོད་ཅེས། །ཚུལ་མིན་དྲན་ཚད་སྨྲ་བ་ཡི། །ཁ་དེ་བདུད་ཀྱིས་མ་ཕྱེས་སམ། །ཞེས་སང་། བོད་ཀྱིས་མཛད་པའི་བསྟན་བཅོས་ཞེས། །སྐུར་འདེབས་མཛད་པ་ཞེ་རེ་འཇིགས། །ཞེས་པ་ལ་སོགས་བོན་རྫོགས་གཅིག་ཏུ་སྨྲ་བའི་ཕྱོགས་འགོག་པ་ཡིན་པ་འཇིགས་གླིང་དགེ་རྩེ་རྗེས་འབྲངས་དང་བཅས་པས་བཞེད། བོན་པོ་ལ་ཕར་ཕྱིན་ཡོད་པ་བཞིན་ཏུ་རྫོགས་ཆེན་ཀྱང་ཡོད་ཆོག་མོད། འོན་ཀྱང་ཕན་ཚུན་རྒྱུད་ལུང་། བླ་རབས། ཕྱག་ལེན་མི་འདྲ་བ་སྤྱོར་ཐབས་མེད་པ་ཚོ་ཡང་བསྲེས་ན་ཕྱོགས་གཉིས་ཀ་བསྟན་པ་བསྲེ་སླད་་ཅན་དུ་འགྲོ་བར་བཞེད་དེ། རྒྱ་རོང་བསྟན་གྲགས་ཀྱིས། བོན་པོ་རྣམས་ཀྱིས་རྙིང་མའི་ལོ་ཙཱ་བ་རྣམས་བསད། རྙིང་མ་རྣམས་ཀྱིས་བོན་བཅོམ། དེ་ལ་ཁྲོས་ནས་བོན་པོས་མཐུ་བཏང་། དེ་ཟློགས་པའི་ཆེད་དུ་རྙིང་མ་རྣམས་ཀྱིས་ལས་སྤྱོར་བྱས། ཕན་ཚུན་ཞོ་ཁྲག་བསྲེས་པ་ལྟ་བུ་བྱས་རྗེས་དག་སྣང་ཚིག་གཅིག་གིས་བསྟན་པ་གཅིག་ཏུ་སྒྲུབ་འདོད་ལོག་རྟོག་ཉིད་ལས་ཅི་ཡོད། བོན་པོ་དང་རྙིང་མ་གཉིས་ཀའི་བསྟན་པ་བསྲེ་་སླད་ཅན་དུ་མ་གཏོང་། དམ་ཉམས་ཀྱི་ལུང་པ་བཀང་་མ་འཇུག རང་ས་ནས་འཆད་རྩོད་རྩོམ་པ་བྱེད་ཐུབ་ན་ཆོས་ཀྱི་མི་གེ་བྱུང་མི་འདུག དམ་སེལ་གྱི་དྲི་མ་ཡང་འགོས་དོགས་མེད། ཅེས་གསུངས་པ་བཞིན་ནོ།། །དེས་ན་ནམ་ནོར་ཀྱི་ཕྱོགས་སྔ་སུ་ཡིན་རྙིང་མ་པ་ཚོས་དཔྱད་པར་འོས། ང་ལ་ནི་ཁུར་མེད། མེ་ཏོག་དཀར་པོའི་སྐུ་སྐལ་དུ་འབུལ་བ་ལགས།
༼བོད་ཀྱིས་མཛད་པའི་བསྟན་བཅོས་ཞེས། །སྐུར་འདེབས་མཛད་པ་ཞེ་རེ་འཇིགས།༽ ཞེས་པའི་དོན་ངོ་མ་ཇི་ལྟར་འགྲེལ་དགོས་སམ།
བོད་བཙན་བྱོལ་ཁྲོད་དུ་ནོར་བུ་རྣམ་གསུམ་ཟེར་བའི་གྲས་ཞིག་ནི་སྐུ་ཞབས་ནམ་མཁའི་ནོར་ལགས་རེད་ཟེར། ཁོང་གི་མཁྱེན་ཡོན་གཟི་བྱིན་དང་བྱིན་རླབས་མཐུ་སྟོབས་ཆེ་ཚུལ་ཅེས་གང་བཤད་ཀྱང་ཆོག ཁོང་ལོ་རབས་བརྒྱད་ཅུ་པའི་ནང་རྒྱ་ནག་ཏུ་ཡོང་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློང་ཆེན་སོགས་སུ་ཕེབས་ནས་བཤད་ཁྲིད་སོགས་མང་པོ་གནང་བ་རེད། སྐབས་དེར་སློབ་མ་མང་པོ་སྐོམ་པའི་ཆུ་འདོད་ནི་བོད་དང་བོད་ཀྱི་སྲིད་དོན་ལོ་རྒྱུས་ཡིན་པས་དེའི་སྐོར་སློབ་མ་མང་པོས་ཁོང་ལ་དྲི་བ་དྲིས་དུས་ཁོང་གིས་བོད་དོན་དང་བོད་ཀྱི་ལོ་རྒྱུས་སོགས་དགུན་གྱི་ཁུ་བྱུག་བཞིན་ཚིག་གཅིག་ཀྱང་བརྗོད་མི་ནུས་པས་སློབ་མ་མང་པོས་ཁོང་ལ་བློ་ཁོག་ཁབ་མིག་ཙམ་ཡང་མི་འདུག་ཟེར།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་འཇུ་ལེ། ལ་དྭགས་མེ་ལོང་ཞེས་པའི་དུས་དེབ་དེ་་་ལ་དྭགས་ཀྱི་ཁ་སྐད་ཇི་མ་ཇི་བཞིན་བྲིས་ནས་སྤེལ་བར་གནང་ཐུབ་ན་ཤིན་ཏུ་ནས་ངོ་མཚར་ཆེ་ལ་མི་རིགས་ཀྱི་རིག་གནས་ལ་རླབས་ཆེན་གྱི་བྱས་རྗེས་འཇོག་པར་ངེས། མི་གང་ཞིག་གིས་ཞང་ཞུང་གི་སྐད་དང་བོད་སྐད་གཉིས་རྩ་ནས་མི་མཚུངས་པའི་འདོད་ཚུལ་ཞིག་ཡོད་པ་འདྲ། འོན་ཀྱང་ངས་བསམ་ན་ཞང་ཞུང་གི་སྐད་དང་བོད་སྐད་གཉིས་གཅིག་མཚུངས་ཀྱི་རྣམ་པ་ཞིག་མཐོང་གི་འདུག། ལུང་པ་སོ་སོར་སྐད་གདངས་མི་འདྲ་ཡོད་ཀྱང་སྐད་ཀྱི་སྒྲོམ་གཞི་གཅིག་པ་ལྟ་བུ་འདུག། སྔོན་ཞང་ཞུང་རྒྱལ་ཁབ་དར་རྒྱས་ཡོད་སྐབས་སུ་ཞང་ཞུང་ལའང་སྐད་རིགས་མི་འདྲ་བ་སྣ་ཚོགས་པ་ཡོད་པར་བཤད་འདུག། དེས་ན་དེང་དུས་ང་ཚོ་གངས་ཅན་པ་ཡོངས་ཀྱིས་རྒྱབ་བཞིན་པའི་སྐད་ཀྱི་རྨང་གཞི་གཅིག་མཐུན་དུ་གྱུར་བའི་བོད་སྐད་ཞེས་པ་འདི་་་དོན་ངོ་མ་ཞང་ཞུང་གི་སྐད་ཡིན་་་དང་་་བོད་སྐད་ཞེས་དབུས་གཙང་རུ་བཞི་ཁོ་ན་ནས་བྱུང་བ་ཞིག་ཡིན་་་ཅུང་ཟད་བློ་དོག་གི་གནས་སུ་གྱུར། དེས་ན་ལུང་པ་སོ་སོའི་ཁ་སྐད་ཇི་བཞིན་བྲིས་ནས་དུས་དེབ་གང་མང་སྤེལ་ཐུབ་ན་གངས་ཅན་པའི་རིག་གཞུང་གི་རྩ་བ་ལ་ཕན་ཆེ་ན་མ་གཏོགས་གནོད་མང་བ་་ཞིག་གཏན་ནས་མི་འབྱུང་བསམ།
རི་ལུགས་པ་ཐག་པས་མི་སྡོམས། ཉི་ཤར་སྤར་མོས་མི་ཁེབས་ཞེས་པའི་དཔེ་ལྟར་་་རྫོགས་ཆེན་་་ད་ཕར་ཞོག་་་བོད་ཀྱི་གསོ་རིག་སྨན་གྱི་བྱུང་ཁུངས་ཀྱང་བོན་ལ་ཐུགས་ཡོད་པ་རྩོམ་ཡིག་འདིར་ཁ་གསལ་བྲིས་གནང་འདུག་པས་དྲྭ་གྲོགས་ཚོས་གཟིགས་པར་འཚལ། http://theyungdrungbon.com/?p=1092
གྲུབ་མཐའ་སུ་ཡིན་ཀྱང་རུང་དེའི་ལུགས་གཙང་དང་གཙོག་གྲུབ་མཐའ་དེ་དང་དེའི་ལྟ་བསྒོམ་སྤྱོད་གསུམ་ལ་བསྲེ་བསླད་ཡོད་མེད་ཞིག་ལ་འདོད་དགོས་ཀྱི། གཞན་ལུགས་དགག་སྟངས་སོགས་གྲུབ་མཐའི་ཆ་ཤས་ཉེ་ཚེ་བ་ཞིག་གིས་ག་ལ་རུང་། ཀློང་ཆེན། རཏ་གླིང་། སོག་ཟློག་སོགས་ལས་གཞན་པའི་རྙིང་བ་རྣམས་གཙང་མ་མིན་ཟེར་ན་སྙིང་ཁམས་ཆེ། གཞན་ཞུ་བྱ་དབེན།
གཞན་ལ་སྨད་མི་དགོས། རང་གིས་དེ་མ་བྱེད་ན་ཆོག གཞན་ལ་བསྟོད་མི་དགོས། རང་གིས་དེ་བྱོས་དང་།
གསུངས་ཡོད་།
རྫ་བཀྲ་ཤིས་ཚེ་རིང་ལགས་ལ་ཐུགས་རྗེ་ཆེ་ཞུ།
རང་ཉིད་འདོད་པའི་ལྷ་ལ་རང་གིས་སྐྱབས་བཅོལ་བ་དང་། གུས་བཀུར་གང་བྱེད་རང་དབང་རེད།
རང་ཉིད་རྒྱུ་མཚན་དུ་བྱས་ནས་མི་གཞན་གྱིས་ཀྱང་དེ་ལྟར་བྱེད་དགོས་འདོག་གསུངས་པ་ནི་རྩ་བ་ནས་ཡག་པོ་མ་རེད།
ངས་རིན་པོ་ཆེ་ཁོང་གི་རྣམ་ཐར་མཇལ་ཙམ་ལས་ཆ་རྒྱུས་ཅི་ཡང་མེད།
ཁོང་སློབ་སྦྱོང་དང་ལྷག་བསམ་ལ་རྒྱ་ཆེ་གྲབས་པས་བོད་མི་ཚོ་མ་ཡོང་བ་རེད་དམ།
བོད་མི་ཚཽས་མ་ཤེས་པས་རེད།
ཡང་ན་མི་ཞིག་གིས་བཀག་པས་རེད།
འདི་ཐམས་ཅད་བཤད་དགོས་པ་ཞིག་མ་རེད་སྙམ།
ཀུན་ཀྱང་རང་གི་འདོད་པའི་རྗེས་འགྲོ་ཕྱིར། །གཅིག་གིས་གཅིག་ལ་བཀའ་འགོག་བྱེད་དོན་མེད།།
བོན་ལགས། བོད་ཀྱིས་མཛད་པའི་བསྟན་བཅོས་ཞེས། །སྐུར་འདེབས་མཛད་པ་ཞེ་རེ་འཇིགས། །ཞེས་པ་གསང་སྙིང་དང ཀུན་བྱེད་རྒྱལ་པོའི་རྒྱུད་སོགས་བོད་ཀྱིས་བཟོས་པ་ཡིན་ཟེར་བ་སོགས་ཁུངས་མེད་ཀྱི་ལོ་རྒྱུས་སུ་སྨྲ་བ་ཡིན་ཨེ་ཡོང་སྙམ། རྙིང་མ་པ་ཚོར་དྲིས་ཤིག མེ་ཏོག་དཀརཔོ་་ལགས། ཀློང་ཆེན། རཏ་གླིང་། སོག་ཟློག་སོགས་ཀྱི་གྲུབ་མཐའ་ལས་གཞན་དུ་གྱུར་ན་རྙིང་མ་གཙང་མར་མིན་པ་སྨྲ་མཁན། ཁྱོད་ཚོའི་དཔལ་སྤྲུལ་དང་མི་ཕམ་སོགས་ཡིན་པ་འདྲ། དཔལ་སྤྲུལ་གྱིས། བོད་དུ་ཐུབ་བསྟན་རྒྱན་གཅིག་ཀློང་ཆེན་པའི། །གཞུང་ལས་ཕྱི་རོལ་གྱུར་ལ་ཐར་ལམ་མེད། །ཅེས་དང་མི་ཕམ་པའི་ཡིད་བཞིན་མཛོད་གྲུབ་ལས། རྒྱུ་འབྲས་ཐེག་པ་ཚང་ལ་མ་ནོར་བའི། །དྲང་སྲོང་ཆེན་པོའི་ཕ་ཕོག་བོར་ནས་སུ། །གཞན་ཟེར་ཚིག་གི་གཡམ་ལ་རྟག་རྒྱུགས་པ། །རྒྱལ་བུ་དམངས་འཁྱམས་ལྟ་བུའི་རྙིང་མ་པ། །བདེན་གསུང་འདི་ན་བླུན་པོའི་སྒོམ་པ་ཕལ། །མུ་སྟེགས་ཕྱོགས་སུ་བླན་ལ་རང་གི་བློ། །འཁུ་འཁྲིག་ཙམ་ཡང་མེད་པར་ངའི་འདི་ནི། །རྫོགས་ཆེན་ཡིན་ཞེས་གསང་མཐོར་སྒྲོགས་པ་མང་། །ཞེས་གསུང་པ་མིན་ནམ། འདིར་གླེང་པར་འོས་པ་མང་སྟེ་་དུས་ཚོད་བྱུང་མ་སོང་། །
དྲི་མེད་ལྷག་བསམ་ཞེས་པའི་དྲ་སྤྱོད་པ་ནི་ངོ་མ་ལོ་རྒྱུས་ཀྱིས་ཕྱུག་པ་ཞིག་རེད་འདུག་ཡི་རངས་ཡོད།
དྲི་མེད་ལྷག་བསམ་ནི་ངོ་མ་ཐོས་པ་ཤིན་ཏུ་ཆེ་བ་ཞིག་འདུག ཁོང་རྙིང་མ་མིན་གསུངས་ན་ཡང་ང་ལྟ་བུ་རྙིང་མ་ཡིན་པར་བརློམ་མཁན་དག་གིས་འགྲན་པའི་ཟླ་དང་བྲལ་བ་ཞིག་རེད་འདུག འོནཀྱང་ཡིད་ཕངས་པ་ཞིག་ལ་མཚན་དངོས་གསང་བ་གནང་བ་དེས་ང་ཚོས་ཡང་སྙིང་ཁོང་སུ་ཡིན་རྟོགས་ཀྱི་མེད་མོད་བཀའ་མོལ་ཞིབ་ཏུ་གསུངས་པར་གུས་པས་ཉན་ཡོད། ང་ནི་རྩོད་པ་ཤེས་མཁན་དང་འདོད་མཁན་གང་ཡང་མིན་ཡང་། རང་ཉིད་ཀྱི་བསམ་ཚུལ་དང་འཆར་ཚུལ་འབྲི་རྒྱུར་གོམས་ཤིང་། དེ་ལས་གཞན་དུ་སྨྲ་བ་པོ་དག་གི་ངག་ལའང་ཅུང་ཟད་ལྟར་བཟོད་པ་ཞིག་ཡིན་ལགས།
དེ་བཞིན་ལ་སྟོད་བུ་དང་པདྨ་དཀར་པོ་སོགས་ལ་ཡང་ཐུགས་རྗེ་ཆེ་ཞུ།
དེ་བཞིན་ངས་ཀྱང་རཏ་གླིང་དང་། སོག་ཟློག་པའི་གསུང་རྩོམ་ཁག་མང་དུ་ལྟས་ཤིང་། དེ་བཞིན་ཀུན་མཁྱེན་སྔ་ཕྱི་དང་། ཁྱད་པར་དུ་རོང་ཀློང་གཉིས་ཀྱི་གསུང་དག་མཇལ་ཐུབ་ཙམ་ཡིན་མོད། ཕྱོགས་མང་པོ་ཞིག་ལ་འཆད་ཚུལ་དང་འཛིན་མཚམས་ནི་ངེས་པར་མི་འདྲ་བ་ཡིན། ང་ཚོས་རགས་པའི་སྒོ་ནས་བཤད་ན་ཡང་རོང་ཟོམ་པའི་སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་མེད་ཀྱི་དགོངས་པ་འགྲེལ་བར་སྒྲོལ་མ་པ་བསམ་འགྲུབ་རྡོ་རྗེ་དང་མི་ཕམ་མི་འདྲ་བ་ལྟ་བུ་ཤིན་ཏུ་མང་། དེ་བཞིན་ཀོང་སྤྲུལ་དང་མཁྱེན་བརྩེ་དབང་པོ་ཟུང་ནས་བོན་གྱི་གཏེར་ཆོས་མང་པོ་གཏེར་མཛོད་དུ་བཞག་ཡོད་ལ་སྐབས་དེར་འཇམ་མགོན་མི་ཕམ་ལྟ་བུའི་བསྟན་པའི་ལྕགས་རི་ཆེན་པོ་དང་ཆོས་རྗེ་དཔལ་སྤྲུལ་ལ་སོགས་པ་བཞུགས་བཞིན་དུ་ཡང་རྒྱལ་རོང་བསྟན་འཛིན་གྲགས་པ་ལས་གཞན་པས་ཅང་མ་གསུངས་པ་ནི་ཡ་མཚན་པ་ཞིག་རེད། དེ་དྲན་ཚུལ་ཙམ་ཡིན།
ད་དུང་ཆུང་ས་ནས་བཤད་ན་དོལ་རྒྱལ་ག་དུས་ཤི་བ་ལ་ཡང་མི་འདྲ་སྟེ། བྱ་བྲལ་རིན་པོ་ཆེས་སྨིན་གླིང་གཏེར་ཆེན་གྱིས་བསྒྲལ་ཟིན་པར་ནན་གྱིས་འཆད་ཅིང་། ཆོས་རྗེ་ཡིད་བཞིན་ནོར་བུས་ཁོང་ཉིད་ནས་བསྒྲལ་གནང་མཛད་པའི་ཞལ་བཞེས་མཛད། འོན་ཀྱང་དེ་ཙམ་གྱིས་སུའི་སྔ་རྒོལ་སུ་ཡིན་པའི་འཁུ་འཁྲིག་བྱ་མི་རུང་། དེ་ངས་མཆན་བུ་འདེབས་པ་པོ་ཞིག་གིས་ཆོས་རྗེ་ནམ་མཁའི་ནོར་བུས་རྫོགས་ཆེན་གྱི་འབྱུང་ཁུངས་མཆད་པ་སྙིང་ཐིག་གི་བབ་ལུགས་དང་མཐུན་མིན་གྱིས་བྱ་བྲལ་རིན་པོ་ཆེ་མ་དགྱེས་འདོག་འདོག་གི་བཤད་ཡམ་བཀོད་པའི་ལན་ཡིན། མ་དགེས་ན་མི་དགེས་སུ་ཆུག་མོད་མཁས་པ་རྣམས་ལ་མཆད་ཚུལ་མི་འདྲ་བ་འབྱུང་བ་ནི་གཡོལ་དུ་མེད་པ་ཞིག་སྟེ། འདིའི་ཐད་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཉག་རོང་རིག་གཞུང་དར་སྤེལ་བགྲོ་གླེང་སྐབས་གཉིས་པའི་བཀའ་སློབ་ཏུ་འདི་ལྟར་གསུངས་འདུག་སྟེ།
གྲུབ་མཐའི་མི་མཐུན་ས་ཡོད་པ་ཙམ་གྱིས་ཉེ་རིང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡོད། རང་རེ་རྙིང་མ་པར་མཚོན་ན་ཡང་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གསུང་ལ་ཡང་མི་མཐུན་ས་ཡོད་རེད་ལ། དེ་བཞིན་སྨིན་གླིང་ཡབ་སྲས་དང་བླ་མ་མི་ཕམ་གྱི་གསུང་ལ་ཡང་མི་མཐུན་ས་མང་པོ་ཡོད་རེད། དགེ་ལུགས་པ་ཡིན་ན་ཡང་ཡིག་ཆ་འཛིན་པ་བཞི་པོར་མི་མཐུན་པ་མང་པོ་ཡོད་ན་ཡང་དེ་རིགས་མཁས་པ་རྣམས་ཀྱི་བཤད་ལུགས་ཤིག་རེད། དེ་ཚང་མ་ཆགས་སྡང་དང་བསྲེས་བཞག་པ་ཡིན་ན་ང་ཚོ་བྱིས་པ་རྣམས་རང་གིས་རང་ཕོང་གིན་ཡོད་པ་རེད།
ཞེས་སོ།
Bonpo la འཇུ་ལེགས།
ཁྱེད་ཀྱིས་བཞེད་པ་བཞིན་ཞང་ཞང་གི་སྐད་དེ་བོད་སྐད་ཡིན་དགོས། སྔར་བོད་དུ་དཔེ་ཆ་ཞིག་ན། ཞང་ཞུང་སྐད་དུ། ཞེས་ཚིག་གང་ཡང་གོ་ཐུབ་པ་མེད་པ་ཞིག་མཐོང་མྱོང་། དེའི་མཇུག་ལ་བོད་སྐད་དུ༏ ཞེས་གོ་ཐུབ་པ་་ཞིག་དྲན་ཀྱང་དཔེ་ཆའི་མཚན་བརྗེད་ནས་བློ་ཡུལ་ན་མེད། །ལ་དྭགས་ཁ་རྒྱུན་བཞིན་འབྲི་ན། ཁྱེ་དི་མིང་ཅི་ཡིན། ང་ར་ངི་མིང་ཚེ་རིང་ཡིན། ངཨཻ་ཡུ་ལི་མི་ང་ལ་དྭགས་ཟེར། དེ་ལྟར་ཡང་མཇུག་གི་གསལ་བྱེད་དེ་མེད་པར་སོང་ནས་དབྱངས་རྐྱང་པ་ལུས་པ་ན། གོང་གི་རྗེས་འཇུག་གང་ཡིན་པ་ལ་དབྱངས་ཡིག་ཞུགས་ཏེ། མིང་གཞི་ནས་་རྗེས་འཇུག་དེ་དབྱངས་ཡིག་གིས་ཁེར་ཏེ། མིང་གཞི་དེ་རྗེས་འཇུག་གིས་དབེན་པ་ཆགས་འདུག ཁྱེད་བློ་གསལ་གཞོན་ནུ་བོད་ཀྱི་སྐད་འགྱུར་སྟངས་དཔྱོད་མཁན་ཞིག་གིས་ཤེས་དགོས་པ་ཞིག་ཏུ་མཐོང་། ལ་དྭགས་ཙམ་དུ་ཟད་དབུས་གཙང་གི་སྐད་དུ་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ན་ཡོད་པའི་ཚིག་མང་དུ་མཆིས།
མཁས་མཆོག་ནམ་མཁའི་ནོར་བུ་ཆེ་ཁོ་བོ་ལས་དགུང་ལོ་ཁོ་བོ་ལས་རྒྱལ་བའམ་ཕུང་པོའི་གྲངས་ཀྱིས་གཞོན་པར་སྣང་། ཁོང་གིས་ཨཻ་དང་ཨཻས་འབྲེལ་སྒྲ་དང་བྱེད་སྒྲར་ངོས་འཛིན་མཛད་ཡོད་ན། ཞང་ཞང་སྐད་དུ་བྲིས་པའི་དཔེ་ཆ་ཞིག་གཞིར་བཟུང་བྲིས་སོ་སྙམ་ན། Bonpo ལགས་ཁྱེད་ཀྱིས་གཟིགས་ཚེ་ང་ལ་གསུང་གྲོགས་ཞུའོ།།
དེ་བཞིན་ཧ་ཤང་གི་སྐོར་འདི་ཡང་གླེང་ན་མགོ་ཉོག་པོ་ཞིག་ཡོད་དེ། ཀློང་ཆེན་པས་དངོས་སུ་ཚིག་གིས་ཟིན་པས་དེ་དུས་ཀྱི་བློ་དམན་པས་མ་རྟོགས་པ་མ་གཏོགས་སློབ་དཔོན་ཆེན་མོ་ཧ་ཤང་གི་བཤད་པ་དོན་ལ་གནས་ཙམ་ཞིག་གསུངས། དེ་བས་ཀྱང་ཐང་ཡིག་སྡེ་ལྔར་རྒྱ་ནག་སྤྲུལ་བདུན་བརྒྱུད་པ་བརྒྱུད་པའི་མཐའཿ ཧ་ཤང་མ་ཧཱ་ཡ་ན་ཉིད་ལ་ཐུགཿ ཅེས་དང་དེ་གའི་ཅིག་ཅག་འཇུག་པ་ཧ་ཤང་གི་ལུགས་ཀྱི་སྒོམ་ལུང་དང་དགོངས་ཉམས་ཀྱི་རྟོགས་པ་མཆད་པར་རྗེ་འབངས་ཕལ་ཆེར་གྱི་མཚན་འབྱུང་ཞིང་། ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་ཟིན་གྱི་འཆད་སྟངས་ཀྱི་ཧ་ཤང་གི་ངོས་འཛིན་ནི་དེ་དང་ཅིས་ཀྱང་མི་འདྲ་བ་སོགས་ཀྱང་ཡོད། འོན་ཀྱང་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཉེ་རིང་དང་སྤོང་ལེན་བྱེད་པ་ནི་བློ་ལྡན་གྱི་རྟགས་ཅིས་ཀྱང་མིན། དེ་བཞིན་མཁས་པའི་བསྔགས་ཚིག་ལ་སྒྲ་ཅི་བཞིན་དུ་མགོ་མཁོར་ནས་དེ་ལས་གཞན་པ་ལ་སྐུར་བ་འདེབས་པ་ནི་ཀླུ་སྒྲུབ་ཞབས་ཀྱི་ལུང་ལས་གཞན་ལ་ཐར་པ་མེད་པ་རྒྱུ་མཚན་དུ་བཀོད་ནས་ཉན་ཐོས་རང་ལམ་ལ་ཐར་པ་མེད་པར་འདོད་པ་དང་ཅུང་འདྲ་ཡང་།
དེ་ལྟར་ན་མི་ཕམ་པས་རྗེ་ཙོང་ཁ་པར་བསྔགས་པ་རབ་བསྔགས་དད་པའི་མེ་ཏོག་ཏུ། སྣ་ཚོགས་གཞུང་ལུགས་རྒྱ་མཚོའི་དགོངས་པའི་དོན། རང་བཟོའི་དྲི་མ་གཞར་ཡང་མ་མཆིས་པར། ཚུལ་བཞིན་འགྲེལ་པར་བྱེད་ལ་ཁྱེད་དང་ནི། །མཚུངས་པ་མེད་ན་ལྷག་པ་ག་ལ་ཞིག །ཅེས་གསུངས་པ་དང་། བཤད་དང་སྒྲུབ་པ་ཕྱོགས་རེའི་བརྟུལ་ཞུགས་ཀྱིས། །འོད་བཟང་སྤྲོ་བའི་བློ་ལྡན་རྒྱུ་སྐར་བརྒྱས། །མཁྱེན་མཆོག་ནམ་མཁའི་ནོར་བུ་ཁྱེད་གཅིག་ལ། །འགྲན་མི་ནུས་ན་སུ་ཞིག་དེ་ལ་སྙོན། །ཞེས་དང་། བློ་དང་ཚུལ་ཁྲིམས་འཆལ་བའི་ཉེས་ཚོགས་ཀྱིས། །ཁྱོད་ཀྱི་ལུགས་བཟང་གཙང་མ་རྙོགས་བགྱིད་ཅིང་། །དྲི་མེད་བསྟན་ལ་རྨ་སྲོལ་འབྱིན་པ་ཀུན། །བདག་གི་སྟོབས་ཀྱིས་རྩད་ནས་ཞི་གྱུར་ཅིག །ལྟ་བུར་གཟིགས་དང་ཚིག་གི་ངོ་གདོང་ལ་ལྟས་ན་ཁོང་རྙིང་མ་པ་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་ཙམ་ཡང་སྐྱེ་མི་སྲིད་མོད། འོན་ཀྱང་འདི་ལྟ་བུའི་བློ་ཆེན་རྣམས་ཀྱི་ངང་ཚུལ་ལ་་གཞི་ནས་སྐྱོབ་པ་རིན་པོ་ཆེའི་མགུར་ལས། ཕྱི་མེ་ཏོག་གི་མདངས་ལ་མི་གནོད་པར། །ནང་སྦྲང་རྩི་བླངས་ནས་མཁའ་ལ་འཕུར། །ཞེས་གསུངས་པ་ལྟ་བུ་ཡིན་པས། གང་ལྟར་འཆད་སྲོལ་མི་འདྲ་བ་དང་གནས་སྐབས་ཀྱི་འཛིན་མཚམས་ཕྲ་མོ་དག་རྒྱུ་མཚན་དུ་བྱས་ནས་བླངས་དོར་ཆགས་སྡང་བྱེད་པ་ནི་རང་ཉིད་ཉམས་པའི་རྒྱུ་འབའ་ཞིག་སྟེ། དཔེ་མཚོན་ཤིན་ཏུ་མང་ཡང་མི་འབྲིའོ།
རྫོགས་ཆེན་པའི་ལུགས་ལ་་་་་་རིག་པ་རྐྱང་འདེད་་་་་ཞེས་པ་ཧ་ཅང་གལ་ཆེན་དུ་བརྩིས་ནས་གནས་ལུགས་ཉམས་སུ་་ལེན་པའི་ཐབས་བཟོང་ཤོས་དེ་ཡིན་པར་གསུངས་ཡོད་པ་དང། གསུངས་རབ་གཞན་དུའང་ལུང་དང་རིག་པ་གཉིས་ལས་་་རིག་པ་གཙོ་བོར་་་འཛིན་དགོས་པར་གསུངས་པ་དང། བོན་གྱི་རྫོགས་ཆེན་གྱི་གཞུང་ནས་ཀྱང་་་སངས་ལ་རྒྱས་ས་མེད་པས་་་རེ་བའི་་་ལམ་ཆད། འཁོར་བར་སྟུང་ས་མེད་པས་་་དོག་པའི་་་མཐའ་བསལ། བོན་ལ་བྱ་རྒྱུ་མེད་པས་གདམས་ངག་ལ་་་རགས་མ་ལུས་་་་ཞེས་འདི་འདྲའི་དུས་ཤིག་ཚེས་དུས་རྫོགས་ཆེན་པོའི་གནས་ལུགས་ཀྱི་རྒྱལ་ས་ཟིན་པ་ཡིན་པར་གསུངས་འདུག་པས། ད་ཁྱེད་དྲ་གྲོགས་རྣམས་ཀྱིས་བླ་མ་ཁག་གིས་གསུངས་པའི་ལུང་ཚིག་སྐམ་པོ་བཀའ་འགྱུར་ལས་ཀྱང་མང་བ་དེ་རྣམས་གཙོ་བོར་བཟུང་ན་་སྡུག་བསྔལ་གཞི་རྩ་བཅོད་ཐུབ་མིན་མི་ཤེས། དེ་ལས་རང་རིག་པའི་ཡེ་ཤེས་ཀྱི་དོན་ལ་རང་གིས་ནུས་པས་གང་ཐུབ་དཔྱད་ན་དེ་འཁོར་བའི་ཕུ་ཐག་བཅོད་པ་ལ་ཕན་ཆེ་བར་སེམས་སོ། དོན་ངོ་མ་ཞུས་ན་་་་སྣང་བ་ཐམས་ཅད་སློབ་དཔོན་ཡིན། སྣང་བ་སློབ་དཔོན་དུ་མ་ཤེས་ན། ཀུན་ཏུ་བཟང་པོ་ལ་སུ་ཡིས་བསླབ། གསུངས་འདུག་པས་གཞན་ཟེར་གཡེམ་རྒྱུག་ཆེ་དྲག་ན་གསང་བ་སེམས་ཀྱི་གནས་ལུགས་མཇལ་བའི་དུས་ཤིག་ཚེས་པར་དཀའ།
མཆན་༥༤པར་ཞུ་རྒྱུར། ཁྱེད་ཀྱི་གདམ་ངག་ཤིན་ཏུ་ཟབ་པ་འདུག་སྟེ། ཁྱེད་ཀྱིས་ལུང་རིགས་ཀྱི་རིགས་དང་རིག་པ་ཡེ་ཤེས་ཀྱི་རིག་དག་ཆ་ཁོ་རང་མི་འདྲ་བ་ཕལ་ཆེར་ཐུགས་མཉམ་མ་བཞག་པའི་གསུང་དུ་ངེས། ད་དུང་བློ་རིག་ཤེས་གསུམ་གྱི་ཡ་གྱར་གྱི་རིག་པ་དང་སྐབས་འདིར་བསྟན་གྱི་རིག་པ་སོགས་ཞིབ་ཆ་དགོས་པ་ཡིན།
གཤམ་དུ་ངས་གཅིག་ཏུ་གྲུབ་པ་ཞེས་ཞིག་འགོད་རྒྱུ་ཡིན་པས་དུས་ཚོད་ཡོད་ན་ཀློག་ཤིག
དུམ་བུ་གསུམ་དུ་བྱེད་དེ། དང་པོ་གཞིའི་ཚུལ་གཅིག་ཏུ་གྲུབ་པ་ནི།
གཅིག་ཏུ་གྲུབ་པ་ཞེས་བྱ་བ།
བཅོམ་ལྡན་འདས་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ།
རྣམ་མེད་རྣམ་པ་ཀུན་ལས་འདས་ཀྱང་ནམ་མཁའི་མདོག་གིས་རབ་མཚོན་པ། །
ཤེས་དང་ཤེས་བྱའི་ཡུལ་ལས་འདས་ཀྱང་ཤེས་པ་རབ་ཀྱི་རྩེར་བརྗོད་པ། །
ཡོད་དང་མེད་ཅེས་ཀུན་ཏུ་བརྩད་ཀྱང་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད། །
ཡེ་ནས་གནས་པའི་ཆོས་ཉིད་དེ་ཡིས་ཁྱོད་དང་བདག་ལ་ཤིས་གྱུར་ཅིག།
འདིར་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པ་ཐམས་ཅད་པའི་སྒྲའི་ངོ་བོ་ཉིད་ཀྱི་བརྗོད་པ་མཐའ་དག་དངོས་དང་བརྒྱུད་ནས་རང་བཞིན་གྱི་ཆོས་ཉིད་གཅིག་ལ་བཞོལ་ཞིང་འབབ་པ་སྟེ། དེའི་ཕྱིར་སྒྱུ་འཕྲུལ་དྲ་བ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང༌། རྟ་དབྱངས་ཀྱི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པར་ཡང༌། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །མི་གནས་དབུ་མ་ཉེ་བར་མཚོན། །ཞེས་གསུངས་པ་ལྟ་བུ་སྟེ། རྒྱས་པར་ནི་འོག་ཏུ་འབྱུང་ངོ༌། །གནད་འདིས་བསྟན་པ་ལ་ཚད་མར་གྱུར་པའི་མཁས་གྲུབ་ཆེན་པོ་རྟོགས་པའི་རྒྱུན་མ་སྨད་པར་ཞུགས་པ་མཐའ་དག་གི་དགོངས་པའང་ཚིག་གི་བབ་ཀྱི་བྱེ་བྲག་གི་ཕྱོགས་ཙམ་ལས་དོན་ལ་ཐ་དད་མེད་པར་གནས་པ་ཡིན་ནོ། །
ཨ་ཅང་ཆེ་སྟེ། ཡང་དག་པའི་ལམ་གྱི་འབྱོར་བ་དམ་པའི་ནོར་གྱིས་ཡོངས་སུ་ཕྱུག་པ་འབའ་ཞིག་གིས་འདི་ལ་དཔང་དུ་བྱེད་པ་ཡིན་ཏེ། གཞན་དུ་ན་ཅིའི་ཕྱིར་དེ་ལྟ་བུའི་རང་བཞིན་མངོན་པར་རྟོགས་པའི་ཁྱད་པར་དང་ལྡན་པར་གྱུར། ད་ནི་དེའི་ཚུལ་ཅུང་ཟད་ཅིག་བསྙད་དེ། ལར་གྲུབ་པའི་མཐའ་རྣམས་ཀྱི་གཙོ་བོའི་ཁྱད་པར་ནི་ལྟ་བ་ལས་གྱུར་པ་དང༌། ཐེག་པ་རྣམས་ཀྱི་རང་རང་གི་ཁྱད་པར་ནི་གཙོ་ཆེར་ལམ་ལ་མངོན་པར་སློབ་པའི་རྐྱེན་གྱི་ཁྱད་པར་ལས་གྱུར་ཏོ་ཞེས་ཀྱང་གྲག་ལ། གང་ཅི་ཡང་རུང་སྟེ། གྲུབ་པའི་མཐའ་ཞེས་པ་ནི་རང་གི་ཤེས་པ་དང་དཔྱོད་པས་རྙེད་པའི་དོན་དེ་དེ་ལས་འདར་མེད་པའོ་ཞེས་དང༌། དེའི་ཚུལ་ནི་རང་གི་བརྗོད་པ་ལ་འབད་པ་ལྷུར་ལེན་པ་ཁོ་ན་ཉིད་དུའང་འཛེར་ཞིང༌། རྒྱུ་དེས་གྲུབ་པའི་མཐའི་ཚུལ་ལུགས་མཐའ་དག་འགལ་བ་ཅན་དུ་རྟོག་པའི་སྐྱེ་བོ་རྣམས་ཀྱི་བློ་གྲོས་ངན་པ་ཕྱིར་ཞིང་བདོ་བ་ཉིད་དུ་གྱུར་ཏེ། ཡོངས་ནི་སངས་རྒྱས་ཀྱི་རྗེས་སུ་འབྲངས་པའི་ཐེག་པའི་ལུགས་སྣ་ཚོགས་པའི་ལྟ་བ་འཛིན་པ་དག་ནི་དེ་ལྟ་མ་ཡིན་པར་རྟོགས་སོ། །
དེ་ཡང་འཕགས་པ་ཉན་ཐོས་དང་ཐུན་མོང་དུ་བསྟན་པའི་ལུང་ལས་ནམ་མཁའ་དང་ལག་མཐིལ་མཉམ་པ་ཞེས་དགྲ་བཅོམ་པ་དག་གི་མངོན་པར་རྟོགས་པའི་རྣམ་པ་མཚོན་པར་མཛད་དེ་འབྱུང་བ་ནི་དེ་དག་གིས་ཀྱང་ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་པའི་ཕྱོགས་སུ་ཤིན་ཏུ་གསལ་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་ཚུལ་འདི་ལ་བསྟེན་ནས་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་ཚུལ་གསུངས་སོ། །
རེ་ཞིག་ཤིན་ཏུ་ཐུན་མོང་པའི་གདུལ་བྱ་ལ་སྣང་བ་འབའ་ཞིག་གི་དབང་དུ་བཏང་ནའང༌། བཅོམ་ལྡན་འདས་ཀྱིས་རྩྭ་བཏིང་བ་ལས་མཐར་ཐུག་གི་ཡེ་ཤེས་བརྙེས་པའི་ཐ་མར་ཟབ་པ་ལ་སོགས་པའི་ཁྱད་པར་དྲུག་དང་ལྡན་པའི་བདེན་པ་རྟོགས་པའི་ཞལ་བཞེས་གནང་བའང་བསྟན་པ་ཐམས་ཅད་གཅིག་ཏུ་གྲུབ་པའི་གཞི་གསུངས་པ་ཡིན་ནོ།།
ཐེག་པ་ཆེན་པོའི་སྐད་དུ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཕྱོགས་དག་ལམ་པོ་ཆེའི་དཔེས་གསུངས་པ་ནི་ལམ་གཅིག་ཏུ་གྲུབ་པའི་ཚུལ་གསུངས་པ་ཡིན་ནོ། དབུ་མའི་རྩ་བ་ལ་སོགས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་རྟོགས་པ་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་དོན་གཅིག་ཏུ་གསུངས་པ་ནི་འབྲས་བུའི་ཚུལ་གཅིག་ཏུ་གྲུབ་པ་སྟེ། འདི་ཙམ་ཞིག་གིས་ཀྱང་རང་རང་གི་ལམ་གྱི་མངོན་པར་རྟོགས་པ་ཇི་ལྟ་བའི་ཚུལ་གྱིས་དོན་རྟོགས་པ་ལ་ཞུགས་པར་གསལ་ལོ། འོན་ཀྱང་གནས་ལུགས་ལ་ཞུགས་པ་ཡོངས་སུ་རྫོགས་པ་དང་མ་རྫོགས་ཙམ་ཞིག་ལྷག་མར་ལུས་ཏེ་དེའི་ཕྱིར་གཞུང་ཁ་ཅིག་ལས་འཕགས་པ་ཉན་ཐོས་དག་ལ་སེམས་ཅན་ལས་ཀྱིས་ཚེ་བཀག་པ་ཞེས་འབྱུང་ངོ༌། །
སངས་རྒྱས་ཀྱིས་དངོས་སུ་གསུངས་པའི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་ཀྱི་སྔ་མ་སྔ་མར་ཕྱི་མ་ཕྱི་མའི་རྩ་བ་ས་བོན་གྱི་ཚུལ་ཏུ་གསུངས་བར་མ་ཟད་སངས་རྒྱས་ཕལ་པོ་ལས་དུག་གསུམ་ཆ་མཉམ་གྱི་གཉེན་པོར་སྡེ་སྣོད་གསུམ་དུ་རྣམ་པར་བཞག་སྟེ། ཆ་མཉམ་གྱི་གཉེན་པོར་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་རྣམ་གྲངས་བསྟན་དོ། ཞེས་དངོས་སུ་གསུངས་པ་ནི་སྔ་འགྱུར་གྱི་རྒྱུད་ཀུན་བྱེད་ལས། དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་འབྱུང་བའི་དོན་ཏེ། གཞི་འདིས་ཀྱང་སངས་རྒྱས་ཀྱི་ཐེག་པ་གོང་འོག་དག་ནི་སྔ་མའི་རྟོགས་པ་ཕྱི་མས་སུན་འབྱིན་པའང་མ་ཡིན་ལ། ཕྱི་མ་ཕྱི་མ་སྔ་མ་སྔ་མ་དང་མ་འབྲེལ་པའང་མ་ཡིན་པར་ཆུ་ཀླུང་གི་ཚོགས་ཆེན་པོ་རྒྱ་མཚོར་འདོང་ཤིང་འབབ་པ་དང་འདྲ་སྟེ། མདོ་ལས་ཀྱང་དཔེ་འདིས་ཚུལ་འདི་དངོས་སུ་བསྙད་པ་མཐོང་ངོ༌། །
འོ་ན། ཐེག་པ་ཐུན་མོང་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང༌། སྔགས་ཀྱི་ཐེག་པའི་ཚུལ་ལ་ཞུགས་པ་བརྒྱུད་པའི་བབ་དང་མན་ངག་གི་ཚུལ་མི་མཐུན་པ་གི་ལྟ྄་བ་ལ་སོགས་པའང་འདི་བཞིན་ངེས་སམ་ཞེ་ན། སྤྱིར་ནི་འཕགས་པའི་ཡུལ་གྱི་སློབ་དཔོན་སྔ་ཕྱི་དག་གི་ལུང་དང་མན་ངག་གི་དབང་དང༌། གསུང་རབ་ཀྱི་གནས་རྗེས་སུ་རྟོག་པའི་བློ་གྲོས་ཀྱི་དབང་
གིས་རྣམ་པར་བཞག་པ་མི་འདྲ་བ་མངོན་ཚན་དུ་བྱུང་བ་དང༌། ཁོལ་བུར་བྱུང་བ་ཤིན་ཏུ་མང་བ་དག་ཅིག་མཆིས་པ་དག་ཀྱང་དོན་གྱིས་ནི་གཅིག་ཏུ་གཞོལ་ཞིང་འབབ་པ་ཁོ་ན་ཏེ། ཚུལ་འདི་སློབ་དཔོན་ཆེན་པོ་དཱ་ན་ཤཱི་ལས་གྲུབ་པའི་མཐའ་མི་འདྲ་བ་དང༌། དབུ་མའི་ལྟ་བ་མི་འདྲའི་གྱེས་གཞིར་བཞེད་པའི་གནའ་མཆན་བཏབ་པའི་མདོ་འཕགས་པ་ཆོས་ཉིད་རང་གི་ངོ་བོ་སྟོང་བ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་སྣང་བ་ལས། བཅོམ་ལྡན་འདས་ནི་རྣམ་གྲངས་དང་དབྱེ་བའི་ཆོས་ལ་རྟོག་པར་མི་མཛད་ཀྱང༌། སྨོན་ལམ་དང་ཐུགས་རྗེའི་བྱིན་གྱིས་རླབས་ཀྱིས་འཁོར་རྣམས་ཀྱི་སོ་སོའི་མོས་པ་དང་བསམ་པ་ཇི་ལྟ་བ་བཞིན་དུ་གསུང་སྒྲོགས་པར་སྣང་སྟེ། ཞེས་པ་ནས། ཁ་ཅིག་གིས་ནི་ཇི་ལྟར་སྣང་བ་བཞིན་དུ་ཡོད་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། ཁ་ཅིག་གིས་ནི་ཆོས་ཐམས་ཅད་སེམས་ལས་མ་གཏོགས་པར་གཞན་མེད་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། །ཁ་ཅིག་གིས་ནི་སེམས་ཉིད་ཀྱང་མ་སྐྱེས་པ་ཡིན་པར་བདག་ཅག་ལ་ཆོས་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། ཁ་ཅིག་གིས་ནི་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་སྣང་ཞིང་སྒྱུ་མ་བཞིན་དུ་མ་གྲུབ་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། ཁ་ཅིག་གིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་པ་དང་རྟོག་པའི་ཡུལ་ལས་འདས་པ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ། ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པར་འཇམ་དཔལ་གྱིས་དྲི་བ་དྲིས་པར་སླར་ཡང༌། འདི་དག་ཐམས་ཅད་ཀྱང་ཡང་དག་པ་ཡིན་པར་གཟུང་སྟེ། ཞེས་པ་ནས། འཇམ་དཔལ། བརྟག་པ་ལྔ་པོ་འདི་དག་ལས་རྣམ་པར་གྲོལ་བ་མཚུངས་པར་ཐོབ་པའི་དཔེ་ནི་ནོར་བུ་རིན་པོ་ཆེས་བསྟན་ཏེ། ཞེས་བྱ་བ་ལ་སོགས་ཤིན་ཏུ་རྒྱས་པར་འབྱུང་སྟེ། རྒྱ་ཆེར་མདོ་ཉིད་ལས་ཤེས་པར་བྱའོ། ད་ནི་གོང་གི་བརྟག་པ་ལྔ་པར། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་བ། རྟོག་པ་དང་རྟོག་པའི་ཡུལ་ལས་འདས་པ། ཐོག་མ་མེད་པའི་དུས་ནས་སྤྲོས་པ་རྣམ་པར་དག་པའི་ཆོས་སྟོན་ཏོ་སྙམ་སྟེ། དེ་ལ་ངེས་པར་འཛིན་ཅིང་རྟོག་པར་བྱེད་དོ།ཞེས་པའི་དོན་གཞི་ལ་བཞག་སྟེ། འཕགས་པའི་ཡུལ་དང་ཁ་བ་ཅན་གྱི་རིའི་སུལ་དུ་ཕེབས་པའི་ཐེག་པ་མཆོག་གི་སློབ་དཔོན་དག་གི་དགོངས་པའི་བབ་སོ་ལུང་གི་གནས་ཀྱི་ངེས་པས་རྗེས་སུ་བསྟན་པ། དང་པོ་གནས་ལུགས་ལྟ་བའི་དབང་དུ་བྱས་ཏེ། དཔལ་བྲམ་ཟེ་ཆེན་པོ་ས་ར་ཧས། ཐམས་ཅད་མ་ལུས་ནམ་མཁའི་
རང་བཞིན་ལས། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོ་བ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང༌། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། ཅེས་དང༌། རྟ་དབྱངས་ཀྱི་དོན་དམ་བྱང་ཆུབ་སེམས་བསྒོམ་པར། རྣམ་གྲོལ་རྣམ་པར་བཅིངས་པ་ཡང༌། །མིང་ཙམ་མིང་ཡང་ཡོད་མ་ཡིན། །ཐམས་ཅད་ནམ་མཁའ་དང་འདྲ་སྟེ། །ཞེས་དང༌། ཇོ་བོའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བླ་མ་ཨ་ཝ་དྷཱུ་ཏཱི་པའི་ཞལ་ལས་བརྒྱུད་པའི་ཀླུའི་གསུང་བྲིས་པར། ཡེ་ཤེས་ཆོས་ཀྱི་དབྱིངས་དང་ཐ་དད་མེད། །ཆོས་ཀྱི་དབྱིངས་ལ་རང་བྱུང་ཡེ་ཤེས་བཏགས། །བསམ་ཏུ་མེད་ཅིང་ཚིག་གིས་སྤྲོས་དང་བྲལ། །ཞེས་འབྱུང་ཞིང༌། ཀླུའི་གསུང་གཞན་དུའང༌། གཟུགས་ནི་མིག་གིས་མི་མཐོང་ཞིང༌། །ཡིད་ཀྱིས་ཆོས་རྣམ་མི་རིག་པ། །འདི་ཉིད་མཆོག་ཏུ་བདེན་པ་སྟེ། ཞེས་དང༌། གཞི་ལམ་འབྲས་བུ་སྐྱེ་མེད་ཀྱི། །གཞི་རྩ་དྲན་མེད་བློ་ལས་འདས། །ཞེས་དང༌། མངའ་བདག་མར་པས་བླ་མ་གཉིས་མེད་རྡོ་རྗེ་ལ་རང་གི་རྟོགས་པ་མགུར་དུ་ཕུལ་བ ལས། སྣང་བ་བདེན་མེད་མཐའ་ཡས་ཀུན། །ཟུང་འཇུག་མཉམ་ཉིད་རོལ་པར་ཤར། རྒྱུན་ཆད་མེད་པའི་ཆོས་ཉིད་འདི། །རང་རིག་རང་གསལ་འགག་པ་མེད། །ཟུང་འཇུག་རིག་པ་གཉུག་མའི་ངང༌། །ཡེ་ཤེས་ལྷུན་གྲུབ་ལྟ་བ་ལགས། །ཞེས་དང༌། རྗེ་ཐམས་ཅད་མཁྱེན་པ་ལ་མཁན་ཆེན་ཕྱག་རྡོར་བ་ཆེན་པོ་བརྒྱུད་ནས་ལྷག་པའི་ལྷས་དངོས་སུ་གནང་བའི་ལྟ་བའི་གོལ་ས་གཅོད་པའི་མན་ངག་གི་ཡི་གེ་བདུད་རྩིའི་སྨན་མཆོག་ལས་ཀྱང༌། རང་གི་རིག་པའི་གནས་ལུགས་ཅིར་ཡང་གྲུབ་པ་མེད་པའི་སྟོང་གསལ་དུ་ཡེ་གདོད་མ་ནས་ད་ལྟའི་ཤེས་པ་བཅོས་ལྷད་དང་བྲལ་བ་འདི་ཀ་ལྟར་ཡོད་པ་ཡིན་ཏེ། ཞེས་སོགས་གསུངས་པ་ཡིན་ནོ། །
དུམ་བུ་གཉིས་པ།
གཞི་ཇི་ལྟ་བ་བཞིན་ཉམས་སུ་ལེན་པའིལམ་གྱི་རྣལ་འབྱོར་གྱི་དབང་དུ་བྱས་ནའང་འདི་ལྟར་འབྱུང་སྟེ། བྲམ་ཟེ་ཆེན་པོས། གཉིས་མེད་གཉུག་མའི་རྣལ་འབྱོར་གང་དེ་ལ། །སྤང་དང་བླང་བའི་དངོས་པོ་ཅི་ཞིག་ཡོད། །ངས་ནི་ཆོས་ཀུན་མ་བཟུང་མ་བཏང་བས། །བུ་ཁྱོད་འདི་གྱིས་བྱ་བར་མི་སྨྲའོ། །ཞེས་དང༌། ཀླུའི་དབུ་མ་སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་འཛིན་ཅིར་ཡང་མ་རྟོག་ཅིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་དང༌། དེ་ཉིད་ཀྱིས་མཛད་པའི་མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བ་ལས། འདི་ལ་ཐམས་ཅད་དམིགས་མེད་དེ། །དམིགས་པ་མེད་པར་རབ་ཏུ་གསལ། །བློ་ནི་དམིགས་པ་མེད་བྱས་ན། །དམིགས་པ་མེད་པ་འབྱུང་བར་འགྱུར། །ཞེས་དང༌། ལེགས་ལྡན་གྱི་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས། །ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག ཅི་ལ་ཡང་སེམས་པ་མེད་པ། མཐའ་ཐམས་ཅད་ལ་མི་གནས་པ། ཤེས་པ་ཅིའི་ངོ་བོར་ཡང་མ་སྐྱེས་པ་བསྒོམ་པར་བྱའོ། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པ་ཡིན་ཏེ། །ཞེས་དང༌། ཨ་ཏི་ཤའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ལས། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་འོད་གསལ་བར་གྱུར་ཏེ། བར་དེར་ཤེས་པ་ཅི་ཡང་མ་ཡིན་པ། ཅིར་ཡང་མི་གནས། ཅིར་ཡང་མ་གྲུབ་པ། ཅིའི་རྣམ་པར་ཡང་མ་སྐྱེས་པ། སྤྲོས་པ་མ་ལུས་པ་ཉེ་བར་ཞི་བ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའི་གུང་ལྟ་བུའི་མཚན་མའི་རྡུལ་ཐམས་ཅད་དེངས་པའི་ནམ་མཁའི་རྡོ་རྗེའི་ཏིང་ངེ་འཛིན་ལ་ཇི་ཙམ་ནུས་པར་གནས་སོ། །ཞེས་དང༌། གཞན་ཡང༌། བི་མ་ལ་མི་ཏྲའི་རྣམ་པར་མི་རྟོག་པ་བསྒོམ་པའི་རིམ་པ་གཉིས་དང༌། ཀ་ཤིའི་བསྒོམ་པའི་རིམ་པ་གསུམ་དང༌། ཇོ་བོའི་དབུ་མའི་མན་ངག་གཉིས་དང༌། དྲན་པ་གཅིག་པའི་མན་ངག་ལ་སོགས་པར་གང་གསུངས་པ་དེ་དང་དེ་དག་ཀྱང་མཐར་ནི་འཛིན་པ་མེད་ཅིང་སྣང་བ་མེད་པའི་རྣལ་འབྱོར་ཁོ་ནར་མཐར་ཐུག་པ་སྟེ། གཞན་ལྟ་ཅི། བི་མ་ལའི་རིམ་གྱིས་འཇུག་པའི་བསྒོམ་པར་ཡང༌། རྣམ་སྣང་མངོན་བྱང་གི བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤང་བ་ཡིན། །ཞེས་བྱ་བ་ལ་སོགས་པའི་ལུང་མང་པོ་དྲངས་ནས་སྒྲུབ་པར་མཛད་ཅིང༌། བསྒོམ་རིམ་བར་བ་ལས་ཀྱང༌། དངོས་པོ་གང་གི་ངོ་བོ་དོན་དམ་པར་ངེས་པར་མི་འཛིན་པ་དེའི་ཚེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ་ །ཞེས་གསུངས་སོ། གཞན་ཡང་རིགས་པའི་དབང་ཕྱུག་གིས་མཛད་པའི་དེ་ཁོ་ན་ཉིད་གསལ་བ་ལེགས་ལྡན་གྱི་གཞུང་དུ་དྲངས་པ་ལས་ཀྱང༌། དེ་ཉིད་དོན་གྱི་སྙིང་པོ་ནི། །རྗེས་དཔག་ཤེས་པས་ཉམས་མྱོང་མིན། །བླ་མ་བཟང་པོ་བསྟེན་བྱས་ནས། །བསྒོམས་པས་ཉམས་སུ་མྱོང་བར་འགྱུར། །ཞེས་དང༌། །འགྲོ་མགོན་འཕགས་པ་རིན་པོ་ཆེའི་ཞལ་སྔ་ནས་ཀྱི་ཕྱག་ཆེན་ཉམས་ལེན་ལས། སྟོང་བར་ལྟ་བ་ལ་སོགས་པའི། །མཚན་མར་འཛིན་པ་ཀུན་སྤངས་ཏེ། །དམིགས་མེད་ངང་ལ་ལྷུག་པར་བཞག ཅེས་དང༌། །ཞུས་ལན་བདུད་རྩིའི་སྨན་མཆོག་ལས་ཀྱང༌། བཅས་བཅོས་མ་བྱེད་པར་ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་དེ་ཀ་དག་གི་ཀློང་དུ་འཚང་རྒྱ་བ་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །
ལྟ་བ་དང་སྒོམ་པའི་ཕྱོགས་ལ་ཇི་ལྟར་རྟོགས་པ་ཐུན་མོང་དུ་སྣང་བ་དེ་ལྟར་སྤྱོད་པའི་ཕྱོགས་ལའང་དེ་ཁོ་ན་ཏེ། སློབ་དཔོན་དབུ་མའི་སེང་གེའི་ཞལ་གྱི་ལུང་གཅིག་ནས་གཅིག་ཏུ་བརྒྱུད་པ་གཏམ་གྱི་མན་ངག་ཅེས་བྱ་བ་ལས། བདག་ཅག་རྣམས་ཀྱང་སྦྱིན་པ་ལ་སོགས་པ་དང༌། དེ་རྣམས་ཀྱི་འབྲས་བུ་དེ་ལྟར་འདོད་དེ། དེ་བས་ན་རྣམ་པར་བཞག་པ་འཁྲུགས་པ་འཇིག་རྟེན་རྒྱང་འཕེན་པ་ལྟར་བདག་ཅག་གིས་འདིར་མི་སྨྲའོ། །ཞེས་དང༌། མཁན་པོ་ཞི་བ་འཚོས། དེ་ལྟ་བས་ན་སྒྲུབ་པ་དང༌། །བསྒྲུབ་བྱ་བཞག་པ་འཁྲུགས་པ་མེད། ཞེས་དང༌། མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་ཀྱིས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་གྱིས། །རྒྱུ་འབྲས་སྤང་བླང་ཤེས་པའི་དགོས་པ་ཡོད། །ཅེས་པ་ནས། གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱོད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། ཅེས་དང༌། རྗེ་བཙུན་གྲགས་པའི་ཉམས་དབྱངས་ཆེན་མོར། སྣང་བའི་དངོས་པོ་རྒྱས་བཏབ་ནས། །བླང་དོར་མེད་པའི་སྤྱོད་པ་མཛོད། །མ་བཅོས་ཤུགས་འབྱུང་སྤྱོད་པ་དེ། །ཚུལ་འཆོས་ཀྱི་ཕྱོགས་སུ་མ་བཏང་ཞིག ཅེས་པ་ལ་སོགས་པར་གསུངས་པ་དེ་དང་དེ་དག་ནི་ཕྱི་དང་ནང་གི་ཚུལ་གྱི་དབང་དང༌། སྤྱོད་པ་པོའི་བློའི་རིམ་པ་དང་ཡུལ་མངོན་པར་བགྲོད་པ་དང་ཚོགས་ན་རྒྱུ་བ་ལ་སོགས་པའི་རྣལ་འབྱོར་གྱི་གནས་ལ་སྤྱོད་པའི་དུས་ཀྱི་ཁྱད་པར་ཙམ་ལས། ཡོངས་ནི། ལུང་ལས། སྡིག་པ་ཅི་ཡང་མི་བྱ་ཞིང༌། དགེ་བ་ཕུན་སུམ་ཚོགས་པར་སྤྱད། རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་པ་འདིར་ཟད་པར་འདུ་སྟེ། དེའི་ཕྱིར་འདི་ལ་ཐུབ་པའི་གསུང་གི་སྙིང་པོ་ཆོས་ཀྱི་སྐུའི་རང་བསྲེལ་ཞེས་བསྔགས་པ་ཡིན་ནོ། །
དུམ་བུ་གསུམ་པ།
ད་ནི་འབྲས་བུའི་དབང་དུ་བྱས་ཏེ་དབུ་མའི་རྩ་བ་ལས། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག ཅེས་དང༌། གཞན་ལས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། ། ཞེས་པ་ལ་སོགས་པའི་ཚུལ་གྱིས་རྒྱ་ཆེར་གསུངས་སོ། འོ་ན། བྷ་བྱས། རྗེས་སུ་དཔག་པའི་ཚད་མ་གཙོ་བོར་བྱེད་པའི་རྟོག་གེ་པས་ནི་དེ་ཁོ་ན་ཉིད་དང༌། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཤིན་ཏུ་ལྐོག་ཏུ་གྱུར་པ་དག་བརྟགས་ཤིང་དཔྱད་པས་ཤེས་པར་མི་འགྱུར་ཏེ། ཞེས་ནན་ཏར་གསུངས་ཤིང༌། དབུ་མའི་སེང་གེ་ལ་སོགས་པས་ནི། སྟོང་པ་ཉིད་སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའི་དཀྱིལ་ལྟ་བུ་མཚན་རྡུལ་ཐམས་ཅད་རབ་ཏུ་ཞི་བའི་བདག་ཉིད་དུ་འགྱུར་ཏེ། འདི་ཉིད་ལ་མྱ་ངན་ལས་འདས་པར་སྨྲའོ། །གང་ཡང་ཡེ་ཤེས་དང༌། སྟོབས་དང༌། དབང་ལ་སོགས་པ་དང༌། རང་རིག་པ་ལ་སོགས་པ་བཤད་པ་ནི་སྐྲག་པར་འགྱུར་བ་སྤང་བའི་ཕྱིར་བསྟན་པ་ཁོ་ན་ཡིན་ནོ། །ཞེས་གཞན་དང་གཞན་དུ་འཆད་ཅེ་ན། འཆད་དུ་ཆུག་མོད། ཡོངས་ནི། རྣམ་པར་མི་རྟོག་པའི་དབང་ལས་གནས་ཇི་ལྟ་བ་བཞིན་དོན་མཛད་པ་ལ་སྣང་བ་མཐུན་པར་འཇུག་པ་ཙམ་ནི་མཐུན་པ་ཁོ་ན་སྟེ། གནས་འདི་ལ་བླ་མ་རོང་ཟོམ་པ་ཆེན་པོས་སངས་རྒྱས་ཀྱི་ས་ཆེན་པོར་གྲགས་པའི་གཞུང་ལས། འཇམ་དཔལ་བཤེས་གཉེན་དང་དབུ་མའི་སེང་གེ་ལ་སོགས་པའི་ཕྱོགས་བཟུང་ནས་སངས་རྒྱས་ལ་ཡེ་ཤེས་མེད་པ་སྐད་དུ་གསུངས་པ་ལས་མཐར་ནི། ཡེ་ཤེས་རྣམ་པ་གཉིས་པོ་སངས་རྒྱས་ཀྱི་རྒྱུད་ལ་མངའ་བར་འདོད་པའི་གཞུང་འདི་ལ་ངེས་པར་སྐུར་བར་ཡང་མི་བྱ་སྟེ། སྔོན་གྱི་སློབ་དཔོན་སངས་རྒྱས་གསང་བ་དང༌། ཉི་མའི་འོད་འཕྲོ་བ་ལ་རྩོགས་པས་ཀྱང་འདི་ལྟ་བུ་དག་ལ་རྣམ་པར་དབྱེ་བ་མཛད་ནས་ཡོད། ཅེས་གསུངས་པ་བཞིན་ནོ།
གཅིག་ཏུ་གྲུབ་པ་འདིའི་རྩོམ་གཤིས་ནི་བླ་མ་རོང་ཟོམ་པའི་གསུང་རྩོམ་གྱི་གཤིས་དང་ཉེ་ཞིང་། སྐབས་དེ་དུས་ཀྱི་རྩོམ་སྟངས་སམ་ཡང་ན་རྒྱ་གཞུང་གི་རྩོམ་སྟངས་དང་ཉེའོ།།
མཆན་༥༥་པ་ལགས་་དག་ཆའི་འགྲོ་སྟངས་བྱས་ན་ལུང་རིགས་ཀྱི་རིགས་ལ་ས་ཡོད་དགོས་པ་ཁྱེད་བདེན་ཀྱང་དོན་དུ་བྱས་ན་་་རིག་པ་ཚད་མ་དེ་རང་ལ་གོ་དགོས་པར་སེམས། དེ་མིན་ན་ལུང་དང་རིགས་པ་གཉིས་སུ་ཕྱེས་པ་ལ་རྒྱུ་མཚན་མིན་འདུག། ཡིན་ནའང་འོག་མའི་ལུགས་ཀྱི་ལུང་རིགས་གཉིས་སུ་ཕྱེས་པའི་རིགས་པ་དང་རྫོགས་ཆེན་ལུགས་ཀྱི་་་རིག་པའི་ཡེ་ཤེས་་་གཉིས་ལ་ཁྱད་པར་ཡོད་པ་རྣོ་བསམ་ཕྲ་མོས་བརྟག་ན་མ་གཏོགས་ལམ་སེང་ཁྱད་པར་འབྱེད་པ་དཀའ་བའི་གནས་ཤིག་ཡིན། འགོ་མའི་བློ་རིག་ཤེས་གསུམ་གྱི་ཡ་གྱར་གྱི་རིག་པ་དང་རྫོགས་ཆེན་ལུགས་ཀྱི་རང་རིག་པའི་ཡེ་ཤེས་གཉིས་ལ་ཁྱད་པར་གནམ་ས་ཙམ་ཡོད་པ་ནི་ཁོ་བོས་རྟོགས་སོ།
ང་ཡང་ཆུང་ཆུང་སྐབས་ཚད་མ་རིག་པ་དང་ཚད་མ་རིགས་གཏེར་གཉིས་ལ་དག་ཆ་མི་འདྲ་ཡང་དོན་ལ་ཁྱད་པར་ཅི་ཡོད་མ་ཤེས་པར་ཐོགས་མྱོང་མོད། ད་ལྟ་དུས་རིགས་པ་ཟེར་དུས་རྒྱུ་མཚན་དང་འཐད་པའི་ཆ་ནས་དེ་ལྟར་ཡིན་དུ་རུང་བ་ཞིག་ལ་བཏབས་པ་སྟེ། མདོར་བསྡུ་ན་འཐད་པ་དང་ཆོགས་པ་དང་ངེས་པར་བྱེད་པའི་རྒྱུ་མཚན་གྱི་མིང་ཡིན། དེ་ལས་ཀྱང་རྗེས་སུ་དཔག་པའི་ཤེས་པ་ཚད་མར་བྱས་ཏེ་འཇུག་པ་དང་མངོན་སུམ་དུ་བྱེད་མི་ཐུབ་པའི་གནས་སྐབས་ཀྱི་ཡུལ་དག་ལ་དེ་ལྟར་ཡིན་རུང་དུ་སྒྲུབ་བྱེད་ཀྱི་དཔང་རྟགས་རིགས་ཡིན།
རིག་པ་ནི་ཤེས་པ་སྟེ། ཡུལ་རྟོགས་ཙམ་དང་མྱོང་ཙམ་གྱི་ཆ་ནས་བཏགས་པའི་རྫོགས་ཆེན་གྱི་རིག་པ་དང་བློ་རིག་ཤེས་གསུམ་གྱི་རིག་ལྟ་བུ་རེད། དེ་བཞིན་ཚད་མ་རིག་པའི་རིག་ཀྱང་རིག་བྱ་སྟེ། རྟོགས་བྱའམ་ཤེས་བྱའི་ཡུལ་ཡིན་པ་ཙམ་ལས་བཏགས་ཏེ། བདེན་བརྫུན་ལ་མི་ལྟོས་མོད། ལུང་རིགས་ཀྱི་རིགས་ནི་བདེན་རྫུན་གྱི་ཆ་ལ་ལྟོས་པ་ཅན་གྱི་མིང་ངོ་། དེའི་ཕྱིར་དག་ཆའི་འགྲོ་སྟངས་ཙམ་མིན་པར་གོ་སྟངས་དང་མིང་འདོགས་སྟངས་ལ་ཁྱད་པར་ཡོད་པ་ཡིན་སྙམ།
ལུང་གཞན་ལས་རིགས་པ་གཙོ་བོར་འཛིན་དགོས་གསུངས་པ་ནི་རྒྱུ་མཚན་གཙོ་བོར་འཛིན་དགོས་ཞེས་པ་རེད་ལ། ལུང་རིགས་གཉིས་སུ་ཕྱེས་པའང་སྒྲུབ་བྱ་རྟོགས་བྱེད་ཀྱི་ཆ་ལས་སོ། །
མདོར་ན་རིག་པ་ཚད་མ་ཟེར་བ་ཡང་སྐབས་ཀྱིས་དེ་ལྟར་འདོགས་རུང་ཙམ་ལས་ཚད་མ་གསུམ་གྱི་ཡ་གྱར་དུ་མི་འགྱུར་བ་སོགས་དབྱེ་བ་ཤེས་དགོས་སོ།
བཏགས་ལ་བཏབས་དང་ཆོག་ལ་ཆོགས་སོགས་ཀྱི་ཡིག་ནོར་རིགས་ལ་དགོངས་སེལ་ཞུ།
སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་པ་ཞིག་ལས་ལྷག་པ་རིག་རྒྱུ་ཅིག་དང་། རྫོགས་རྒྱུ་ཅིག ཆེ་རྒྱུ་མེད་པར་མི་ངེས་སམ། ཐོག་མར་རྟོགས་ཐབས་ལ་ནི། མདོ་རྒྱུད་གཉིས་ལ་ཁྱད་པར་ཡོད་པ་ནི། སྨྲ་མི་དགོས་པ་ཙམ་མོ། ། དགེའོ། །
འདིར་ཁྱེད་རྣམས་ཀྱིས་རྫོགས་ཆེན་གླེང་བར་ཕྱོགས་གཅིག་ནས་གསང་བ་དེ་དག་ཁྲོམ་དུ་བསྒྲགས་ན་རུང་ངམ་སྙམས།
འོན་ཀྱང།
རྫ་ཚེ་ལགས་ཀྱིས་གསུངས་བ་བཞིན།
མཁས་གྲུབ་ཐམས་ཅད་མཁྱེན་པས།
ཅི་ཡང་མི་རྟོག་གང་དུ་འཛིན་པར།
མ་བཅོས་གསལ་ལ་མི་རྟོག་ངོས་བཟུང་མེད།
བོན་དང་རྫོགས་ཆེན་ཧ་ཤང་ཏིང་འཛིན་ལ།
མཆོག་ཏུ་འཛིན་པ་ལྷག་མཐོང་གཟུགས་བརྙན་ཡིན།
ཞེས་བཤད་ཡོད།
རྗེ་བླང་བཟང་གྲགས་པའི་དབུ་མའི་ལྟ་ཁྲིད་ལས།
གང་ཡང་ཡིད་ལ་མ་བྱས་པར་ཧད་དེ་བསྡད་པ་རང་གིས་དུས་གསུམ་ཅིག་ཆར་དུ་མཁྱེན་པའི་ཀུན་མཁྱེན་མཐོང་འོང་ན་ལེགས་ཀྱི།
ཁོ་བོས་ནི་དེ་ལྟའི་སྒོམ་ལུགས་ཧ་ཤང་གི་སྒོམ་ལུགས་ལས་ཁྱད་པར་གཏན་ནས་མ་ཕྱེད་དོ།
ཞེས་པ་ཞིག་གསལ་ཡོད།
དེ་ཚོ་ལའང་བསམ་མནོ་ཅུང་ཙམ་གཏོང་རྒྱུ་མེད་དམ་སྙམས།
ལུང་རིགས་གཉིས་སུ་ཕྱེས་པའི་རིགས་པ་དེ་་་འཐད་པ་་་དང་་་ཆོག་པ་་་དང་་་ངེས་པར་བྱེད་པའི་རྒྱུ་མཚན་་་གྱི་མིང་ལ་འཇོག་པ་ཡོད་ཀྱང། དེ་འདྲ་བའི་་འཐད་པ་་་དང་་་ཆོག་པ་་་དང་་་ངེས་པར་བྱེད་པའི་རྒྱུ་མཚན་བཅས་གང་ཡིན་ནའང་་་རིག་པ་ཚད་མ་ཞིག་གིས་བརྟག་ཅིང་དཔྱད་པ་ལ་་བརྟེན་ནས་བྱུང་བའི་རྙེད་དོན་ཞིག་ཡིན་དགོས་པས་ན་་་གཙོ་བོར་རིག་པ་ཚད་མ་དེ་བཟུང་དགོས་པ་ལྟ་བུ་འདུག། དེས་ན་ལུང་རིགས་ཟུང་འབྲེལ་ཞེས་པ་དེ་ལ་གོ་རྒྱུ་གཏིང་གཟབ་ཡོད་པ་ཞིག་བྱུང་བ་རེད། རིག་པ་ཚད་མ་་་ལ་མ་བརྟེན་པའི་་་རིགས་པ་་ཞེས་པ་ཡན་གར་བ་ཞིག་གཞག་པ་ཡིན་ན་ལུང་རིགས་ཟུང་དུ་འབྲེལ་ནས་དཔྱད་པ་བྱས་པའི་་རྙེད་དོན་གཡུར་དུ་ཟ་བ་ཞིག་རགས་རྒྱུ་་ཨ་ཡོད་ན། ཁྱེད་ཀྱིས་་་ལུང་གཞན་ལས་རིགས་པ་གཙོ་བོར་འཛིན་དགོས་གསུངས་པ་ནི་རྒྱུ་མཚན་གཙོ་བོར་འཛིན་དགོས་ཞེས་པ་རེད་ལ་གསུངས་འདུག་པས། ངས་བསམ་ན་དེ་ལྟ་བུའི་གཙོ་བོར་འཛིན་རྒྱུའི་་་་རྒྱུ་མཚན་་་དེ་ཡང་རིག་པ་ཚད་མ་ཞིག་གིས་བརྟག་ཅིང་དཔྱད་པ་ལས་དྲངས་བའི་་་་་རིག་པ་རྒྱུ་མཚན་ཅན་་་་ཞིག་ལ་མ་བཞག་ན་གོ་རྒྱུ་དེ་ཙམ་མེད་པས། རྒྱུ་མཚན་ཙམ་པོ་བ་ཞིག་གིས་ཡང་དག་པའི་དོན་སྒྲུབ་པར་མི་བྱེད་དོ། དེས་ན་དེ་དག་ཐམས་ཆད་ཀྱི་སྔོན་དུ་རིག་པ་ཚད་མ་དེ་ནི་ངེས་པར་དུ་འགྲོ་དགོས་པ་དང་དེས་བཞག་པའི་་་རིག་པ་རྒྱུ་མཚན་ཅན་་་ཞིག་ལ་ལུང་རིགས་ཀྱི་རིགས་ཅེས་པ་དེ་གོ་དགོས་པ་ལྟ་བུ་འདུག།།
བོན་པོ་ལགས།
མ་གཞི་ཁྱེད་ཀྱིས་གསུང་གིན་ཡོད་པའི་ཤེས་པ་ཚད་མ་དེ་ཚད་མའི་གཞུང་དུ་འབྱུང་བའི་རྗེས་དཔག་མངོན་སུམ་རྩ་བ་ཅན་ཟེར་བའི་མངོན་སུམ་དེ་ཆགས་ཀྱི་ཡོད། དེ་རྩ་བ་ཡིན་པ་ཤིན་ཏུ་བདེན་ཡང་དེ་མངོན་སུམ་ཚད་མ་རེད། སྐབས་འདིར་བསྟན་གྱི་རིགས་པ་ཚད་མ་དང་འབྲེལ་བ་གང་ཡང་མེད། འབྲེལ་བ་མེད་ཟེར་བ་དེ་ཡང་གྲོགས་དང་གྲོགས་ཅན་གྱི་འབྲེལ་བ་མེད་ཟེར་བ་མིན་པར་ཕན་ཚུན་ཡིན་པའི་འབྲེལ་བ་མེད།
དེས་ན་ལུང་དང་རིགས་པ་གཉིས་ཀྱི་བཟླས་དབྱེ་བའི་རིགས་པ་དེ་ངོ་བོ་ཡུལ་ལ་སེལ་འཇུག་གི་བློ་གང་ཞིག་སྒྲུབ་བྱ་རྟོགས་པ་ལ་མི་འཁྲུལ་བའི་བློ་ཞིག་སྟེ། རིགས་པ་སྨྲ་བ་སྤྱིའི་ལུགས་བཞིན་གོ་བ་ལོངས་ཤིག
ད་རེས་དངོས་གནས་ཅུང་བསྐོར་ལོག་འདྲ་ཞིག་གསུང་གིན་འདུག ངས་མ་ཤེས་པ་མིན་ན་ང་ཚོས་དཔེ་ཆ་འཆད་སྐབས་མིང་འདོགས་སྟངས་སོགས་ལ་དེ་ལྟ་བུར་བཞག་པའི་རྣམ་བཞག་ཅིག་ཡོད་པ་རེད། དེ་ལ་མ་ལྟོས་པར་དཔྱད་པ་དང་རུང་བ་ཙམ་ཁོ་ན་རྒྱུ་མཚན་དུ་བྱས་ན་རྣམ་བཞག་ཐམས་ཅད་འཇིག་འགྲོ་གིན་ཡོད་པ་སོགས་གཞུང་སྤྱི་ལ་འཇུག་སྟངས་ཤིག་རེད།
དེས་ན་ལུང་དང་རིགས་པ་གཉིས་ཀྱི་བཟླས་དབྱེ་བའི་རིགས་པ་དེ་ངོ་བོ་ཡུལ་ལ་སེལ་འཇུག་གི་བློ་གང་ཞིག་སྒྲུབ་བྱ་རྟོགས་པ་ལ་མི་འཁྲུལ་བའི་བློ་ཞིག་སྟེ། ཞེས་གསུངས་པའི་སྒྲུབ་བྱ་རྟོགས་པ་ལ་མི་འཁྲུལ་བའི་བློ་ཞེས་པའི་་་་་བློ་་་དེ་་་རིག་པ་་་་དང་དོན་གཅིག་གམ་མི་གཅིག། གལ་སྲིད་དོན་གཅིག་ཡིན་ན་ངས་འདོད་པའི་དོན་དང་གཅིག་མཚུངས་སུ་གྱུར་བས་མི་འདྲ་བ་ཅང་མིན་འདུག། ཡང་དོན་གཅིག་མིན་ན་རིགས་པ་སྨྲ་བ་སྤྱིའི་ལུགས་ལྟར་བློ་རིག་ཤེས་གསུམ་དོན་གཅིག་ཡིན་པར་འདོད་པ་དེ་དང་མི་འགལ་ལམ། །
ཚད་མའི་ཚོད་མ་མ་ཟོས་པར་ལོ་མང་སོང་ཟིན་པས། ད་ནི་ད་ནི་་་་་་་་་་་ཨ་ལ་ལ།
༥༨༽ རྫ་ཚེ་རིང་བཀྲ་ཤིས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ གི་ཆུ་ཚོད་ ༣ སྐར་མ་ ༥༨
དུམ་བུ་གསུམ་པ།
ད་ནི་འབྲས་བུའི་དབང་དུ་བྱས་ཏེ་དབུ་མའི་རྩ་བ་ལས། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག ཅེས་དང༌།
ཚིགས་བཅད་འདི་རྩ་བ་ཤེས་རབ་ཀྱི་རེད་མི་འདུག འདིའི་གོང་གི་རྐང་པ་གཉིས་ཀྱང་ཆད་དོ།།
རྫ་ཚེ་རིང་དང་། དྲི་མེད་ལྷག་བསམ་ལ་མོས་པ་བརྟས། ཀློང་ཆེན་པའི་བཞེད་པ་ལས་གཞན་དུ་གྱུར་ན་རྙིང་མ་གཙང་མིན་ཡིན་གྱི་སྐོར་ལ་ཚེ་བཀྲསལུང་འདྲེན་དག་གིས་དོན་རྟོགས་ནུས་ལ། སྤྱིར་ཀུན་ཆེན་པོ་ལ་དམིགས་སུ་བཀར་ནས་བསྟོད་དུས་དེ་འདྲའི་། གསུངས་ཚིག་བྱུང་བ་ལ་སྐྱོན་ཆ་ཅི་ཞིག་ཡོད་དེ། དོན་ཤུགས་ཀྱིས་གོ་ནུས་པས་སོ། །གསང་བ་སྙིང་པོ་འཆད་པའི་སྐབས་ཀུན་མཁྱེན་ཆེན་པོ་དང་ཟུར་པ་ཡབ་སྲས་ཀྱི་དགོངས་པ་མི་མཐུན་སའང་སྣང་བའི་ཕྱིར་རོ། ཧ་ཤ་གི་སྐོར་མགོ་རྙོགས་གསུངས་པ་བདེན་དེ་དང་པོ་ཧ་ཤང་གི་ལྟ་བ་ཟེར་བའི་ཧ་ཤང་དེ་གང་ཟག་གཅིག་གམ། ཡང་ན་ནང་པ་ཞེས་པ་ལྟ་བུ་གང་ཟག་གཅིག་ལ་མི་གོ་བར་སྤྱི་ཡོངས་ལ་གོ དེ་བཞིན་བོད་ལ་ཧ་ཤང་གཅིག་གཅིག་པུ་ཕེབས་སམ་སྔ་རྗེས་སུ་མང་དུ་བྱོན། ཁྱད་པར་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་སྐབས་ཧ་ཤང་སྔ་རྗེས་ཇི་ཙམ་བྱོན་ལ་གཞིག ཧ་ཤང་རིལ་བུ་གཅིག་འཛིན་བྱས་པའི་ཉེར་ལེན་ལས་ཀུན་མཁྱེན་གྱིས་བསྟོད་ཡུལ་དང་། ཀ་མ་ལ་ཤཱི་ལས་དགག་ཡུལ་གཅིག་ཏུ་འཕྲུལ་ཏེ་འཕྱང་མོ་ཉུག་ཏུ་གྱུར་པ་རྙིང་བ་བ་རྣམས་ཀྱི་ནང་དུའང་མང་ན་གཞན་ལྟ་ཅི་སྨོས། འདིའི་སྐོར་དུས་དེབ་པདྨའི་རང་མདངས་ཤིག་གི་ནང་གསལ་པོར་བཀོད་འདུག་པས་དེར་སྤྱན་གཡོ་བར་མཛོད།
དྲ་གྲོགས་ཚང་མ་སྐུ་ཁམས་བཟང་།
ཁྱེད་ཚོས་ལོ་རྒྱུས་དང་།ཆོས་བྱུང་།གྲུབ་མཐའ།ནང་ཆོས་བཅས་ཟུང་སྦྲེལ་གྱི་བགྲོ་འཁྲུག་པོ་ཞིག་གནང་གི་འདུག་པས་མུ་མཐུད་གསུངས་རོགས།ང་ཚོས་ཚང་མ་བཀླགས་ནས་མཉམ་ཞུགས་བྱེད་ཀྱི་ཡོད།
དྲ་གྲོགས་ཚང་མ་སྐུ་ཁམས་བཟང་།
ཁྱེད་ཚོས་ལོ་རྒྱུས་དང་།ཆོས་བྱུང་།གྲུབ་མཐའ།ནང་ཆོས་བཅས་ཟུང་སྦྲེལ་གྱི་བགྲོ་གླེང་འཁྲུག་པོ་ཞིག་གནང་གི་འདུག་པས་མུ་མཐུད་གསུངས་རོགས།ང་ཚོས་ཚང་མ་བཀླགས་ནས་མཉམ་ཞུགས་བྱེད་ཀྱི་ཡོད།
ངོ་བོ་ཤེས་པ་ཡིན་པ་ཙམ་གྱིས་ཤེས་པ་ཞེས་བརྗོད་རྒུྱུ་ཡིན་ན་ངས་བོན་པོའི་མིང་ལ་དེ་རིང་ནས་ཟག་བཅས་ཞུ་རྒྱུ་ཡིན། སེམས་བྱུང་ལྔ་བཅུ་ང་གཅིག་གི་མིང་ཡོངས་རྫོགས་ཕྱིར་བསྡུ་བྱ་རྒྱུ་ཡིན། སྟབས་བདེ་བ་ལ། ཉ་ཉུང་གཅིག་ཏུ་བསྲེ་བ་ནི་འདི་འདྲ་ལ་ཟེར་རོ། །
མཆན་༦༣པ་ཀ་རྡོ་ལགས་ནས་རྟོགས་ཐབས་ཙམ་ལས་ངོ་བོ་ལ་སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ་ཞེས་པ་ཡང་། ཅི་བཞིན་དུ་རྟོགས་པའི་གང་ཟག་གི་དབང་དུ་བདེན་པ་ཡིན་ཡང་། དེ་ཡང་རྩལ་ཏུ་བཏོན་པ་དང་བསྟན་ཚུལ་གྱི་དབང་དུ་ནི་ངེས་པར་དུ་ཁྱད་པར་ཡོད་དེ། གཞན་དུ་གྲུབ་པའི་མཐའི་སྤུ་རིས་མི་འབྱེད་པར་ཚང་མ་མོག་མོག་པོར་འགྱུར་བ་ཡིན། རྙིང་མ་རང་གཞུང་ལྟར་ན་ནི་རྟོགས་བྱ་ལ་སྟོང་ཉིད་ཙམ་གྱིས་མ་ཁྱབ་པར་དག་པའི་གཟིགས་པ་མཐར་ཐུག་ཅེས་པའི་འཆད་ཚུལ་ཞིག་ཡོད་པས་དེ་ལྟར་ན། སྟོང་ཆ་ཆོས་དབྱིངས་ཁྱད་མེད་ཀྱང་། སྣང་ཆ་འོད་གསལ་ལྷུན་གྲུབ་ལ། །ལྟ་བའི་ཁྱད་པར་གནམ་ས་ཙམ། །ཞེས་དང་། ཇེ་བས་ཇེ་དག་འདིར་མཐར་ཕྱིན། །ཞེས་སོགས་ཀྱིས་འཆད་དེ། འདི་ལ་མཁས་གྲུབ་ཆེན་པོ་གཞན་དག་ལ་ཡང་གཅིག་མཚུངས་ཀྱི་འཆད་སྟངས་ཡོད་དེ། མགོན་པོ་སྐྱོབ་པ་རིན་པོ་ཆེའི་ཆེན་པོ་གསུམ་གྱིས་མ་རེག་པའི་རྟོགས་པའི་ཆོས་སྐད་ལྟ་བུའོ།།
ཐལ་འགྱུར་ལན་ནི་རྣམ་པ་གསུམ། །ལན་གྱིས་བཟློག་པར་མ་ནུས་ན། །སྨད་དང་ཁོང་འཁྲོ་བྱེད་པ་བླུན། །བསྟོད་དང་རྗེས་འབྲང་དམ་པའི་ལུགས། །ལོག་རྟོག་སྒྲོ་འདོགས་བཟློག་པ་དང༌། །བསྔགས་པ་ཁོང་དུ་ཚུད་པ་ལ། །ཚར་གཅོད་པ་དང་རྗེས་འཛིན་འཇུག །རྩོད་པའི་དགོས་པ་དེ་ཉིད་ཡིན། །དགག་སྒྲུབ་ཚུལ་ལ་མཁས་པ་ཡི། །སྐྱེ་བུ་དེ་ནི་བསྟོད་འོས་ཏེ། །བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། །བསྟན་པ་དེ་ཡིས་འཛིན་པ་ཡིན། །་ཞེས་གསུངས་ཡོད་པས་ད་མང་པོ་བཤད་མ་བཤད་མིན་འདུག་་བློ་དང་་རིག་པ་་ཤེས་པ་་་གསུམ་་དོན་གཅིག་དུ་འདོད་དམ་མི་འདོད་ལན་རྒྱོབ་ཤིག།
རྫ་ཚེ་ལགས།༽ ཐུགས་རྒྱ་ཡངས་ཞིང་གཞུང་ལུགས་ལ་རྣམ་དཔྱོད་ལྡན་ལ་ལགས་པས་རྗེས་སུ་ཡི་རངས་ཞུ། རྙིང་མའི་མཁན་པོ་ཞིག་གིས་བན་བོན་གཅིག་ཏུ་སྒྲུབ་མཁན་ཞིག་རང་གིས་བླ་མར་བཀུར་བས་མ་ཚད་གཞན་ལའང་མིག་ཡོད་མཁན་ཞིག་ཡིན་ན་ངའི་རྗེས་སུ་ཤོག་ཅེས་རང་ཉིད་ཚད་མ་ཡིན་པར་ཁས་འཆེ་ཞིང་་གཞན་དག་ལ་བསྟིངས་ཚིག་དང་བཅས་པའི་བཀའ་ལུང་བསྩལ་བ་ལ་རྙིང་མ་པར་ཚོར་བ་ག་འདྲ་ཡོད་ཡོང་བསམ་ནས་རྩེད་མཚར་ཞིག་བྲིས་པ་ཡིན། ཕྲན་གྱིས་ཁྱོད་ལ་ཆེད་དམིགས་བྱས་པ་མིན་ཏེ་དྲན་ཚད་བཤད་རྒྱུ་མང་ནས་དེ་འདྲ་ཞིག་ཆགས་སོང་། ཉིད་ཀྱི་བཀའ་ལན་ལྟ་བུའི་འཇམ་མདངས་ཅན་སྨྲ་བར་འདོད་མོད། ཕྲན་རང་ཉིད་ཆེན་པོའི་ཁྱིམ་དུ་མ་སྐྱེས་ཤིང་། ཆོས་སྡེ་ཆེན་པོ་མ་འགྲིམས། མཁན་པོ་དང་དགེ་བཤེས། སྤྲུལ་བའི་སྐུ་སོགས་ཡོངས་སུ་གྲགས་ཤིང་གཞན་གྱིས་ཁས་ལེན་ཡོད་པའི་མཚན་གནས་ཅི་ཡང་མེད་པས་རེ་ཞིག་མིང་གི་ཕྱེད་ཙམ་བསྟན་པ་དེ་རང་གིས་ཆོག་པར་མཆི། མ་རབས་རིགས་སུ་སྐྱེས་པ་དེར་ཞེ་ས་དང་མགོ་མཇུག་ཅི་ཡང་མེད་པས་ཚིག་ལ་རྩིབས་ཉམས་དོད་པ། དོན་ལ་ཞིབ་ཆ་མེད་པ། དབུ་རེག་ཞབས་ཕོག་གི་སྤྲང་དབྱུགས་གང་བྱུང་དུ་བསྐོར་བས་དྲྭ་གྲོགས་རྣམས་ཀྱི་ཐུགས་ལ་མི་འགྲོ་བའི་རིགས་ཡོད་ཚེ་བཟོད་པར་གསོལ། དེང་དུས་རྒྱ་བོད་གཉིས་ཀར་རྙིང་མ་དང་བཀའ་བརྒྱུད་པའི་མཁན་པོ་ཡིན་པར་ཁས་འཆེ་བའི་གྲྭ་རྒོད། ལོ་ཆུང་། ལོ་བཅུ་གྲངས་རེ་སློབ་སྤྱོང་བྱས་པའི་གྲུབ་འབྲས་ཀྱི་ལག་ཁྱེར་རེ་རྒྱུ་མཚན་དུ་བྱས་ནས་མགོ་བོ་གནམ་དུ་བཏེགས་ནས་གྲྭ་རྒན་རྣམས་ཤེས་མེད་ཀླ་ཀློའི་གྲས་སུ་འཇོག་པ་དང་། རང་ལ་ཚུལ་ཁྲིམས་གསུམ་གྱིས་དྲིས་མ་གོས་ཀྱང་ཁ་མཁས་པ་དབང་བཙན་དུ་བྱས་ནས་གྲྭ་ཚང་འདུས་སྡེར་མི་ཚེ་གང་བོར་ཞབས་ཞུ་སྒྲུབ་མཁན་ཚོར་བཀའ་ལུང་བཙན་པོ་ཐོག་ལྟར་འཕེན་པའི་ཕྱོགས་ལ་སྒོར་མོ་ལས་སྒོམས་བྱ་ཟད་པས་ཆོས་ཀྱི་འབེལ་གཏམ་ཞི་དུལ་གྱིས་སྨྲ་བའི་སྐབས་ག་ལ་ཡོད། ཁྱོད་ནི་དེ་ལས་ལྡོག་ཏེ་ཆོས་སྲིད་གཉིས་ལ་ཐུགས་བསམ་དཀར་ཞིང་། ལྷག་པར་བོད་ཀྱི་སྤྱི་དོན་དང་ནམ་ནོར་དང་བློ་སེང་གི་སྐུ་དོན་སོགས་ལ་སྲོག་ལྟར་བཙའ་བ་ཞིག་ལགས་པ་བསྔགས་པའི་ཡུལ་ལོ། ད་གང་གིས་གསུང་པ་ཚོར་ལན་ཕྲན་བུ་ཞུ་ན། ༡༽ བྱ་བྲལ་སངས་རྒྱས་རྡོ་རྗེས་དོལ་རྒྱལ་ལ་དགག་པ་ཐུགས་ལ་མི་འགྲོ་ཞིང་ནམ་ནོར་ལ་བཀའ་བསྐྱོན་པར་ཡིད་མི་མགུ་ན་ཁོང་ད་དུང་ཤི་མེད་ཅིང་སྐུ་ཁམས་བདེ་ཞིང དབང་པོ་གསལ་བ་དང་། ད་ལོ་ལོ་བརྒྱ་ལོན་པའི་་སྟོན་མོ་ཞིག་ཀྱང་བྱེད་གྱིན་ཡོད་པ་གོ་བས་སྒོ་རྡུང་བར་རྒྱུགས་དང་རྙིང་མ་པའི་བརྒྱ་ཅུའི་དྲུག་ཅུར་ཕོག་འགྲོ་བསམ། ༢༽ གུ་རུ་པདྨ་འབྱུང་གནས་ཀྱི་བཀའ་ཐང་སྡེ་ལྔ་དང་། ཀློང་ཆེན་པ་དང་། འཇིགས་གླིང་སོགས་ཧ་ཤངས་ཁས་ལེན་པ་དང་། ནམ་མཁའི་ནོར་བུས་བོན་རྫོགས་གཅིག་ཏུ་འདོད་པ་གཉིས་སྒོ་ཀུན་ནས་གཅིག་པར་འདོད་པས་རྙིང་པ་པ་ལ་ཕན་ཐོགས་ཡོད་ན་མཁན་པོ་ལགས་ཀྱིས་ཁས་ལེན་མཛོད་དང་ང་ལ་ནི་ཕན་གནོད་མེད། ཀ་མ་ལ་ཤཱི་ལས་དགག་པ་དང་རྒྱ་རོང་བསྟན་གྲགས་ཀྱི་དགག་པ་གཉིས་ཀྱང་དོ་མཉམ་པ་དཔེ་དོན་མཚུངས་པས་སོ། ། ཁོ་བོས་རྨོངས་བློར་པད་འབྱུང་། ཀ་མ་ལ་ཤཱི་ལ། གནུབས་ཆེན། ཀློང་ཆེན་སོགས་ལ་འགལ་བ་ཡོད་པར་གཏན་ནས་མ་མཐོང་། ལྟ་སྒོམས་གཏན་ལ་འབེབས་པར་བྱེད་པ་ལ་སྣང་ཆ་ཀུན་རྫོབས་ཁྱད་དུ་མི་གསོད་པ་དང་། ལྟ་བ་རང་གི་ངོ་བོ་ཆོས་ཉིད་སྤྲོས་བྲལ་དགེ་སྡུག་རྒྱུ་འབྲས་ལས་འདས་པའི་ཁས་ལེན་གཅིག་རེད་བསམ། ཧ་ཤངས་གིས། ཚོགས་གཉིས་ལས་བསོད་ནམས། སེམས་བསྐྱེད་གཉིས་ལས་ཀུན་རྫོབ། ཕྱིན་དྲུག་ལས་སྔ་མ་བཞི། སྤྱོད་པ་སྣང་ཕྱོགས། ས་ལམ་གྱི་རྣམ་བཞག་བོར་བ་སོགས་ཁས་ལེན་པའི་རྙིང་པ་ད་བར་བདག་གིས་མཐོང་མ་སོང་། ཆོས་དབྱིངས་མཛོད་ལས། འདི་ཡི་ངང་ལ་རྒྱུ་འབྲས་བྱ་རྩོལ་མེད། །བལྟ་བ་སྒོམ་དུ་མེད་པ་ལ་སོགས་ཏེ། །མཐའ་དབུས་གཉིས་མེད་འགོག་པའི་ཚུལ་བརྗོད་ཀྱི། །གཞན་དུ་ངང་ལས་ཕྱིར་འཁྱལ་རྩལ་ཉིད་ལས། །རོལ་བ་སྣ་ཚོགས་སྣང་སྲིད་དགུ་འཆར་པས། །རྒྱུ་འབྲས་མེད་ཅེས་ནམ་ཡང་མ་བརྗོད་ཅིག །ཞེགསུངས་པ་ལ་གཟིགས་ཞིབ་མཛད་འཚལ། བོན་པོ་ལ་ཡང་ཆོས་བྱིངས་མཛོད་ཚིག་རིས་གཅིག་པ་ཞིག་འདུག་པས་དེར་ཚིག་འདི་ཡོད་མིན་དྲན་མ་སོང་། ལྟ་བའི་ངོས་ནས་སྤྲོས་བྲལ་རྒྱུ་འབྲས་ལས་འདས་པའམ། དྲན་པ་དང་ཡིད་བྱེད་མེད་པ་ཀཱ་མ་ལ་ཤཱི་ལས་ཀྱང་ཁས་ལེན་གནང་འདུག་སྟེ། སྒོམ་རིམ་ཐ་མ་ལས། དྲན་པའི་ཆོས་ལ་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་དེ་ཡང་། ཡང་དག་པ་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གིས་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དག་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱིས། གཞན་དུ་མ་ཡིན་ནོ། །ཞེས་པས་དགེ་སྡུག་གཉིས་ཀ་དྲན་པའི་འདུ་ཤེས་ཡིན་པར་ཁས་ལེན་པ་དང་དེ་ཡང་མེད་པར་བྱེད་པའི་ཐབས་གསུངས་པ་མིན་ནམ། མེ་ཏོག་དཀར་པོས་ཧ་ཛངས་མང་པོ་ཞིག་ཡོད་པ་གསུངས་པ་ཐང་ཡིག་དང་རྒྱའི་ལོ་རྒྱུས་དང་མཐུན་མོད། དགག་པ་བྱེད་པའི་ཕྱོགས་གཅིག་ལས་གཉིས་སུ་ཡོད་པར་མ་མཐོང་སྟེ། ཁས་ལེན་དག་དགག་པ་བྱེད་པའི་གཞུང་གཅིག་ཡིན་པས་སོ། །༣༽ བདེ་གཤེགས་རོག སྒྲོལ་མ་པ། མི་ཕམ་སོགས་ལ་ལྟ་བའི་ངོས་ནས་ཁྱད་པར་ཡོད་པ་མཐོང་མ་སོང་། ལོ་རྒྱུས་ཀྱི་སྒྲོམ་གཅིག་པ་ལ་བཤད་ཚུལ་མི་འདྲ་བ་ཅུང་ཟད་འདུག དཔལ་མང་པཎྜི་ཏས། དེང་སང་རྙིང་མ་ཚོ་ཡང་བཤད་སྟངས་དགེ་ལྡན་པ་ལ་སྤྱང་ནས་ཞིབ་ཏུ་འགྲོ་བཞིན་ཡོད་ཟེར་བ་ལྟར། སྔ་མ་རྣམས་ཀྱི་བཤད་སྟངས་སམ་སུམ་རྟགས་ཀྱི་འགྲོས། བརྗོད་བྱེད་ཀྱི་ཚིག་ལ་སྐབས་རེར་ཁྱད་པར་ཅུང་ཟད་འདུག་སྟེ་གོང་འོག་གི་བཞེད་པ་བསྒྲིལ་ནས་བལྟས་ཚེ་འགལ་བ་ཆེན་པོ་ཞིག་ཡོད་པ་གཏན་ནས་མ་མཐོང་། ཁྱོད་རྣམས་ཀྱིས་མི་འདྲ་གསུང་དང་བལྟ་ཆོག།
རྫ་ཚེ་ལགས། ཐུགས་སྟོབས་ཇེ་ཆེ་རེད། ༡༽ཉིད་ཀྱིས། མཁས་པའི་བསྔགས་ཚིག་ལ་སྒྲ་ཅི་བཞིན་དུ་མགོ་མཁོར་ནས་དེ་ལས་གཞན་པ་ལ་སྐུར་བ་འདེབས་པ་ནི་ཀླུ་སྒྲུབ་ཞབས་ཀྱི་ལུང་ལས་གཞན་ལ་ཐར་པ་མེད་པ་རྒྱུ་མཚན་དུ་བཀོད་ནས་ཉན་ཐོས་རང་ལམ་ལ་ཐར་པ་མེད་པར་འདོད་པ་དང་ཅུང་འདྲ་ཡང་།དེ་ལྟར་ན་མི་ཕམ་པས་རྗེ་ཙོང་ཁ་པར་བསྔགས་པ་རབ་བསྔགས་དད་པའི་མེ་ཏོག་ལ་སོགས། ཞེས་པའི་དོན་ཕལ་སྐད་བྱས་ན། རྗེ་ཙོང་ཁ་བས་ཀླུ་སྒྲུབ་ལ་བསྟོད་པ། དཔལ་སྤྲུལ་གྱིས་ཀློང་ཆེན་ལ་བསྟོད་པ། མི་ཕམ་ཀྱིས་རྗེ་ཙོང་ཁ་པ་ལ་བསྟོད་པ་ཐམས་ཅད་ཞལ་རྫུན་གསུངས་པར་རང་དུ་ཁས་ལེན་གནང་མ་མིན་ནམ། ཀླུ་སྒྲུབ་ཀྱི་ལུགས་ལ་སྐྱབས་འགྲོ་མེད་པར་སྨྲ་བ་འདི་དེང་དུས་ཀྱི་རྙིང་མ་རྣམས་ཀྱིས་མཐའ་གཉིས་འགོག་ཚུལ་ཡིན་པ་འདྲ་ངོ་མཚར་ཆེ། །༢༽སངས་རྒྱས་ས་ལ་ཡེ་ཤེས་མེད་པར་སྨྲ་བས་རོང་ཀློང་ནང་འགལ་སྒྲུབ་མི་དགོས་ཏེ། མི་ཕམ་པས། རོང་ཟོམ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐར་ཐུག་པར་རིགས་པས་དགག་པ་བརྗོད་པ་འདི་དག་ནི་གཞན་བྱུང་གི་ཡེ་ཤེས་དགག་པ་ཁོ་ན་ཡིན་ཏེ། གཞན་བྱུང་གི་ཡེ་ཤེས་རྒྱུ་ལས་སྐྱེས་པའི་འདུས་བྱས་ཀྱི་དངོས་པོ་གང་ཞིག་སློབ་པ་ནས་མི་སློབ་པའི་བར་ཏུ་རྒྱུན་མ་ཆད་པའི་གང་ཟག་གི་རྒྱུད་ཉི་ཚེ་བས་བསྡུས་པ་ཐེག་པ་ཐུན་མོངས་པའི་འདོད་པ་དེ་ལ་སུན་འབྱིན་གྱི་རིགས་པ་ཡང་དག་ལན་གྱིས་བཟློག་པར་མི་ནུས་པ་བསྟན་པ་འདིས། སངས་རྒྱས་ཀྱི་ཡེ་ཤེས་ནི་རང་བྱུང་འདུས་མ་བྱས་པ་གཞིར་གནས་ཀྱི་ཡེ་ཤེས་ནི་དག་པ་མཐར་ཐུག་ཏུ་གྱུར་པའི་དབྱིངས་སྒྲིབ་བྲལ་དེ་ལ་བཞེད། ཅེས་གསུངས་སོ། །འདི་ལྟར་བཤད་པ་རྒྱུད་བླའི་དགོངས་པ་དང་དེའི་བོད་འགྲེལ་སྔ་ཤོས་རྔོག་ལོའི་འགྲེལ་བར་ཡང་མཐུན་པར་གསུངས། རོང་ཀློང་རྒྱུད་བླའི་དགོངས་པར་མཐུན་ཚུལ་ཡང་། རྡོ་གྲུབ་ཀྱི་སྤྱི་དོན་མཛོད་ལྡེར། རྒྱལ་བ་ཀློང་ཆེན་པ་སོགས་མཆོག་གཟིགས་གོང་མ་མང་པོས་མདོ་དེ་དག་གིས་བསྟན་པའི་གཤེགས་སྙིང་དང་། འདིར་བསྟན་གཉུག་སེམས་དོན་གཅིག་པས་དེ་དག་གིས་དགོངས་གཞིར་མ་ཟད་བརྗོད་བྱ་ཡང་དེ་ཁོ་ནར་བཞེད། ཞེས་གསུངས་པ་དང་། ཀློང་ཆེན་པས་ཀྱང་། ཕྱམ་ཕྱམ་ཕྱང་ཆད་ཡེ་ཆད་སྣང་སྲིད་ཆད། །འཁོར་འདས་རུ་ལོག་དབྱིངས་ཀྱི་སོ་ན་མེད། །ཅེས་ཀུན་རྫོབ་འཁོར་བ་དང་གཞན་བྱུང་ཡེ་ཤེས་བཅས་མེད་པར་གསུངས་པ་དང་། ཡང་། སྟོན་པའི་ཆོས་སྐུ་དབྱིངས་ལས་མི་གཡོ་སྟེ། །རང་བྱུང་ཡེ་ཤེས་རྟག་ཆད་ཕྱོགས་ལྷུང་མེད། །ཅེས་རང་བྱུང་གི་ཡེ་ཤེས་ཡོད་པར་བསྟན་པ་ལ་དགོངས་པར་ཞུ། །ཁ་སང་ནམ་ནོར་ཀྱི་རྫོགས་ཆེན་བཤད་པ་ཞིག་ལ་ཉན་པ་ཡིན་་ཏེ། མེད་མེད་མེད་གསུངས་རྒྱུ་མང་གི། གཞན་ཅི་ཞིག་ཡོད་ཞང་ཞུང་སྙན་བརྒྱུད་ཡིན་པས་སྐལ་ལྡན་རེ་གཉིས་ལ་གནང་རྒྱུ་ཡིན་པ་འདྲ། དེང་དུས་གྲུབ་མཐའ་ཕུང་གསུམ་པ་མང་པས་གང་ཡིན་ཆ་མ་འཚལ་ལོ། །༣༽རིགས་པ། རིག་པ། འདི་གཉིས་གང་ཡིན་ཡང་རྫོགས་ཆེན་སྐབས་ཀྱི་ཡེ་ཤེས་ལ་རིག་པ་བཏགས་པ་དང་མི་འདྲ་ཤས་ཆེ། བློ་ཡིན་པ་གཅིག་རེད་བསམ། རྫ་ཚེ་རིང་གི་མཆན།༦༡་པར་མདོར་ན་རིག་པ་ཚད་མ་ཟེར་བ་ཡང་སྐབས་ཀྱིས་དེ་ལྟར་འདོགས་རུང་ཙམ་ལས་ཚད་མ་གསུམ་གྱི་ཡ་གྱར་དུ་མི་འགྱུར་བ་སོགས་དབྱེ་བ་ཤེས་དགོས་སོ། །ཟེར་བ་ཡ་མཚན་ཆེ། ཀུན་རྫོབ་ཀྱི་ཚད་མ་གང་ཡིན་ཡང་བློ་ལས་མ་བྱུང་ན་ཅི་ལས་སྐྱེས། དགེ་ཆོས་ཀྱིས། མངོན་སུམ་ཚད་མ་ད་ལྟའི་བློ་ལས་སྐྱེས། །ད་ལྟའི་རིགས་པ་རྗེས་སུ་དཔག་པས་དཔྱད། །ཅེས་དང་། རྣམ་འགྲེལ་ལས། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཞེས་དང་། དྲན་པ་ལས་ཀྱང་རང་རིག་གྲུབ། །ཅེས་པའི་ཕྱོགས་ཐུགས་བསམ་བཞེས་དགོས་པར་འདུག་སྟེ། མང་པོ་ཞུ་བའི་དུས་ཚོད་མི་འདུག །
༸གོང་ས་མཆོག་གིས་རྫོགས་ཆེན་གྱི་ལྟ་བ་འདི་དབུ་མའི་ལྟ་བ་ལས་ལོགས་སུ་མེད་ཚུལ་ལན་མང་གསུངས་འདུག་ཅིང་། དེ་དང་འདྲ་བར་རྙིང་མའི་བླ་མ་འགའ་ཞིག་གིས་ཀྱང་འཆད་པར་ཐོས། དེའི་རྒྱབ་རྟེན་ནམ་ཡང་ན་ཕུག་གཏུགས་ས་ལྟ་བུ་ནི་ སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། ཞེས་པའི་ལུང་སོགས་འདྲེན་པར་འདུག ཕྲན་གྱིས་འགའ་རེར་ལུང་འདིའི་དགོངས་དོན་གང་ཡིན་དྲིས་པ་ཡིན་རུང་ཡིད་ཚིམས་པ་ཞིག་གསུངས་མཁན་མ་བྱུང་། རྣམ་པ་ཚོས་ཁོ་བོར་འགྲེལ་བཤད་གསལ་པོ་ཞིག་གནང་རོགས།
མིག་གིས་གསུངས་པ་དངོས་བདེན་རེད་དཱ། ཁྱོད་ཚོ་རྣ་མཆོག་ཀྲོང་ངེར་ཉོན་ཅིག་ཨ།
མིག་གིས་གསུངས་པ་དངོས་བདེན་རེད་དཱ། ཁྱོད་ཚོ་རྣ་མཆོག་ཀྲོང་ངེར་ཉོན་ཅིག
དྲི་མེད་ལྷག་བསམ་ཁྱེད་ཀྱི་མཁྱེན་དཔྱོད་ལ་བསྔགས་བརྗོད་ཡོད།
སྔ་འགྱུར་ནང་གི་འདུས་མ་བྱས་གསུངས་པ་འགའ་ནི། རྒྱུན་བརྟན་པའི་རྟག་བརྟན་ཙམ་ལ་གོ་དགོས་མང་བས་་་
ལུང་གི་རྒྱབ་རྟེན་མེད་པའི་རིགས་འཆལ་དང།།རིགས་པའི་སྒྲུབ་བྱེད་མེད་པའི་ལུང་སྐམ་གཉིས།།གཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།།ལུང་རིགས་གཉིས་འཛོམས་མཁའ་ལྡིང་དབང་པོ་མཛོད།།ཞེས་གསུངས་པ་སེམས་ལ་ཞོག
ལུང་གིས་རྒྱབ་རྟེན་མེད་པའི་རིགས་འཆལ་དང།།རིགས་པས་སྒྲུབ་བྱེད་མེད་པའི་ལུང་སྐམ་གཉིས།།གཤོག་ཡ་ཆག་པའི་བྱ་བཞིན་འཕུར་མི་ནུས།།ལུང་རིགས་གཉིས་འཛོམས་མཁའ་ལྡིང་དབང་པོ་མཛོད།།ཞེས་གསུངས་པ་སེམས་ལ་ཞོག
ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས། སྟོན་པ་གཤེན་རབ་སྤྱན་རས་གཟིགས་དབང་ཡིན།།གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།།ཞེས་གསུངས་པར་གཞིགས་ན་བོན་ལ་བོན་དཀར་དང་བོན་ནག་གཉིས་ཡོད་པར་སྙམ། བཀའ་ཐང་ན་བན་བོན་གཉིས་མ་མཐུན་པས་བོན་པོ་རྣམས་ཀྱིས་རྒྱལ་པོ་ཁྲི་སྲོང་གི་སྐུ་སྲོག་བགྲོང་བར་ཆས་པས། མཐར་བོན་པོ་རྣམས་མཐའ་རུ་སྤྱུགས་པ་དེ་བདེན་ན་རྫོགས་ཆེན་གྱི་ཁུངས་བོན་ཡིན་ཚུལ་བཤད་པ་ཡིད་ཆེས་དཀའ། གང་ཡིན་ཟེར་ན། སྐབས་དེ་དུས་རྒྱལ་པོ་ཁྲི་སྲོང་གིས་སློབ་དཔོན་རིན་པོ་ཆེ་བླ་མར་བསྟེན་པས་བོན་པོ་རྣམས་མ་དགའ་བ་དང་ལྐོག་གཡོ་སྣ་ཚོགས་གཤམས་པ་ཡང་གསལ་བོར་འདུག ལོ་རྒྱུས་ལ་ལ་བལྟས་ཚེ་བོད་ཀྱི་གདོད་མའི་ཆོས་ལུགས་ནི་བོན་ཆོས་ཡིན་པར་གསུངས་ཏེ། རྒྱལ་པོ་གཉའ་ཁྲི་བཙན་པོའི་ཡར་སྔོན་ནས་བོན་ཤེས་པ་བཅུ་གཉིས་ཅན་ཟེར་བ་བྱུང་བ་དང། དབུས་གཙང་དང་སྟོད་མངའ་རིས་སྐོར་གསུམ་ནས་བོན་པོའི་ལྟ་བ་དར་ཁྱབ་ཆེན་པོ་ཕྱིན་ཡོད་པ་འདྲ།
དྲྭ་རྒྱ་འདིར་གཟིགས་པར་འཚལ། བོད་མི་མ་ཡིན་པའི་་་ཕྱི་རྒྱལ་གྱི་མི་ཞིག་གིས་་་བོད་ཀྱི་རིག་གཞུང་་གི་ཁུངས་འཚོལ་བ་ལ་འབད་བཞིན་འདུག།
http://www.tibetarchaeology.com/newsletter/
http://www.tibet.cn/10js/phb/201103/t20110318_963498.htm འདིར་བྲིས་པའི་རྒྱ་ཡིག་གི་ཡིག་དོན་རྣམས་བོད་ཡིག་ཏུ་ཕབ་ཐུབ་མཁན་ཡོད་ན་བཀའ་དྲིན་ལེགས་གསོལ་ཞུ་རྒྱུ་ཡིན།
ལེགས་་བཤད་ཀྱིས་གཅིག་མགོ་བཙུགས་ཡོང་གི་འདུག
ལུང་རིགས་ཀྱིས་རྒྱབ་སྐྱོར་ཡོད་མདོག་རེད།
དྲི་མེད་ལྷག་བསམ་གྱིས་སླར་ཡང་ལེགས་བཤད་མང་པོ་གནང་བར་ཐུགས་རྗེ་ཆེ།
འདིར་གུས་པས་སྐད་ཆ་ཁ་ཤས་ཞུ་སྙིང་འདོད་དེ། ༡མ་གཞི་བཀའ་ལུང་གི་དབང་ཚད་མེད་པ་ཞིག་གིས་བཀའ་ལུང་གནང་མི་སྲིད་པས་ངས་གང་བཤད་པ་འདི་དག་རང་གི་དྲན་ཚུལ་ཙམ་ཡིན་པ་ལས་གཞན་ལ་འདི་བྱོས་དང་མ་བྱེད་ཟེར་བ་མིན་པ་འདི་ངེས་པར་མཁྱེན་པ་གནང་རོགས།
༢སྐུ་ཉིད་ཀྱིས་སྐུ་རྩེད་ལྟ་བུའི་གསུང་ཉམས་འགྱུར་དང་ལྡན་པ་་་་་་་་་་་་་་ནམ་ནོར་དང་བློ་སེང་གི་སྐུ་དོན་ལ་སྲོག་སྲོག་ལྟར་བཙའ་བ་ཞིག་ལགས་པས་སོགས་མཇལ་ཚེ་གྲོགས་པོ་སྙིང་ཉེ་པོ་ཞིག་དུས་རྒྱུན་གྲྭ་ཚང་དུ་རྩེད་མོ་བརྩེ་བཞིན་པ་ལྟ་བུའི་ཚོར་བ་བྱུང་། ང་ལ་སྤྲོ་སྣང་བཅོས་མིན་སྐྱེས་ནས་ཁེར་བགད་ཀྱང་བྱས་པ་ཡིན། ང་གཉིས་དོན་ལ་ཕན་ཚུན་སྙིང་ཉེ་ཞིང་དམ་ཚིག་དང་བརྩེ་བ་ངེས་ཅན་གྱིས་འབྲེལ་ཡོད་པའི་ཡིད་ཆེས་ཞིག་སྐྱེས་བྱུང་། འོན་ཀྱང་ངས་ཁྱེད་རང་ངོ་ཏི་ཤེས་ཀྱི་མེད།
༣བྱ་བྲལ་གྱིས་དོལ་རྒྱལ་དགག་པ་སེམས་ལ་མི་འགྲོ་ན་ཟེར་བ་ནི་ངོ་མ་གཞི་མེད་པའི་བཀའ་བཀྱོན་རེད། དེ་ནི་ངའི་སྐད་ཆའི་ཡོངས་སྟངས་ལ་གཟིགས་པས་མཁྱེན། ནམ་ནོར་ལ་བཀའ་བཀྱོན་པས་ཡིད་མི་འགུ་བ་མེད་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་གཞན་ཕྱོགས་ནག་པོ་བཟོ་འདོད་མེད་པ་ནི་ངེས་པར་ནན་བཤད་བྱ་རྒྱུ་ཡིན་ཏེ། དཔེར་ན་ཁོ་བོའི་བླ་མ་ངེས་པ་དོན་གྱི་བྱ་བྲལ་བ་ཡོངས་སུ་གྲགས་པའི་སྙིགས་དུས་ཀྱི་རྗེ་བཙུན་མི་ལ་གཉིས་པ་མཁན་ཆེན་ཆོས་ཁྱབ་རིན་པོ་ཆེས་ཀྱང་བླ་མ་ཕལ་མོ་ཆེར་བཀའ་བཀྱོན་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་བླ་མ་དེ་དག་ཡག་པོ་མིན་པའི་ལྟ་ཚུལ་རྨི་ལམ་དུ་ཡང་བཟུང་མེད། འཇམ་དབྱངས་མཁྱེན་བརྩེས་མདོ་མཁྱེན་བརྩེ་ལ་བཀའ་བཀྱོན་གནང་བའི་གཏམ་རྒྱུད་ལྟ་བུ་སྟེ། སྒྲ་ཅི་བཞིན་དུ་བཟུང་ན་རང་ཉིད་ཉམས་པར་འགྱུར།
ང་ནི་བྱ་བྲལ་རིན་པོ་ཆེ་མཇལ་ཕྱིར་ཡང་ལེ་ཤོད་ཀྱི་རིན་པོ་ཆེའི་སྒོ་འགྲམ་དུ་ཉིན་ཞག་གཉིས་གསུམ་ལ་གསོལ་བ་བཏབ་ནས་མཇལ་ཁ་མ་རག་པའི་ལས་ངན་ཞིག་ཡིན་པ་ལས་དད་གུས་མེད་པ་ཞིག་ལྟ་ག་ལ་ཡིན། །སྒོ་རྡུང་བར་རྒྱུག་དང་་་་་་་་་་་་་་་ཞེས་སོགས་འཇིགས་སྣང་སྐུལ་བ་ནི་ཐུགས་བདེན་ཏེ། གལ་ཏེ་ང་ལ་བསམ་ཚུལ་ཞིག་ཡོད་པའི་དབང་དུ་བཏང་ཡང་ཁོར་ཡུག་ལ་ནི་ཤིན་ཏུ་འཇིགས་ཏེ། རྒྱུ་མཚན་གྱི་གཉེན་པོ་ཡིན་པས་སོ། །
དྲི་མེད་ལྷག་བསམ་ལ་ཕུལ་བ་་་
དུམ་བུ་གཉིས་པ།
༤པདྨ་འབྱུང་གནས་དང་ཀ་ཤཱི་སོགས་འགལ་བ་མེད་པར་སྒྲུབ་པར་ལྟ་བ་སྤྲོས་བྲལ་དང་སྣང་ཆ་ཀུན་རྫོབ་ཁྱད་དུ་མི་གསོད་པ་གཉིས་འདྲ་བ་ཡིན་པས་ཟེར་ཞིང་། ཧ་ཤང་དེ་ལས་ལོགས་སུ་སྨྲ་བ་ནི་ལས་སླ་དྲགས་པ་ཞིག་རེད། མ་གཞི་དྲང་མོ་ཞུ་ན་ང་ནི་སྐབས་འགར་ཧ་ཤང་དག་འབུད་བྱེད་པའི་ཁྲིམས་རྩོད་པ་ཞིག་བྱེད་ན་འདོད། འོན་ཀྱང་ང་ལ་མཐའ་གཅིག་ཏུ་རོགས་པ་བྱེད་མཁན་དེ་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ལྟ་བུ་ལས་ཡོད་མེད་མི་ཤེས། ཉེ་ཆར་ཏིན་ཧོང་སོགས་ནས་ཧ་ཤང་གི་ཕྱག་དཔེ་རྙེད་ཡོད་པ་དང་། རྒྱ་ཡིག་ཏུ་ཡང་ཅུང་ཞིག་ནི་ཡོད་ཟེར། ངས་ལོ་རྒྱུས་ཀྱི་ངོས་ལ་ཁྱོན་ཡོངས་ནས་ལྟ་སྐབས་ཀྱང་སྐབས་དེའི་ཧ་ཤང་ཕམ་པ་ནི་གཙོ་བོ་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་ངོས་ལེན་ཐོབ་མིན་ཙམ་རེད། དེ་ལ་རྒྱུ་མཚན་དང་རྒྱབ་ལྗོངས་ཅི་དགོས་ནི་མཐར་གཏུགས་ན་རྒྱལ་པོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་བ་ཧ་ཅང་ཆེ། ལར་བོད་དུ་ཧ་ཤང་ལ་དཔྱད་པ་ཞིབ་མོ་དང་དྲང་མོ་རྒྱག་མཁན་ཉུང་ཉུང་རེད། དགེ་ཕྱོགས་སོགས་ཕལ་མོ་ཆེས་ནི་ཕལ་ཆེར་རྙིང་མ་དང་གཅིག་པ་ལྟར་བཤད་ཀྱང་མ་མཐའ་ཡང་རྙིང་མའི་རྫོགས་ཆེན་ནི་ཧ་ཤང་གི་ལྟ་བའི་ལྷག་མ་ཞིག་ཡིན་པ་ལྟ་བུས་ལྟ་ཚུལ་བཟུང་ཡོད།
དཔེར་ན། ཅན་མིན་དང་ཏོན་མིན་ཟེར་བ་ནི་རྒྱ་ཡིག་གི་རིམ་གྱིས་འཇུག་པའི་སྒོ་དང་གཅིག་ཅག་འཇུག་པའི་སྒོ་ཞེས་པའི་དོན་ཡིན་ཡང་མགོ་བུ་སྟོན་ནས་རབ་དབྱེའི་འགྲེལ་བ་བྱེད་པ་པོ་དག་དང་བཅས་པས་ཐ་སྙད་ཁོ་རང་གི་གོ་དོན་ལ་འགྲེལ་ལོག་གཡག་འདྲ་བ་རེ་རྒྱབ་ཡོད། འོན་ཀྱང་དྲང་མོར་བཤད་ན་སྐབས་དེའི་ཧ་ཤང་གི་ལྟ་བ་དེ་སྟོན་སྟངས་དང་རྩལ་འདོན་གྱི་ཁྱད་པར་གྱིས་འདུས་བྱས་ཀྱི་དགེ་རྩ་ལ་གཡེལ་ཆུང་དུ་བཞག་པའི་སྣང་ཚུལ་བྱུང་ནས་དགོན་སྡེ་སོགས་ཀྱི་ལས་དོན་ལ་མཐུས་ཤོར་བྱུང་བ་ནི་ཡིན་དུ་རུང་མོད། དེ་ཙམ་གྱིས་ཧ་ཤང་གིས་ཀུན་རྫོབ་ཁས་མི་ལེན་པ་ནི་མ་ཡིན་ཏེ། རྙིང་མ་པའི་སྔགས་པ་ཚོས་མ་སྨད་གསོ་བར་གཡེངས་ནས་འདུལ་བ་དང་མཚན་ཉིད་ཀྱི་ཕྱོགས་ལ་འཐུས་ཤོར་དུ་བཏང་བ་དང་། དགེ་ལུགས་པ་ཆོས་ཞིབ་འཇུག་ལ་དབུ་གཡེངས་ཆེ་ནས་ཆོས་ཉམས་ལེན་ལ་ཅུང་འཐུས་ཤོར་སོང་ཡོད་པ་ལྟ་བུ་ང་ཚོས་བསམ་གྱིན་ཡོད་ན་ཡང་དེ་དང་དེ་དག་གིས་ཕྱོགས་གཞན་ཁས་མི་ལེན་པ་ནི་མིན།
ལ་ཟློ་བའི་སྐབས་སུ་ཁས་ལེན་མེད་པ་དང་དགེ་སྡིག་ལས་འདས་ཀྱང་ཀུན་རྫོབ་ཏུ་ཁས་ལེན་པའི་ཁུངས་ངས་ཀྱང་ཧ་ཤང་གི་ལུང་དངོས་སུ་མཇལ་མྱོང་ཡང་ད་ལྟ་དྲན་མ་སོང་། གནས་ལུགས་མཛོད་དང་ཆོས་དབྱིངས་མཛོད་ནི་ངའི་ཁ་ཏོན་བྱས་ཁུལ་ཡིན། ཀ་ཤའི་དྲན་པ་མེད་པ་ཁས་ལེན་མིན་ལ་ངས་ལུང་ཤིན་ཏུ་མང་པ་ཞིག་དྲངས་ཡོད་པ་དེའི་སྐོར་མཆན༥༦ལ་གཟིགས་ཙམ་གནང་རོགས།
ལྷག་བསམ་ལ་ཕུལ་བ་གསུམ་པ།
༥ ངས་སྒྲོལ་མ་བ་དང་མི་ཕམ་པ་རོང་ཟོམ་གྱི་དགོངས་པ་འགྲེལ་བར་མི་མཐུན་ཡང་དེ་མི་མཐུན་པའི་རྒྱུ་མཚན་གྱིས་སྤོང་ལེན་མི་རིགས་པར་ཞུས་པར་རོང་ཟོམ་གསུང་འབུམ་དཀར་ཆག་ཏུ་བླ་མ་ཕམ་ཀྱིས་གསུངས་པ་དྲངས་པ་ནི་འབྲེལ་བ་ཅི་ཡང་མི་འདུག
འདིའི་སྐོར་གྱི་རོང་ཟོམ་པས་སློབ་དཔོན་དབུ་མའི་སེང་གེ་དང་ཉི་མིའི་འོད་འཕྲོ་བ་ལ་༼ཉི་འོད་སེང་གེ༽སོགས་པའི་བཞེད་པ་འགལ་མིན་གྱི་ལུང་མཆན་༥༨པའི་མཇུག་ཏུ་དྲངས་ཟིན་པ་ཞིག་ཡིན།
འོན་ཀྱང་སྒྲོལ་སྟོན་པས་གསང་སྙིང་ཁོག་དབུབ་རིན་པོ་ཆེའི་གུར་དུ། བོད་ན་སངས་རྒྱས་ཀྱི་ས་ལ་ཡེ་ཤེས་མི་བཞེད་པ་ནི་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་སོགས་པའོ། །ཞེས་དང་། བཞེད་པ་ནི་ཀློང་ཆེན་་་་་་་་་་་་་་་་་ཞེས་སོགས་གསུངས་པ་ནི་དེར་ཟད་དོ།།
ཁྱོད་ཀྱིས་བཤད་པ་ལྟར་ན་ནམ་མཁའི་ནོར་བུ་དང་ཀུན་མཁྱེན་ཡབ་སྲས་ལ་་་་་་་་་་་་་་་༼ལྟ་བའི་ངོས་ནས་ནི་ཁྱད་པར་མ་མཐོང་སྟེ། ༽་་་༼ལྟ་བའི་ངོས་ནས་ནི་༽་་་་་་་་༼བཤད་སྟངས་སམ་སུམ་རྟགས་ཀྱི་འགྲོས། བརྗོད་བྱེད་ཀྱི་ཚིག་ལ་སྐབས་རེར་ཁྱད་པར་ཅུང་ཟད་འདུག་སྟེ་གོང་འོག་གི་བཞེད་པ་བསྒྲིལ་ནས་བལྟས་ཚེ་འགལ་བ་ཆེན་པོ་ཞིག་ཡོད་པ་གཏན་ནས་མ་མཐོང་།་་་་་་་༽སོགས་ང་ལས་ཀྱང་འཇམ་ཤ་ཅན་གྱི་ལེགས་བཤད་ཀྱི་འཆད་ཐབས་དག་སྤྱད་པ་ཡིན་ན་འགལ་བ་རྣམས་ཆོས་ཀྱི་དབྱིངས་སུ་ཞི་རྒྱུར་ཤིན་ཏུ་ཉེ་བར་འདུག་པས་ང་གཉིས་ལ་རྩོད་གཞི་ཅང་མི་འདུག་ལགས།
༦ བླ་མ་རྣམ་པས་བསྟོད་པ་མཛད་པའི་ཚིག་རྣམས་ཞལ་རྫུན་དུ་སྨྲའམ་གསུངས་པའི་དོན་མ་འཚལ་ལགས།
ངའི་སྐད་ཆ་ལ་ཉམས་འཇོག་གནང་ན་དེ་ལྟར་གསུང་བའི་གཞི་མེད་སྙམ།
༧ རོང་ཀློང་ནང་འགལ་ཞེས་ཞེད་སྣང་སྐུལ་འདུག་མོད། ནང་འགལ་ཟེར་ན་མི་ཤེས་ཀྱང་། མི་མཐུན་ས་ནི་ཡོད་ངེས་ཤིང་། དེའི་རྒྱབ་རྟེན་དུ་ཚུལ་ཁྲིམས་བློ་གྲོས་ཀྱི་ལུང་སྔར་ཡང་དྲངས་ཤིང་། ད་ལྟའི་དུས་འདིར་རྙིང་མ་ལ་ནི་ཁོང་ལས་ཚད་མར་གྱུར་པ་ཞིག་མེད་ངེས་ལ་ཁྱད་པར་སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་མེད་ཀྱི་ཕྱོགས་ལ་མི་མཐུན་པར་སྒྲོལ་མ་པས་བཞེད་ཅིང་། མི་ཕམ་པས་མཐུན་པར་བཞེད་པས་ངས་སྒྲོལ་མ་དང་མི་ཕམ་མི་མཐུན་སྨྲ་ས་དེ་ག་རང་ཡིན་བཞིན། ད་དུང་མི་ཕམ་གྱི་ལུང་དྲངས་ནས་ང་ལ་སྒྲུབ་པ་ནི་འབག་ཕར་གཡར་ན་འཇིགས་ཚུར་ངོམ་ཟེར་བ་དེ་མིན་ནམ་སྙམ། ཧཧཧ
༨ ང་ཅུང་ཟད་གད་མོ་ཤོར་ས་ཞིག་ནི་ནམ་མཁའི་ནོར་བུའི་འཆད་སྟངས་ལས་བོན་གྱི་སྒྲོས་ཤིག་ཨེ་སྙེད་ཀྱ་རེ་བས་ཡོཊེབ་སོགས་ཀྱི་གསུང་མང་པོ་ཞིག་ཉན་མཐར་ཁོང་གི་ལྟ་བའི་འཆད་སྟངས་ལ་རྙིང་མ་སྤྱི་འགྲོས་ལས་ཡན་གར་བ་ཞིག་ཅང་མ་རྙེད་པ་དང་ཅུང་ཐང་ཆད་ནས་༼མེད་མེད་མེད་གསུང་རྒྱུ་མང་གི་༽ཞེསདང་། ༼གཞན་ཅི་ཡོད་སྐལ་ལྡན་རེ་གཉིས་ལ་གནང་རྒྱུ་ཡིན་པ་འདྲ༽་ཟེར་བ་ནི་ངོ་མ་གསུང་རྒྱུ་མ་རྙེད་པ་ལྟ་བུར་གྱུར་འདུག་ལགས།
གང་ལྟར་ཉིད་དང་བཀའ་མོལ་ཅུང་ཟད་ཞུ་བ་འདི་མི་ཚེ་ཁ་བཤད་ལ་གོམས་པ་ཞིག་གི་ངོས་ནས་སྤྲོ་བ་འཕེལ་བའི་རྩེད་མོ་ཙམ་མོ།།
སྐུ་ཉིད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་སྨོན།
མཁན་པོ་ཚེ་བཀྲ་ལགས་གྱི་བཀའ་ལན་ལན་དགའ་བསུ་ཞུ། ༡༽མཁན་རིན་པོ་ལགས་ཀྱིས་ཧ་ཤང་གི་ཕྱོགས་བཟུང་ནས་སྔ་འགྱུར་པ་རྣམས་དང་ཁྲིམས་རྩོད་གནང་ཚེ་ཀཿཐོག་ཚེ་ནོར་གྱིས་རྒྱབ་རྩ་བྱེད་མིན་ཡང་སོམ་ཉིར་གྱུར། ཚེ་ནོར་ཀྱིས་ཧ་ཤང་ནང་པ་སངས་རྒྱས་པ་ཡིན་ཚུལ། བསམ་གཏན་གྱི་ངོ་བོ་སླད་མེད་དེ་བཀའ་་རྙི་གི་ཁྱིམ་པ་རྣམས་ཀྱིས་སེམས་ཁྲིད་ཕོག་དེ་ཉམས་ལེན་གྱི་རྒྱུན་སྐྱོང་པ་དང་འདྲ་ཚུལ། ཧ་ཤངས་རིམ་གྱིས་པ་རྣམས་རྫོགས་ཆེན་ཉི་་ཟླ་ཁ་སྤྱོར་གྱི་རྒྱུད་དུ་སྤྱོད་པ་རིམ་བདུན་གསུང་པ་དང་གནད་གཅིག་ཚུལ། ཅིག་ཆར་པའི་ཅི་ཡང་ཡིད་ལ་མི་བྱེད་པ་སོགས་རྒྱ་གར་ཨ་མ་ན་སའི་ཆོས་ལུགས་ཕྱག་ཆེན་ཡི་གེ་བཞི་བ་དང་། ས་ར་ཧའི་སྒོམས་དོན་གྱི་དངོས་གཞི་དང་མཐུན་ཚུལ་སོགས་གསུང་མོད། ཡང་ཚེ་ནོར་གྱིས། རྒྱ་ནག་ཧྭ་ཤང་གི་ལྟ་སྒོམས་དེ་སྐབས་ཉིད་དུ་སྐྱོན་གྱི་ཆ་ཤས་ཡོད་པར་གཟིགས་པ་དང་། ལྷག་ཏུ་མ་འོངས་ཕྱི་མའི་དུས་ན་ལྟ་སྒོམས་དེ་ལ་བརྟེན་ནས་འཁྲུལ་པ་མང་དུ་སྐྱེ་བ་དང་། གྲུབ་མཐའ་ཕན་ཚུན་སྡེ་རིས་ཀྱིས་རྩོད་པའི་མི་ངེས་པ་ཆེན་པོ་འབྱུང་བ་སྤྲུལ་བའི་ལོ་པཎ་ཆོས་རྒྱལ་རྣམས་ཀྱིས་མངོན་ཤེས་རྒྱ་ཆེན་པོས་་གཟིགས་ཤིང་འགོག་པ་གོར་མ་ཆགས་ཀྱི། ཧྭ་ཤང་གི་ལྟ་སྒོམས་དེ་གཏན་ནས་ནོར་བ་མ་ཡིན་པ་ཤེས་པར་བྱའོ། །ཞེས་གསུང་པ་སྔ་འགྱུར་མང་ཆེ་བའི་འདོད་པ་རེད། སྤྲོས་བྲལ་ཡིད་བྱེད་མེད་པ་ཙམ་དུ་རྫོགས་ཆེན་པས་ཧྭ་ཤང་ཁས་ལེན་པ་འདྲ་སྟེ། དགེ་པཎ་གྱིས་བདེ་གཤེགས་སྙིང་པོའི་རྒྱན་ལས། རྫོགས་ཆེན་ཡིད་བྱེད་སྤང་པ་ཧྭ་ཤང་དང་། །མཐུན་ཞེས་བོད་ཀྱི་མཁས་རློམ་རྣམས་གསུང་མོད། །ཡིད་བྱེད་སྤང་པ་དབུ་མའི་མན་ངག་ལུགས། །ཞེས་དང་། འཇིགས་མེད་གླིང་པས། དམིགས་པ་མེད་ན་ཞི་བར་འགྱུར། །གསུང་ན་རྫོགས་པའི་སངས་རྒྱས་ཀྱང། །ཧྭ་ཤང་གི་ནི་ཕྱོགས་སུ་སླན། །གསུངས་པ་ནི་སྟོང་ཕྱོགས་འདྲ་ཙམ་དུ་དཔེར་བཀོད་པ་ཡིན་པ་འདྲ། ། ཡང་ཆེ་ས་ཞིག་ནས་བཤད་ན། ཧ་ཤང་མདོ་རེད། རྫོགས་ཆེན་སྔགས་རེད། བཟང་པོ་ཡིན་ན་ཕྱག་ཆེན་མདོ་ལུགས་ཡིན་དགོས་པ་ལས་རིག་རྩལ་ཤེས་རབ་ཀྱི་དབང་སྔོན་དུ་འགྲོ་དགོས་པའི་རྫོགས་ཆེན་ཡིན་རྒྱུ་མ་རེད་བསམ། ༢༽ཧ་ཤང་གི་འདུས་བྱས་ཀྱི་དགེ་རྩ་ལ་གཡེལ་ཆུང་བྱེད་པའི་ཟླར་དགེ་རྙིང་གཉིས་བཀོད་པ་འདི་ཡ་རེ་ཆ། སྔགས་པས་བུ་སྨད་གསོ་བར་ཐར་བ་ཆ་མཐུན་གྱི་དགེ་རྩ་མེད་པ་དང་། དགེ་ལྡན་པས་དཔེ་གཟིགས་གནང་པ་སོགས་ཐོས་བསམ་ལ་འདས་བྱས་ཀྱི་དགེ་རྩ་ཆད་པའི་ཕྱོགས་སུ་སྨྲ་བའི་་ཧྭ་ཤང་གི་རྗེས་འཇུག་རྙིང་མ་རྣམས་གཟབ་དགོས་པར་འདུག་སྟེ། ཨ་མདོ་དགེ་བཤེས་རིན་པོ་ཆེས་སྤྲིང་ཡིག་རིགས་པའི་ཕོ་ཉ་ལས། ཙོམ་འཇོག་སྟོང་ཧད་ཙམ་དང་གསལ་རིག་ཙམ། །སྔ་འགྱུར་རྒྱུད་སྡེ་པད་འབྱུང་བི་མ་ལའི། །དགོངས་དོན་ཀུན་མཁྱེན་ལུགས་སུ་དམ་བཅའ་བའི། །བྱིས་པའི་སྐྱེ་བོ་དེ་དག་བག་ཡོད་མཛོད། །ཅེས་པ་ལའང་དགོངས་ཙམ་གནང་བར་ཞུ། །།
ལྷག་བསམ་ལགས། ཁྱེད་ཀྱིས་ངའི་སྐད་ཆ་ལ་གསན་ཡག་མ་བྱས་པར་བཀའ་ལན་ལུང་རིགས་ཆ་གཞུར་གཞུར་གནང་བ་དེ་མི་ཕམ་པས་རབ་གསལ་ལ་གསུངས་པ་ལྟར་ཤེར་རབ་མྱུར་བའི་མངོན་རྟགས་ཡིན་མཆི་ཡང་། ངས་ཧ་ཅང་ལྟ་བ་ཡང་དག་པར་སྒྲུབ་འདོད་པ་ལས་རྫོགས་ཆེན་དང་མཐའ་གཅིག་ཏུ་གཅིག་པ་ཡིན་པས་སྒྲུབ་འདོད་ཞེ་ལ་མེད་ལ་ང་རང་གི་མཆན་བུར་དེ་ལྟ་བུའི་ཚིག་བྲིས་མེད་སྙམ་པ་ཡིན་ལ་ད་ལྟ་ཁྱེད་ཀྱི་བཀའ་ལན་ལྟས་རྗེས་ཡང་བསྐྱར་ང་རང་གི་གོང་གི་མཆན་ལ་ལྟ་ཙམ་བྱས་པ་ཡིན་ཏེ། དེ་ལྟར་སྨྲས་མེད་པ་འདྲ་ལགས།
ང་ལ་ཨ་མདོ་དགེ་བཤེས་ཀྱི་ལུང་དྲངས་ནས་གཟབ་དགོས་པར་གསུངས་པ་ནི་ཤིན་ཏུ་མད་དེ། གུས་པའི་སྒེར་གྱི་ལྟ་བའི་ངེས་ཕྱོགས་ཀྱི་ཆ་ནས་དད་པ་རྫོགས་ཆེན་ལ་བྱེད་ན་ཡང་ལྟ་བ་ནི་ཧ་ཤང་ལ་ཡང་སླེབས་མེད་ཞུ། ལར་རྫོགས་ཆེན་གྱི་རིག་པ་དངོས་གནས་ཀུན་གཞི་དང་ཆོས་སྐུ་སེམས་དང་རིག་པ་རྣམ་ཤེས་དང་ཡེ་ཤེས་སོགས་ཀྱི་ཁྱད་པར་འབྱེད་སྟངས་དག་ཀུན་མཁྱེན་ཆེན་པོའི་ཆོས་དབྱིངས་མཛོད་ཀྱི་རང་འགྲེལ་ལུང་གི་གཏེར་མཛོད་དང་ཁྱད་པར་ཀུན་མཁྱེན་ཕྱི་མའི་གོལ་ཤོར་ཚར་གཅོད་སེང་གེའི་ང་རོར་རེ་ལྟས་དེ་ནས་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་དབུ་མའི་སྒོམ་རིམ་ལ་ཡང་ལྟས་པའི་སྐབས་ང་རང་ནི་དེ་དག་གི་སྔ་རྒོལ་ངོ་མ་དེ་ཆགས་ཡོད་པའི་སྣང་བ་འཆར་ཡོང་ཞིང་། ང་ཚོས་གང་ཤེས་པའི་ཡིད་དཔྱོད་ཀྱི་ངེས་པ་རབ་རིབ་འདི་གར་ཡང་ཕྱིན་གྱི་མེད་པ་གཏིང་ནས་གོ་སྟེ། བླ་མའི་བྱིན་བརླབས་ཀྱི་རྟེན་འབྲེལ་ལ་རེ་བ་ཙམ་ཞིག་ལྷག་མར་ལུས་སོ། །
སྙིང་གཏམ་མོ།།
རྫ་ཚེ་དང་། དྲི་མེད་གཉིས་ཀྱི་རྩོད་ལན་སོགས་ནི། ཤིན་ཏུ་ལེགས་བཤད་དུ་སྣང་བས། མུ་འགོད་བྱུང་ན་ལེགས།
རྫ་ཚེ་རིང་ལགས་རྒྱལ་བར་གྱུར་ཅིག ཁྱོད་ལྟ་བུའི་རྙིང་མ་ཐུགས་ཀུ་ཡངས་པོ་ཅན་དང་འཕྲད་པ་ཐེངས་དང་པོ་ཡིན་བྱས་ཀྱང་ཆོག ངས་རྙིང་མའི་འབག་མགོ་གྱོན་ནས་འཇིགས་སྒྲ་ཞིག་བསྒྲགས་པ་ཡིན་ཏེ་ཁྱོད་ཇེ་དཔའ་དང་ཇེ་ངར་རེད། འདི་འདྲའི་སྙིང་སྟོབས་ཅིག་མེད་ན་བོད་རང་བཙན་གྱི་ཆེད་དུ་བཙོན་ཁང་དུ་འཇུག་ག་ལ་སྲིད། འོན་ཀྱང་བོན་དང་བནྡྷེ། ཧྭ་ཤང་དང་རྫོགས་ཆེན་སོགས་སྨྲས་པ་ཙམ་གྱིས་དེ་ཡང་རེད། འདི་ཡང་ཟེར་བའི་ཁས་ལེན་དེ་རང་ལུགས་གཏད་སོ་མེད་པར་བྱེ་མའི་ཆང་བུ་བཞིན་ཞིག་པའམ། གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས། །ཟེར་བའི་དགོངས་པར་སླེབས་གང་ཡིན་མ་ཤེས། ཧ་ཤང་ལ་་སྡོམ་ཞིག་བྱེད་ན། རྙིང་མའི་སློབ་དཔོན་རྦ་གསལ་སྣང་གི་བཞེད་པ་ལས། སློབ་དཔོན་ཞི་བ་འཚོས་ཞལ་ཆེམས་འདི་ལྟར་བཞག་སྟེ། ང་འདས་པའི་འོག་ཏུ་རྒྱ་ནག་གི་མཁན་པོ་ཞིག་འབྱུང་སྟེ། དེས་ཐབས་དང་ཤེས་རབ་ལ་བསྐུར་བ་འདེབས་པ་དཀར་པོ་ཅིག་ཐུབ་ཞེས་བྱ་བ་སེམས་རྟོགས་པ་འབའ་ཞིག་གིས་སེམས་རྟོགས་པ་འབའ་ཞིག་གིས་སངས་རྒྱའོ།ཞེས་ཟེར་བ་འབྱུང་བར་འགྱུར་ཏེ། དེ་བཇོམ་ལྡན་འདསའཀྱི་མདོ་ལས། སྙིགས་མ་ལྔའི་ནང་ནས་ལྟ་བའི་སྙིགས་མ་ཞེས་བྱ་བ་སྟོང་པ་ལ་དགའ་བ་ཡིན་པར་གསུངས་པས། བོད་ཁོ་ནར་མ་ཟད། སྙིགས་མ་ལྔ་བདོ་བའི་གང་ཟག་ཐམས་ཅད་དེ་ལ་དགའ་བ་ཆོས་ཉིད་ཡིན། དེའི་ཅོས་ལུགས་དེ་འཕེལ་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པས། དེའི་ཚེ་ངའི་སློབ་མ་ཀཱ་མ་ལ་ཤཱི་ལ་ཞེས་བྱ་བའི་མཁས་པ་ཆེན་པོ་དེ་གདན་དྲོངས་ལ། རྒྱ་ནག་གི་མཁན་པོ་ལ་རྩོད་དུ་ཆུག་ལ་གང་རྒྱལ་བ་དེའི་ལུགས་གྱིས་ཤིག ཅེས་ལུང་བསྟན་མཁན་རྙིང་་མའི་མཁན་སློབ་ཆོས་གསུམ་ཡ་གྱལ་རེད། ཡང་རྦ་བཞེད་ལས། རྒྱ་ནག་མཁན་པོ་ཡི་མུག་ཏེ་རང་གི་གནས་སུ་སོང ། ཆོས་གྲྭ་དེར་ལྷྭམ་ཡ་གཅིག་ལུས་པས། ལྟས་དེ་ལ་སྤགས་ན་སངས་རྒྱས་ཀྱི་བསྟན་པ་འཇིག་ཁར་ངའི་བསྟན་པའང་ལྷྭམ་ཙམ་ཅིག་ལུས་པར་འགྱུར་རོ་ཞེས། འཁོར་རྣམས་ལ་ལུང་བསྟན། ཞེས་ཟེར་བ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པས། །དིང་སང་བསྟན་པའི་ཐ་མར་གྱུར་པ་ན་ཁོ་རང་གི་ལུང་བསྟན་དེ་ཐོག་ཏུ་བབ་ནས་ལུགས་ངན་དེ་ཉིད་ཀྱིས་ཀུན་ཏུ་གང་བར་གང་བར་གྱུར་ཏོ། །ཞེས་པ་དང་། དེང་སང་གི་ཏུན་ཧོང་གཏེར་ཡིག་ཀྱང་། རྦ་བཞེད་ལས། རྒྱ་ནག་གི་དཔེ་རྣམས་བསྡུས་ཏེ་བསམ་ཡས་སུ་གཏེར་ཏུ་སྦས།ཞེས་པའི་ཆ་ཤས་རེ་འཁྱམ་སོང་བ་མིན་པའི་ངེས་པ་ཡང་མེད་པས་སོ། །བསམ་གཏན་མིག་སྒྲོན་སོགས་ཀྱི་མདོ་ལུང་བརྒྱད་ཅུ་པོ་གསར་བྱུང་ཅང་མིན་ཏེ་རྦ་བཞེད་དང་རྒྱ་ནག་མཁན་པོ་འགོག་མཁན་ཀུན་གྱིས་མདོ་ལུང་ལོག་པར་འགྲེལ་ཟེར། རྗེ་བཙུན་ཏཱ་ར་ནཱ་ཐས། བསམ་གཏན་མིག་སྒྲོན་སོགས་ཀྱི་མདོ་ལུག་བརྒྱད་ཅུའི་ཁུངས་མཐོང་སྟེ་ཞིབ་ཏུ་དཔྱད་པས། ནང་པ་མ་རེད་ཅེས་སྨྲ་མི་རུང་ཞེས་དང་། དགེ་བ་ཆོས་སྡུད་སོགས་ཐེག་ཆེན་སྤྱོད་ཕྱོགས་ཉམས་པའི་སྐྱོན་འདུག་པར་བརྗོད་པར་གཟིགས། མདོར་ན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཞི་ལྷག་གི་སྐོར་དང་། མཁས་གྲུབ་ཐམས་ཅད་མཁྱེན་པའི་སྡོམ་གསུམ་ཕྱི་དོར་སོགས་ལས་ལུང་རིག་བརྒྱ་ཕྲག་གིས་དགག་པ་ལ་དཔྱད་པའི་་བློ་མིག་ཡངས་པོ་ཡོད་པར་སྐུ། མདོར་ན་ཁ་མཚར་གྱི་རྦུ་མ་མང་པོ་འཕྱིར་བ་ཡང་ཉིད་ཀྱི་མཁྱེན་པའི་རྒྱ་མཚོ་དང་གཅིག་ཏུ་འདྲེས་པར་སྨོན། སྐུ་ཚེ་རིང་། དུས་ཚོད་མི་འདུག དེ་ཙམ་གྱིས་བཀྲ་ཤིས་འཇོག
ཀ་རྡོ་རབ་འབྱམས་པས། མཆན། ༨༣། སྔ་འགྱུར་ནང་གི་འདུས་མ་བྱས་གསུངས་པ་འགའ་ནི། རྒྱུན་བརྟན་པའི་རྟག་བརྟན་ཙམ་ལ་གོ་དགོས། ཞེས་གསུང་པ་འདི་རབ་འབྱམས་པ་ཞིག་གི་བཤད་ཚུལ་ཨེ་ཡིན་ནམ། དགེ་ལྡན་པ་ལ་ནང་གཏམ་ཞིག་ཞུ་ན། ལྕང་སྐྱའི་གྲུབ་མཐའ་ལྷུན་མཛེས་སུ། གཞུང་ཆེན་མོ་རྣམས་ལས་མཚན་ཉིད་དང་མཚན་གཞི་སོགས་ཀྱི་རྣམ་བཞག་གསུང་པ་རྣམས་ནི། དོན་གྱི་ངོ་བོ་དག་ཁྱད་པར་སོགས་ཀྱི་དོན་ལྡོག་ཤེས་པའི་ཕྱིར་ཏུ་གསུངས་པ་ཡིན་གྱི། གང་ཟག་གི་གསལ་བའི་དབྱེ་བ་མཐའ་དག་གི་འཛིན་ཚུལ་མཐའ་དག་མཚན་ཉིད་ཟུར་ལ་ཚང་མི་དགོས་པའི་ཕྱིར། ཞེས་གདམས་པའདི་དང་པོ་ཐུགས་ལ་ཉར་ནས་དཔྱད་པ་ཞིག་གནོངས་དང་། ། རྙིང་མ་པའི་འདུས་མ་བྱས་པའི་ཡེ་ཤེས་ཟེར་ན་རང་བྱུང་ཞིག་ལ་གོ་དགོས། རྟག་ཁྱབ་འདུས་མ་བྱས་དང་། དུས་གསུམ་དུས་མེད་། ཡེ་གྲོལ་རྒྱུན་འབྱམས། ཀུན་ཁྱབ་འདུས་མ་བྱས་པའི་ཡེ་ཤེས་སོགས་དང་། མཚན་བརྗོད་ལས། །ཆ་མེད་ཀུན་འགྲོ་ཁྱབ་པ་པོ་ཞེས་དང་། ཐུགས་གསུང་སྐུ་ཡི་རྡོ་རྗེ་ཆད་པ་མེད་པར་དུས་འཁོར་ལོ་ཉིད་དུ་བཞེད་པའང་། ། དུས་འཁོར་ལས། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་ཏུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱིས་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་པ་སོགས་དགོངས་པ་གཅིག་སྟེ་རང་བྱུང་ཉིད་དུ་འདོད་པ་ལས་རྒྱུན་གྱི་རྟག་པར་འདོད་པ་མིན། རྒྱུན་གྱི་རྟག་པ་ཡིན་ན། ཕྲེང་བ་དམག་ལ་སོག་པ་རྫུན། །སོགས་ཆ་ཤས་ནས་གྲུབ་པ་ཡིན་དགོས། དེ་ཡིན་ན་རེ་འགའ་བ་ཡིན། དེ་ཡིན་ན་གནས་སྐབས་ཀྱི་རྟག་པ་ཙམ་ཡིན། ཆ་ཤས། རེ་འགའ། གནས་སྐབས་ཀྱི་རྟག་པ་ཐམས་ཅད་འདུས་བྱས་ཡིན་ཕྱིར། འཇིག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། །རྩེད་མོ་ཙམ་ཞུ་བ་ལགས། །
ང་ནི་བུད་མེད་དང་བུ་ཕྲུག་མང་བས། དྲི་མ་དང་བཅས་པ་དང་། ལྷག་བསམ་གྱི་དྲི་མ་ནི། དེ་བས་ཉུབ་བས་རེ་ཞིག་ཁྱེད་ཀྱི་རྩོད་ཟླར་འོས་པ་མི་འདུག་པས། ཉིན་རེ་འི་འཚོ་བའི་དཀའ་ངལ་བསལ་ཙམ་ནས། ཡིག་ལན་འབུལ་ཆོག་པ་ཞུ་ལགས། ད་ནི་སྨན་ཁང་ལ་འགྲོ་རན་སོང་ཟེར་ནས། ཕྲུ་གུ་ཨ་མས་སྐད་འབོད་བྱེད་གྱིས། རྗེས་སུ་མཇལ་ཡོང་ངོ་།
ཀ་རྡོ་ལགས། ལན་ཡང་ཡང་མེད་ན་ཆོག རྩེད་མོ་ཙམ་ཞུས་པ་ཡིན། ཉིན་ཁ་ཤས་ཞིག་ལ་དུས་ཚོད་གུ་ཡངས་པོ་ཞིག་ཐོབ་ནས་ཁ་སྐྱག་ལངས་དུ་བཏང་བ་ཡིན་མ་གཏོགས། དམིགས་ཡུལ་གང་ཡང་མེད། ང་ནི་དྲི་མ་མེད་པར་སྨོན་པ་ཙམ་ལས། ཐོག་མེད་ནས་བསག་པའི་སྒྲིབ་གཉིས་ཀྱི་དྲི་མའི་ནང་དུ་རུལ་ནས་བསྡད་ཡོད་མཁན་ཞིག་ཡིན། །ཁྱོད་སྐུ་ཁམས་བཟང་ཞིང་བྱ་བ་ལམ་འགྲོ་ཡོང་བར་སྨོན་ལམ་ཞུ། །
རྫ་ཚེ་རིང་བཀྲ་ཤིས་ལགས་་་དང་་་དྲི་མེད་ལྷག་བསམ་ལགས་་་ལེགས་བཤད་ལགས་བཅས་་་ཁྱེད་རྣམས་ལ་དུས་ཚོད་འདྲ་བྱུང་ན་རྩོམ་འདིར་ངེས་པར་དུ་གཟིགས་པར་མཛོད། ཚན་རིག་པའི་ལྟ་ཚུལ་གྱིས་རྫོགས་ཆེན་གྱི་བྱུང་ཁུངས་སྐོར་ལ་བྲིས་པའི་རྩོམ་ཞིག་རེད་འདུག། http://theyungdrungbon.com/?p=1109#more-1109
དྲི་མེད་ལྷག་བསམ་ལགས་ནས་མཆན་༣༩་པར། དེ་བཞིན་བོན་ཀྱི་མདོ་གཟེར་མིག་ཀྱང་ཕལ་ཆེར་ཞིག་ཀློག་མྱོང་། ཞང་ཞུང་སྙན་བརྒྱུད་རྒྱ་བོད་གཉིས་ཀའི་ཡི་གེ་ཞིབ་མོར་ལན་ཁ་ཤས་མཇལ་མྱོང་་མོད་བོན་པོ་ཡང་ཡིན་བསམ་པ་སྐྱེས་མ་བྱུང། གསུངས་པ་ལ་ང་ཡི་ངོས་ནས་ཁྱེད་བོན་པོ་ཡིན་བསམ་ནའང་འདྲ་མ་བསམ་ནའང་འདྲ་དགའ་སྡུག་གང་ཡང་མེད། དེ་ནི་་བོན་་ཆོས་་གང་ཡིན་ནའང་གཙོ་བོ་་་རང་རྒྱུད་ཀྱི་ཉོན་མོངས་་་འདུལ་བའི་ཐབས་ལ་ཐུགས་པས་གདུལ་བྱ་སོ་སོས་གང་མོས་པ་དེ་དང་དུ་ལེན་རྒྱུ་ལས་སངས་རྒྱས་ཀྱིས་ཀྱང་བཙན་དབང་བྱས་པ་མེད། ཡིན་ན་ཡང་སྐུ་ཉིད་ཕྱག་དཔེ་གང་མཚམས་གཟིགས་མཁན་ཞིག་ཡིན་ཚོད་འདུག་པས་མདོ་གཟེར་མིག་དང་ཞང་ཞུང་སྙན་བརྒྱུད་གཉིས་བཀླགས་པ་ཙམ་གྱིས་བོན་གྱི་རྫོགས་ཆེན་གྱི་དེ་ཉིད་མི་མཐོང་བས་དུས་ཚོད་འདྲ་བྱུང་ན་་བོན་གྱི་་་མ་རྒྱུད་སངས་རྒྱས་རྒྱུད་གསུམ་་་ཞེས་པའི་ཕྱག་དཔེ་དེ་ཡང་ངེས་པར་དུ་གཟིགས་རོགས་གནང། རྒྱུད་གསུམ་ནི་་་གཞི་ཡེ་སངས་རྒྱས་པའི་རྒྱུད་་ལམ་མངོན་སངས་རྒྱས་པའི་རྒྱུད་་་འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་་བཅས་་རྒྱུད་གསུམ་གྱི་དོན་བསྟན་པའི་བདག་ཉིད་ཅན་ཞིག་ཡིན། ཐུགས་འདུན་འདྲ་མཆིས་ན་ཕྱག་དཔེ་དེ་དྲ་རྒྱ་འདིར་འདུག་པས་གཟིགས་པར་མཛོད། རྫ་ཚེ་རིང་བཀྲ་ཤིས་ལགས་སུའང་དེ་བཞིན་ཞུ་རྒྱུ་ཡིན། http://www.himalayabon.com/article/book/books/20110110465.html
བོན་ལགས་ཀྱིས་ཡིག་ཆ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ་་་་མ་རྒྱུད་སངས་རྒྱས་རྒྱུད་གསུམ་་་་དེ་ཞིབ་མཇལ་ཐུབ་མེད། མཁར་རྨེའུ་བསམ་གཏན་བོན་པོ་གཙང་མ་ཞིག་ཡིན་པ་མ་ཟད་ཞིབ་མཇུག་མཁན་གྲགས་ཅན་གྲས་རེད། སྐྱུ་ཁུ་ཟེར་བའི་བོན་པའི་ཞལ་འདོན་ཞིག་དག་འབྲལ་མེད་རེད་འདུག །ནམ་ནོར་ཀྱིས་བསྲེ་བསྲེ་བཏང་བ་དང་མི་འདྲ། ཁོས་ང་ལ་བོན་ཆོས་འགའ་ཡང་མཁོ་སྤྲོད་གནང་མྱོང་།
དྲི་མེད་ལྷག་བསམ་ལགས། མཁར་རྨེའུ་ཡིས་ཞལ་འདོན་འཆང་འདུག་ཟེར་ན་ཁོ་བོས་ཡིད་ཆེས་མ་བྱུང་། དཔེ་ཆ་ཞིག་ཉལ་ཡོད་པའི་དབང་དུ་བཏང་ནའང་དེ་ཁོའི་ཞལ་འདོན་ཡིོན་རྒྱུ་མ་རེད། གང་ཡིན་ཟེར་ན་ཁོ་ཆོས་ལ་གཏན་ནས་ཡིད་ཆེས་མེད་མཁན་ཞིག་རེད། ཉིད་ལ་མཁར་རྨེའུ་ཡིས་བོན་ཆོས་སྤྲད་པའི་གཏམ་དེར་ཡང་ཡིད་ཆེས་ཐབས་བྲལ། མཁར་རྨེའུ་ལ་ཆོས་དད་ཡོད་མེད་ཁོང་དང་འབྲེལ་ཡོད་དང་རྒྱུས་ཡོད་ཀུན་གྱིས་ཤེས། དེར་བརྟེན་མཁར་རྨེའུ་བོན་པོ་མ་རེད་ལ་བན་དྷེ་ཡང་མ་རེད། གལ་སྲིད་ཁོང་ལ་ཆོས་ལུགས་ཤིག་ཡོད་པའི་དབང་དུ་བཏང་ན་དེ་ནི་དངོས་གཙོ་སྨྲ་བའི་ཆོས་ལུགས་དེ་རེད།
མཁར་རྨེའུ་་བོན་གྱི་ཞལ་འདོན་ཞིག་འབྲལ་མེད་ཉར་འདུག་ཟེར་མཁན་ཡང་བོན་པོ་ཞིག་རེད། སྨན་རི་མཁན་པོའི་སློབ་མར་ཁས་འཆེ་བ་དབྱིན་རྗེ་ཡིན་པ་བོད་མིང་ལ་གཡུང་དྲུང་རྒྱལ་བ་ཨེ་ཡིན་བསམ། ངས་སྐྱུ་གུའི་དོན་གང་ཡིན་དྲིས་པས་ཁོས་རྙིང་མའི་ཞི་ཁྲོའི་བཤགས་པ་དང་གཅིག་འདྲ་རེད་ཟེར། མཁར་རྨེའི་སྐྱེས་མ་དབྱིན་རྗེ་་ཡིན་པ་ཧེ་དྷི་དང་། ཁོའི་བུ་འོད་ཟེར་སོགས་ལ་རྒྱུས་ཡོད་་བོན་པོ་གཙང་མ་རེད་ཟེར། ཁོ་རང་གིས་ཀྱང་ཤར་དུང་རིའི་བོན་པོ་གཙང་མ་ཞིག་གི་བརྒྱུད་པར་ཁས་ལེན་བྱས་སོང་། འོན་ཀྱང་ཞིབ་འཇུག་བྱེད་ཚེ་རང་གི་ཆོས་ལུགས་གྱི་ལྟ་བ་མཁྲེགས་འཛིན་བྱེད་མི་རུང་བ་དགེ་རྒན་སྤྱི་ཡི་སྲོལ་རེད། དེ་ཙམ་གྱིས་བོན་པོ་མིན་པར་ཡང་སྒྲུབ་ཨེ་ཐུབ་སྙམ། ང་ལ་བོན་པོའི་ལེགས་བཏངས་རྨང་པོ་ཟེར་བ་ཞིག་སྐོར་བཤད་མྱོང་། བོན་པོ་སྤྱི་ཡི་བཤད་སྟངས་ལ་མཐུན་མིན་གྱི་དོགས་པ་ཕྲན་བུ་བྱུང་། འོན་ཀྱང་རང་ལ་ཁོང་ལས་ལྷག་པའི་ལོ་རྒྱུས་ཁུངས་བཙུན་སྨྲ་རྒྱུ་མེད་པས་རེ་ཞིག་ལགས་སོ་ཙམ་ལས་ཞུ་རྒྱུ་མ་བྱུང་། ཞང་ཞུང་སྙན་བརྒྱུད་ཡི་གེ་སོགས་ཁོས་སྤྲད་པ་ཡིན། དེ་ནས་ཁོས་གྲོགས་པོ་ཞིག་གིས་སྒྲིགས་པའི་རྒྱལ་དབང་ལྔ་བའི་གཏོར་དཔེའི་དེབ་ཡང་་ཐོབ་བྱུང་། གཞན་བོན་པོ་གཙང་མ་ཡིན་མིན་ལ་མནའ་སྐྱེལ་འཇུག་མ་ནུས་ཤིང་དགོས་པ་ཡང་དེ་ཙམ་མེད་པས་ཞུ་རྒྱུ་དབེན། ང་ལ་བོན་པོའི་དཔེ་སྤྲད་ཡོད་མིན་ལ་དོགས་པ་གནོང་དང་ཕྲན་ལ་དགའ་སྡུག་ཅི་ཡང་མེད།
དྲི་མེད་ལྷག་བསམ་ལགས།
བོན་རྒྱུད་གཙང་མ་ཞིག་གི་བརྒྱུད་པ་ཡིན་ན་བོན་པོ་ཡིན་དགོས་བསམ།
དེ་ལྟར་ན་དགོངས་པ་རབ་གསལ་ཡང་བོན་པོ་ཡིན་ནམ།
ཀརྨ་པ་ཡང་བོན་པོ་ཡིན་དགོས་དེ་བཞིན་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡང་བོན་པོ་ཡིན་དགོས་ཁས་ལེན་དགོས་པ་མིན་ནམ།
ཨ་ལགས་ཀུ་རྩེད་ཞུས་ཡིན།
ཁྱེད་ལུང་རིགས་ཀྱིས་ཕྱུག་པ་ཞིག་ཡིན་ཙང་ཞུས་ཡིན།
མཁར་རྨེའུ་སྐྱེས་མ་དབྱིན་ཇི་མ་རེད།
ཕ་རན་སི་རེད།
མ་གཞི་ནས་ཁོང་གི་སྐོར་ང་ལ་རྒྱུས་མངའ་ཅུང་མི་ཉུང་བ་ཞིག་ཡོད།
ད་དེ་རིགས་མི་རྩོད་པར་རྫ་ཚེ་དང་མཉམ་དུ་ལུང་རིགས་བདར་རོགས།
ཁྱེད་ཀྱི་རྩོམ་དེ་ཚོ་ཀློག་བཞིན་ཡོད།
བཀྲ་ཤིས་བདེ་ལེགས།
ལ་སྟོད་བུས་རིགས་པ་བཀོད་པ་ལ་འདོད་ལན་འདེབས་པ་ལས་ཞུ་བྱ་དབེན། ད་ལྟ་རང་གྲོགས་པོ་ཞིག་ལ་སྐད་ཆ་བྱུང་བས། མཁར་རྨེའུ་བསམ་གཏན་བོན་པོ་ལ་ཤ་ཞེན་ཡོད་པ་ཙམ་མ་ཡིན་པར། རྒྱ་གར་སིམ་ལ་བོན་དགོན་དང་པོ་དབུ་འཛུག་སྐབས་ཕྱག་རོགས་ཀྱང་མི་ཉུང་པ་བྱས་ཟེར། དེ་བཞིན་ཁོའི་སློབ་ཕྲུག་མང་པོ་སྨན་རི་སློབ་དཔོན་མདུན་རྫོགས་ཆེན་ཞུ་བར་གཏོང་མྱོང་སྐད། བུ་འོད་ཟེར་གྱིས་ཀྱང་རང་ཉིད་བོན་པོ་ཡིན་པ་གཞིར་བཞག་རེད། བསམ་གཏན་སྐྱེས་མ་མོ་རང་གིས་དབྱིན་ཇི་ཡིན་ཟེར། རང་ལས་ལྷག་པའི་བདེན་པའི་དབང་པོ་ཞིག་འགོད་མི་དགོས་པ་འདྲ། ཁོང་གི་ནང་མིའི་སྐོར་ལ་ཤིན་ཏུ་རྒྱུས་ཡོད་ཅིང་གློ་བ་ཉེ་བ་ཞིག་གིས་མཁར་རྨེའུ་སྐོར་མང་པོ་བཤད་བྱུང་སྟེ། ད་ནི་དུས་ཚོད་བྲེལ་སྒང་ལ་སླེབས་པས་ཞུ་ལོང་མི་འདུག དེ་ཙམ་མཁོ་ཆེ་བ་ཡང་མེད་སྙམ།
དྲི་མེད་ལྷག་བསམ་ལགས། སིམ་ལ་བོན་དགོན་གསར་འདེབས་སྐབས་མཁར་རྨེའུ་བསམ་གཏན་གྱིས་རོགས་རམ་གང་ཡང་བྱས་མྱོང་ཡོད་པ་མ་རེད། རྒྱུ་དངོས་ཀྱི་ཕྱོགས་ནས་བཤད་ཅི་དགོས་ངལ་རྩོལ་གྱིས་ཕྱོགས་ནས་ཀྱང་དེ་འདྲ་རེད། སྐབས་དེར་ཁོ་རང་སློབ་སྦྱོངས་ལ་བྲེལ་བ་ཆེ་བའི་སྐབས་ཡིན་ཞིང་རོགས་ཕན་བྱེད་པའི་རྒྱུ་དངོས་ཀྱང་ཡོད་པ་མ་རེད་ལ་ཡོད་ཀྱང་གཏོང་ཐུབ་མཁན་དེ་འདྲ་མ་རེད། ཁྱོད་རང་ཁོང་ལ་ཆ་རྒྱུས་ཅུང་ཙམ་ཡོད་ན་ཕྱག་དམ་པོ་ག་ཚོད་ཡོད་མེད་ཀྱང་གསལ་པོར་ཤེས་ངེས་རེད། ཁྱེད་ལ་མཁར་རྨེའུ་ཡིས་དཔེ་དེབ་སྤྲད་ཡོད་མེད་ལ་དོགས་པ་ཟོས་པ་དེས་ཁྱོད་ལ་དགའ་སྡུག་མེད་པ་བདེན་ངེས། འོན་ཀྱང་རྫུན་ལ་བྲེད་ཤ་དང་བག་ཅུང་ཙམ་ཡོད་མཁན་ཞིག་ཡིན་ན་འདི་འདྲའི་གཏམ་ཞིག་སྨྲ་བ་ཅི་ལ་བྱེད། མཁར་རྨེའུ་བོན་པོ་ཡིན་པའི་སྒྲུབ་བྱེད་དུ་ཁོང་བོན་པོའི་རྒྱུད་པ་ཡིན་པ་དང་། ཁོང་གི་བུ་འོད་ཟེར་བོན་པོ་ཡིན་པ། ཁོའི་སློབ་བུ་མང་པོ་ཞིག་བོན་པོའི་དཔེ་ཆ་སྦྱོང་བར་བཏང་བ་སོགས་བཀོད་པ་སོགས་ལ་ལན་འདེབས་ཐབས་མ་བྱུང་ཞིང་། འདི་འདྲའི་སྒྲུབ་བྱེད་བཙན་པོ་ཞིག་ལ་རྒོལ་བའི་སྙིང་ཁམས་ཀྱང་ག་ནས་རྙེད་དེ་རྙེད་པར་མ་གྱུར་ཏོ།
དྲི་མེད་ལྷག་བསམ་ལགས། མཁར་རྨེའུ་བསམ་གཏན་གྱིོས་སིམ་ལ་བོན་པོའི་དགོན་པ་གསར་འཛུགས་སྐབས་རོགས་ཕན་མང་པོ་བྱས་པའི་སྒྲུང་དེ་ཁྱོད་ལ་སྨྲ་མཁན་དེ་༼ཁོང་གི་ནང་མིའི་སྐོར་ལ་ཤིན་ཏུ་རྒྱུས་ཡོད་ཅིང་གློ་བ་ཉེ་བ་ཞིག་གིས་མཁར་རྨེའུ་སྐོར་མང་པོ་བཤད་༽མཁན་དེས་བཤད་པ་རེད་དམ། སིམ་ལ་བོན་པོའི་དགོན་པ་གསར་འདེབས་སྐབས་སུ་མཁར་རྨེའུ་ཡིས་སློབ་གྲྭ་འགྲིམ་བཞིན་པའི་སྐབས་རེད། སྐབས་དེར་ཁོས་རྒྱུ་དངོས་ཀྱི་ཕྱོགས་ནས་ཕན་བཏགས་མེད་ལ་ཕན་འདོགས་བྱེད་ཀྱང་ཡོད་མེད་བཤད་ཁག་པོ་རེད། གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་ཁོ་རྒྱུ་དངོས་ཀྱི་ཕྱོགས་ལ་ལག་པ་དམ་པོ་ག་ཚོད་ཡོད་པ་ཁོང་ལ་ཆ་རྒྱུས་ཅུང་ཙམ་ཡོད་པ་ཀུན་གྱིས་ཤེས། ངལ་རྩོལ་གྱི་ཕྱོགས་ནས་ཕན་འདོགས་མྱོང་མེད་པ་ནི་ས་རིས་ཐང་གསལ་རེད། ཁྱོད་ལ་མཁར་རྨེའུ་ཡིས་དེབ་སྤྲད་ཡོད་མེད་ལ་དོགས་པ་ཟ་བར་ཁོ་བོ་དགའ་བ་ག་ནས་ཡིན་ཏེ་དོན་མེད་ཀྱི་རྫུན་སྨྲས་པ་ཡིད་གར་མ་སོང་བས་ཡིན། ཁྱོད་ཀྱི་མཆན་གོང་མ་ལས་མཁར་རྨེའུ་དང་ཁྱོད་གཉིས་ཀྱི་འབྲེལ་བ་དེ་དངོས་འབྲེལ་ཡིན་ཚུལ་བཤད་འདུག་མོད། མཆན་ཕྱི་མ་དེར་བརྒྱུད་འབྲེལ་ཡིན་ཚུལ་ཡང་ཤུགས་ཀྱིས་བསྟན་འདུག
ཨ་ལ། རྨུ་ཐག་ལ་ང་ལས་རྒྱུས་ཆེན་པོ་ཡོད་འདུག བོན་པོ་ནང་འཁྲུག་གི་གསེབ་ཏུ་ང་འཇུག་དོན་མེད། མཁར་རྨེའུ་ལག་དམ་པས་ཁྱོད་ལ་རོགས་པ་མ་བྱས་པའི་ལོ་རྒྱུས་ཡོད་ནའང་དེ་རང་ལ་རྩོད་པ་གྱིས། ཁོ་གནའ་དེང་གི་རིག་པའི་གཞུང་ལུགས་ལ་ཞིབ་འཇུག་མཁན་ཡག་པོ་ཞིག་ཡིན་པ་དངོས་ཡོད་རེད། བསམ་གཏན་དང་ངེད་གཉིས་ལ་དངོས་བརྒྱུད་གཉིས་ཀའི་འབྲེལ་བ་ཡོད། ཧ་ཅང་འདྲིས་པོ་མེད་པ་བདེན་པ་ཡིན། དེ་ལ་བདེན་པའི་དཀར་འདོན་བྱ་དགོས་དོན་མེད། སིམ་ལ་དགོན་པར་དངོས་བརྒྱུད་ཀྱིས་རོགས་སྐྱོར་གང་ཡང་མ་བྱས་པའི་་མནའ་སྐྱེལ་རྒྱུ་ཁྱོད་ལ་ཡང་ཨེ་ཡོད་ན། ཁོ་སློབ་སྤྱོང་བ་ཞིག་ཡིན་པས་དཔལ་འབྱོར་ཆེན་པོ་མེད་པ་བདེན་སྲིད། བོན་ཀྱི་རྨུ་ཐག་རིང་མོ་བསམ་གཏན་དང་འབྲེལ་བ་མེད་པ་གྱིས། །ང་རྫུན་སྐྱལ་ཞིག་ཡིན་པས་ཡིད་ཆེས་གནང་མི་དགོས། གང་རེད་ཅེ་ན་རྙིང་བོན་གཉིས་ཀའི་ལོ་རྒྱུས་རྫུན་མ་ལ་བལྟ་རྒྱུ་མང་དྲག་པས་སོ། །
དྲི་མེད་ལྷག་བསམ་ལ་བཅོས་མིན་གྱི་གུས་འདུད་བཅས་དུས་ཚོད་ཅུང་ཟད་ཐོབ་པའི་སྐབས་དང་བསྟུན་ནས་མཆན༩༧པར་ལན་མདོར་བསྡུས་ཤིག་ཞུ་ན། སྐུ་ཉིད་ཀྱིས་ཧ་ཤང་ལ་སྡོམ་བྱེད་གསུངས་པ་ལ་ང་ཧ་ཤང་གི་ཁྲིམས་རྩོད་བྱེད་ལ་ཁད་པ་ཞིག་གི་ངོས་ནས་ངེས་པར་དོ་སྣང་ཆེན་པོས་ལྟ་ངེས་མོད། ཁྱེད་ཀྱི་སྡོམ་བྱེད་པའི་སྔོན་དུ་གཞན་གྲགས་ཀྱི་གཏན་ཚིགས་སུ་འགྱུར་བའི་རེ་བས་སྦ་བཞེད་ཀྱི་མགོ་ལ་རྙིང་མའི་སློབ་དཔོན་ཞེས་སྦྱར་ནས་ཅུང་སྦམ་པོས་དྲངས་གནང་ན་ཡང་། སྦ་བཞེད་ནི་སྦ་བཞེད་དེ། ལར་སྦ་བཞེད་ལ་སྔ་ཕྱི་དང་ཕྱིས་གསར་བཅུག་དང་དེ་བཞིན་ཕྱོགས་ལྷུང་ཡང་མང་པོ་འདྲེ་བའི་དོགས་པ་ཡོད་དེ། དེར་གུ་རུ་རིན་པོ་ཆེའི་བོད་དུ་བཞུགས་པའི་དུས་ཡུན་སོགས་ལ་རྩོད་ཉོག་ཅི་ཡོད་དང་། ད་དུང་ཐང་ཡིག་ལས། སྦ་བཞེད་འདི་དག་གསང་སྔགས་ལ་མི་མོསཿ ཞེས་སོགས་ཀྱི་སྐབས་ནས་སྐབས་དེའི་མདོ་སྔགས་ཀྱི་ཁ་འཛིན་པའི་བར་ལ་རྙོག་ཁྲ་མང་པོ་ཞིག་རིམ་གྱིས་བྱུང་བ་རྟོགས་ནུས་ཤིང་། བཻ་རོ་དང་ནམ་སྙིང་སོགས་སྔ་རྗེས་མཐའ་ལ་སྤྱུགས་པ་སོགས་ཀྱི་སྐོར་ལས་ཀྱང་དེ་བས་མང་པའི་དོགས་སློང་གི་ས་བོན་མང་པོ་བསྐྱེད་ཀྱི་ཡོད་པ་དང་། མདོར་ན་དུས་ཀྱི་ཆ་ནས་སྦ་བཞེད་ལ་གཞི་རྩའི་རིན་ཐང་ཆེན་པོ་ཡོད་ཀྱང་ངོ་བོའི་ཆ་ནས་རྙོག་ཁྲ་ཆེ་བའི་རྒྱབ་ལྗོངས་མེད་མི་སྲིད་པ་ཡང་ཡིན། ལར་སྦ་བཞེད་དང་ཏུན་ཧོང་སོགས་འཆད་སྐབས་ཀྱང་སྤྱིའི་ཆ་ནས་སྔ་ཙམ་ཡོད་པས་རིན་ཐང་ཆེ་ན་ཡང་ངོ་བོའི་ཆ་ནས་སྐབས་དེ་དུས་ཀྱི་མིའི་གནས་ཚུལ་དངོས་རྟོགས་པའི་ཆ་རྐྱེན་དེ་ད་ལྟ་ལས་ལྡབ་མང་པོས་དམའ་བ་དང་། ཡུལ་དང་རྣམ་པས་བར་དུ་ཆོད་པའི་དོན་དངོས་ལ་དུས་ཚོད་གཅིག་གི་ཐོག་ནས་ཀྱང་སོ་སོའི་ཞེ་འདོད་དང་མཐུན་པའི་བཤད་སྟངས་ཧ་ཅང་མང་པོ་བཟོ་བ་དང་། ཁ་ཅིག་གིས་གནས་ཚུལ་དངོས་མི་རྟོགས་པ་དང་། ཁ་ཅིག་གིས་བསམ་བཞིན་གཞན་དུ་བརྗོད་པ་སོགས་ཡོད་ངེས་པ་སོགས་རྒྱུན་དུ་དྲན་དགོས་སོ།།
དེ་བཞིན་བསམ་གཏན་ཉལ་ཆོག་གི་འཁོར་ལོ་སོགས་སུ་མདོ་ལུང་བརྒྱད་ཅུ་དྲངས་པ་ནི་མི་ཕམ་པས་རབ་གསལ་ལ་དྲངས་པའི་དབུ་མ་ཆེན་པོ་སྤྲོས་བྲས་ཡིད་ལ་མི་བྱེད་པ་གནས་ལུགས་མཐར་ཐུག་ཏུ་སྒྲུབ་པའི་ཁུངས་སུ་དྲངས་པ་དང་འདྲ། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་ཞི་ལྷག་གི་སྐོར་ནས་དང་པོ་ལུང་ཙམ་སྐྱབས་སུ་འཛིན་པའི་ངང་ཚུལ་ངོ་བོ་ཉིད་ནས་མི་མངའ་ཞེས་ཡིད་ལ་མི་བྱེད་པའི་ལུང་གསལ་ལ་མང་པ་དེ་དག་གཅིག་ཀྱང་ཞལ་གྱིས་མི་བཞེས། དེ་ནས་ལྷག་མཐོང་གི་ངོ་བོ་འཛིན་པ་དང་བཅས་པ་ཡིན་དགོས་པར་ནན་བཤད་གནང་ནས་མཐར་ཁོང་གིས་འདི་ནི་ཤིང་རྟ་ཆེན་པོའི་ཞི་ལྷག་གི་འཆད་སྟངས་མཐར་ཐུག་ཡིན་གསུངས་ཏེ། མདོ་དང་བྱམས་ཆོས་ཀྱི་ལུང་ཚིག་ཁོ་ནར་མཐར་གཏུགས་ནས་འཛིན་པ་ཡོད་པར་སྒྲུབ་ཡོད། ཞེ་ས་མ་ཞུས་ན་མཁས་པ་དག་གིས་ཀྱང་རང་ཐོག་ཏུ་བབ་དུས་གཞན་ཐོག་གི་ཁ་ཕོ་དེ་བརྗེད་པ་ལྟར་གནང་གིན་ཡོད། འཆད་སྟངས་དེ་ནི་ཚིག་ཟིན་ལ་ཀ་ཤིའི་སོ་སོར་རྟོག་པའི་ཤེས་རབ་མེད་པར་ཡིད་ལ་བྱ་བ་མེད་པ་དང་དྲན་པ་མེད་པ་བྱ་མི་ནུས་ཞེས་སོགས་ང་གཉིས་ཀས་གོང་དུ་དྲངས་པའི་བསྒོམ་རིམ་བར་ཐའི་ལུང་དག་དང་ཡང་མཐུན་པར་མ་ངེས། ༼མིག་སྒྲོན་གནུབ་ཀྱིས་ཡིན་ལ་དེའི་རང་འགྲེལ་དུ་ཡང་ཧ་ཤང་གི་སྐོར་ངའི་བསམ་ཚུལ་ལ་ཉེ་ཙམ་ཡོད་སྙམ་ཏེ་ཞིབ་པར་མི་དྲན། ཁྱེད་ཀྱིས་གསུང་བཞིན་པ་དེ་ཉལ་ཆོག་འཁོར་ལོ་མིན་ནམ་སྙམ།༽
དེ་བཞིན་མཁས་གྲུབ་པས་ལུང་རིགས་རྒྱ་ཕྲག་གིས་མིན་པ་སྒྲུབ་ནས་མིན་པ་ཆགས་འགྲོ་བ་ཡང་ཅུང་མ་ངེས་ཏེ། ས་པན་གྱིས་ལུང་རིགས་རྒྱ་ཕྲག་གིས་དགོངས་གཅིག་དགག་པ་དང་། མགོས་དང་དཔལ་འཛིན་གྱིས་ལུང་རིགས་བརྒྱ་ཕྲག་གིས་རྙིང་མ་དགག་པ། རེད་མདའ་བས་ལུང་རིགས་རྒྱ་ཕྲག་གིས་དུས་འཁོར་དགག་པ་དང་། གོ་ཤག་གིས་ལུང་རིག་རྒྱ་ཕྲག་གིས་རྗེ་དགག་པ་ལྟ་བུ་སྟེ། འདི་དག་ཀྱང་མཁས་པ་རྣམས་ཀྱིས་ཡོངས་གཅོད་སྒྲུབ་པ་དང་རྣམ་གཅོད་དགག་པ་ཤུགས་ཆེ་བའི་འཆད་སྟངས་སུ་བཟུང་ནས་དོན་གྱི་གནད་ལ་མི་འགལ་བའི་མཐུན་ལམ་འཚོལ་གྱི་ཡོད་ན་ཧ་ཤང་ལ་ཡང་བགོ་སྐལ་ཅུང་ཟད་རེ་ཐོབ་རྒྱུ་ལོས་ཡོད་སྙམ། དྲ་གྲོགས་རྣམས་པས་དོསྣང་ཆེན་པོའི་མཉམ་ཞུགས་དང་དོ་སྣང་གནང་བར་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱི་གསུང་སྟངས་ལ་བལྟས་ན་ཧ་ཤང་གི་ལྷམ་ཡ་གཅིག་ལུས་པའི་རྟེན་འབྲེལ་དེ་ཁྱོད་ལ་བབ་པ་འདྲ་བས་དེ་ཡིན་ན་ངེས་ཤེས་སྒྲོན་མའི་ནང་དུ། གཉིས་པ་དྲན་མེད་ཧ་ཤང་ལུགས༎དང་། མཚོ་གཏིང་རྡོ་བཞིན་ཐ་མལ་གནས། ཞེས་པ་སོགས་ག་འདྲ་འགྲེལ་གྱི་ཡིན།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཧ་ཤང་ལ་ཡང་བགོ་སྐལ་ཅུང་ཟད་རེ་ཐོབ་རྒྱུ་ལོས་ཡོད་སྙམ་གསུངས་པ་ནི། རྩ་བ་དེ་ཀློང་ཆེན་པ་ལ་ཐུག་ཡོད་པ་འདྲ། ཡིན་ནའང་ཀློང་ཆེན་པས་ཧ་ཤང་གི་ལྟ་གྲུབ་ལ་སློབ་གཉེར་ཇི་ལྟར་གནང་བ་ཡིན་ནམ། ཡང་ན་ཀློང་ཆེན་པས་ཧ་ཤང་གི་སློབ་དཔོན་སུ་འདྲ་ཞིག་དང་མཇལ་འཕྲད་ཞུས་པ་ཡིན་ནམ། ད་དུང་བོད་ཡུལ་དུ་བོད་ཡིག་ཐོག་ཧ་ཤང་གི་ལྟ་གྲུབ་ཆ་ཚང་བ་ཞིག་ཁོང་ལ་བཀླགས་རྒྱུ་རགས་ཡོད་དམ།
བསྔགས་འོས་ཀྱི་རྫ་ཚེ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། དུས་ཚོད་ཕྲན་བུ་རེ་བྱུང་ཚེ་ཁ་ནས་བྱུང་རྒྱལ་ཀྱི་སྐད་ཆ་རེ་བཤད། རྒུན་ཆང་ཕོར་བ་གང་རེ་འཐུང་ནས་བསྡད་ན་ཤྀན་ཏུ་སྐྱིད་པོ་ཞིག་རེད། ང་ལྟ་བུའི་སྲིད་གཞུང་གི་སྐུབ་སྟེགས་མེད་ཅིང་གོ་གནས་ཀྱི་རྒྱ་ཡིས་མ་བསྡམ་ཚོའི་འཚོ་བ་རོལ་ཚུལ་རེད། སློབ་གྲྭ་ཡང་མཐར་ཕྱིན་དང་མ་ཕྱིན་གྱི་རེ་བ་ཆེན་པོ་མི་འདུག འདི་ངའི་འཚོ་བའི་ཆ་ཤས་ཡིན། ལགས་ཉིད་ཀྱིས། ཐང་ཡིག་ལུང་འདྲེན་བྱས་འདུག དེ་ལྟར་འདོད་པ་ཡིན་ན་མཁན་སློབ་ལ་ནང་འགལ་བྱུང་བ་ཁས་ལེན་དགོས། ད་ལྟ་ཕྱི་གླིང་ལ་ཆོས་སྤེལ་མཁན་ཚོ་ལྟར་སྙེད་བཀུར་ཀྱི་ཆེད་དུ་རྩོད་པ་ཨེ་ཡིན་ནམ། མཁན་པོའི་རྗེས་འབྲངས་སྦ་གསལ་སྣང་སོགས་དགེ་སློང་རྣམས་དང་། སློབ་དཔོན་པདྨའི་རྗེས་འབྲངས་གནུབས་ཆེན་སོགས་སྔགས་པ་རྣམས་ཀྱི་བར་ཏུ་རྩོད་པ་བྱུང་བ་ཡིན་ནམ། ཐང་ཡིག་ལས། བོ་དྷི་ས་ཏྭ་སྦ་ལོ་ཁྲི་གཤེར་དང་༔ སྦ་ལོ་ཡེ་ཤེས་དབང་པོ་སྦ་རཏྣ༔ སྦ་མི་ཡེ་ཤེས་དབག་པོ་སྦ་ཐིར་ལེནཿ ལོ་པཎ་མཆན་བུ་རྣམས་ཀྱིས་བསྒྱུར་བ་ལ༔ འདུལ་བ་ལུང་གཞི་དང་ནི་ལུང་རྣམས་འབྱེདཿ སོགས་འདུལ་བའི་སྐོར་བསྒྱུར་བར་གསུངས་པས། སྦ་རིགས་མང་ཆེ་བ་མཁན་པོའི་སློབ་མ་ཡིན་པར་ཤེས། སྦ་བྱེད་འདི་དག་གསང་སྔགས་ལ་མི་མོས༔ སློབ་དཔོན་པདྨའི་སྐུ་ལ་སྐྱོན་མང་བརྗོད༔ སྦ་བེད་དྲིལ་བའི་ཚིག་འཁྱམས་མང་དུ་བརྩམསཿ འདུལ་བ་མིན་པ་གཞན་ལ་དག་མི་སྟེརཿ ཟེར་བ་ཨོ་རྒྱན་གླིང་པའི་བཀའ་ཐང་གཅིག་པོའི་བཞེད་པ་རེད། བཀའ་ཐང་གི་རྩོམ་སྟངས་ནང་དོན་གང་གི་ཆ་ནས་ཀྱང་བོད་ཀྱི་རིག་གཞུང་རྙིང་པའི་བྲོ་བ་ཡོད་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་རྨད་དུ་བྱུང་བ་ཞིག་ཡིན་པ་སྨྲོས་མ་དགོས་ཀྱང་། ཡི་གེ་མ་དག་པ་སོགས་བསྲེ་སླད་ཡོད་པ། རྒྱལ་དབང་ལྔ་བ། སོག་བཟློག་པ། གུ་བཀྲ་སོགས་ཀྱིས་བཞེད་ལ་རྙིང་མ་ཕལ་ཆེ་བས་ཡང་དེ་ལྟར་འདོད་པ་རེད་སྙམ། །ཐང་ཡིག་ཏུ། སྦ་བྱེད། སྦ་བཞེད། སྦ་ཕྱེད་སོག་འབྲི་སྟངས་གསུམ་འདུག སྦ་རིགས་ལ་གུ་རུའི་སློབ་མ་ཡང་ཡོད་དེ། རྗེ་འབངས་ཉེར་ལྔའི་ཡ་གྱལ། སྦ་མི་ཡེ་ཤེས་དབྱངས་ཞེས་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་འདུག དེས་ན་སྦ་ལ་རྣམས་ཞེས་པའི་་སྒྲ་སྦྱར་བ་ལ་ཡང་དཔྱད་དགོས། སྦ་བཞེད་དུ་གུ་རུ་བོད་དུ་བཞུགས་པའི་དུས་ཚོད་སོགས་ཐང་ཡིག་དང་མི་མཐུན་པ་ལས། གསང་སྔགས་དང་གུ་རུ་ལ་སྐྱོན་བརྗོད་མེད་ཅེས་བཤད་ཀྱ་ཆོག དེས་ན་ཧྭ་ཤངས་ཕྱོགས་འཛིན་རྣམས་ཀྱིས་སྦ་རིགས་ལ་སྨོད་པའི་ཚིག་ཏུ་འགྲེལ་ནའངམི་རུང་པ་མེད་པས་སོ། །དེ་རིང་དུས་ཚོད་དེ་ཙམ་ལས་བྱུང་མ་སོང་། སྐུ་ཚེ་རིང་། །
ཧ་ཤང་གི་གསུང་ལ་བསམ་གཏན་ཉལ་ཆོག་གི་འཁོར་ལོ་དང་། ལྟ་བའི་རྒྱབ་ཤ་ཀྱི་ལུན་དང་ཡང་ལུན་གཉིས་ཡོད་པ་དང་། ད་དུང་མདོ་སྡེ་བརྒྱད་ཅུ་ཁུངས་ཞེས་པ་དེ་དེ་གསུམ་ལས་གཞན་ཡིན་པ་རབ་གསལ་བརྒལ་ལན་དུ་གསལ།
སྤོབས་པའི་དོགས་སློང་ནི་ང་རང་གིས་དང་པོ་ཧ་ཤང་གི་སྐོར་མགོ་རྙོག་པོ་ཡོད་པ་བཤད་སྐབས་ཀྱི་མཆན་༥༣པར་འཇམ་མགོན་མི་ཕམ་གྱི་མཚན་དངོས་སུ་སྨོས་པའི་སྒོ་ནས་དོགས་པ་བསླངས་ཡོད་པ་དེར་གཟིགས།
ལར་ང་སྒེར་ལ་འཆད་སྟངས་གང་ཡོད་གནས་སྐབས་ཞུ་རྒྱུ་མིན་ན་ཡང་སྤྱིའི་ཆ་ནས་ཧ་ཤང་ལ་བསྐྱར་ཞིབ་ཅིག་ངེས་པར་དགོས་པར་འདོད་དོ།།
རྫ་ཚེ་བཀྲ་ལགས་ནི་མཁས་པ་ཞིག་རེད། སྙིགས་དུས་སུ་ལོ་གཞོན་པའི་ནང་དུ་འདི་འདྲའི་ལྟ་རྒྱ་ཐོས་རྒྱ་ཆེ་བའི་མཁས་པ་རེ་ཡོད་པ་ངོ་མ་དགའ་བའི་གནས་ཤིག་རེད། བུ་རྒོད་པོ་ཡོན་ཏན་བེད་སྤྱོད་གཏོང་ས་མ་ནོར། ང་ནི་ཆུང་དུས་ནས་ཤེས་རབ་ཆུང་ཆུང་ཞིག་ལས་མེད་ལ་དེ་ཡང་འཆལ་སོང་བས་ད་ནི་ན་རྒས་རྫི་ལྡིབ་ཀྱི་དབང་དུ་སོང་སྟེ་ཁྱེད་རྣམ་པས་བྲིས་པ་དག་གི་དོན་གོ་བ་ཕར་ཟད་མགོ་ནས་མཇུག་བར་ཡག་པོ་ཞིག་ཀློག་ཀྱང་ཐུབ་ཀྱི་མི་འདུག
རྙིང་མའི་ཐེག་པ་རིམ་དགུ་དང་བོན་པོའི་ཐེག་པ་རིམ་དགུ་འདྲ་བ་ཡོད་ཤས་ཆེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང།།ལྔ་པ་ཐུབ་པའི་དགོངས་པ་མིན།།ཞེས་གསུངས་པ་ལྟར་ཉན་ཐོས་དང་རང་རྒྱལ། ཐེག་ཆེན་གྱི་ཐེག་པ་གསུམ་ལས་ལོགས་སུ་ཐེག་པ་ཞིག་མེད་པར་གསུངས་ན། རྫོགས་པ་ཆེན་པོ་ནི་ཐེག་པ་ཆེན་པོར་འདུ་དགོས་པ་ཇི་ལྟར་ཡིན་ནམ།
བོན་པོའི་གཞུང་ལས་དམ་པ་ཏོག་དཀར་སྟོན་པ་གཤེན་རབ་ཀྱི་ཐུགས་སྲས་ཡིན་པར་གསུངས་པ་ལྟར་ན་སྟོན་པ་གཤེན་རབ་འཇིག་རྟེན་དུ་བྱོན་ནས་བོད་དང་རྒྱ་ནག རྒྱ་གར། ཏ་ཟིག་གི་ཡུལ་མང་པོར་བོན་གྱི་མཛད་པ་བཅུ་གཉིས་དང་ཐེག་པ་རིམ་པ་དགུ་ལ་སོགས་པ་གསུངས་ཏེ་འགྲོ་བ་རྣམས་གཡུང་དྲུང་གི་ལམ་ལ་བཀོད་པ་ཡོངས་གྲགས་ཡིན་ཀྱང། འཛམ་གླིང་རྒྱས་བཤད་དུ་སྟོན་པ་གཤེན་རབ་འཁྲུངས་ཡུལ་རྒྱ་གར་ཡིན་པར་བཤད་ཅིང། ཐུའུ་བཀན་གྲུབ་མཐའ་སོགས་ན་མངའ་རིས་འོལ་མོ་ལུང་རིང་དུ་བཤད།
ཧ་ཧ་ཧ། དྲི་མེད་ལགས། ད་མནའ་སྐྱེལ་རྒྱུ་ངའི་ཐོག་ཏུ་གཡུག་རྒྱུ་ཡིན་ནམ། ཡ་ད་ཆོག་གི་དེ་མི་བཤད། མི་དགོས་སར་ཆོ་མེད་པའི་བཙོག་སྐད་བསྲེ་སྟངས་ལ་བལྟས་ན་བོན་པོའི་ནང་འཁྲུགས་ཟེར་བ་འདི་ལ་ཁྱོད་ཅུང་མོས་པ་ཆེ་ཙམ་ཡོད་པ་འདྲ། འོན་ཀྱང་མཁར་རྨེའུ་བོན་པོ་མ་ཡིན་པའི་རྒྱུ་མཚན་ངས་གོང་དུ་བཤད་ཟིན་པའང་ཉིད་ཀྱི་ཐུགས་ལ་འཇག་པར་ཞུ། ད་སྐད་ཆ་དེ་རིགས་མི་བཤད། བཤད་ནས་ཀྱང་ཚར་རྒྱུ་མི་འདུག དེ་བས་རྣམ་པ་ཚོས་གཞུང་ལུགས་ཀྱི་སྐོར་ལ་བགྲོ་བ་གང་ལེགས་འགྲོ་བཞིན་པ་འདིར་རྗེས་སུ་ཡི་རངས་ཞུ། ལྷག་པར་ཏུ་ཧ་ཤང་དང་དེའི་ལྟ་བའི་སྐོར་དེ་རེད། མཁས་པ་རྒན་པ་འགའ་རེས་༼ཧ་ཤང་གི་ལྟ་བ་དེ་རྫོགས་ཆེན་གྱི་ལྟ་བ་ཡང་དག་པ་ཡིན་མོད། འོན་ཀྱང་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཧ་ཅང་གི་ལྟ་བ་ལ་སྒྲོ་སྣ་ཚོགས་བཏགས་ཏེ་ཧ་ཤང་བོད་དུ་རྐང་པ་སྤོ་ས་མེད་པ་བྱས་པ་རེད་༽ཟེར་བའང་ཐོས།
ཁྱེད་ཀྱི་མཆན་ང་གསུམ་པ་དེར་བལྟས་པ་ཡིན། ཡིན་ན་ཡང་དེར་མི་ཕམ་ཀྱིས་སྐྱོན་བརྗོད་དེ་ཧ་ཤང་ལ་མི་འབབ་ཚུལ་ལམ་ཡང་ན་མི་ཕམ་གྱིས་དགོས་དབང་གཞན་ཞིག་གིས་དེ་ལྟར་བརྗོད་དགོས་བྱུང་བ་གང་རུང་ཞིག་བརྗོད་དགོས་མོད་གང་ཡང་བརྗོད་མི་འདུག དེང་སང་རྙིང་མའི་རྫོགས་ཆེན་གྱི་ཁྲིད་རྒྱུན་དེ་ནི་ཧ་ཤང་ལ་འབྲེལ་བ་གང་ཡང་མེད་ཐག་ཆོད་རེད། སྤྱིར་ན་ཀློང་ཆེན་པའི་གསུང་དེ་ཚོར་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་གི་ཤན་ཞུགས་ཡོད་པ་རེད། དེ་ཡང་ཕར་གཏུག་ན་ས་ར་ཧའི་དོ་ཧ་སོགས་ཀྱི་ཤན་ཆེན་པོ་ཞུགས་འདུག མི་ཕམ་གྱི་རྫོགས་ཆེན་སྐོར་ལ་ལྷག་མཐོང་གི་སྐོར་རྩལ་དུ་བཏོན་པ་ཤུགས་ཆེ། དེ་ཡང་ཁུངས་གཏུག་ན་ཀ་མ་ལ་ཤི་ལའི་སྒོམ་རིམ་སོགས་ལ་ཐུག་གི་ཡོད་པ་འདྲ། མི་ཕམ་པ་དགེ་ལུགས་པ་དང་འབྲེལ་འདྲིས་ཆེ་སྟབས་དགེ་ལྡན་པའི་སྔུན་ནས་ཐར་དགོས་ཐུབ་དགོས་རྒྱུ་དེ་རྩ་དོན་རིམ་པ་དང་པོར་བརྩིས་པ་རེད་སྙམ། སྤྲོས་བྲལ་གྱི་སྒོམ་སྟངས་གཏན་ལ་འབེབས་སྐབས་ཀྱི་ཚིག་ཕྲེང་ཁ་ཤས་རེ་དུམ་ཆོད་བྱས་ནས་ཅི་ཡང་ཡིད་ལ་མི་བྱ་བ་ཟེར་བའི་ཚིག་ཙམ་ཁྱེར་ཡོང་ནས་ཧ་ཤང་དང་གི་རྐེར་སྦྲེལ་ན་གཤིན་རྗེ་ཆོས་རྒྱལ་ལ་མ་ཐུག་བར་དུ་ང་ཚོས་གང་བྱེད་ནུས་པ་མི་འདུག དགོངས་དག
ཧ་ཤང་གི་ལྟ་བའི་རྗེས་འབྲངས་པ་ཧ་ཤང་བ་འཛམ་གླིང་ནང་ལ་ཡོད་ཡོད་པ་རེད། དེ་ལ་ང་ཚོས་ཐུགས་འཁུར་ཆེ་མདོག་བྱེད་དགོས་དོན་མེད། དེང་སང་རྒྱ་ནག་གི་ཅང་བྷུ་དྷིསཊ་དང་། རི་པིན་སོགས་ནང་ལ་ཛེནབྷུ་དྷིསཊ་སོགས་ཀྱི་ནང་ལ་འཐིམས་ནས་ཡོད་རེད་སྙམ། རྙིང་བོན་ལྟ་བའི་སྐོར་ལ་འདིར་ལག་པ་འཆང་འདོད་མེད་ལགས། དགེའོ། །
དེང་སང་རྙིང་མ་པ་མང་པོ་ཞིག་གིས་རྫོགས་པ་ཆེན་པོའི་གཞུང་ལུགས་ལ་དབུ་མ་པའི་ཁ་རྣ་མང་པོ་བཏགས་ཏེ་འཆད་ཀྱིན་པའང་འདུག་ཅིང་། ལྟ་བའི་ཆ་ནས་དབུ་མ་པའི་ལྟ་བ་དེ་ལྟ་བ་མཐར་ཐུག་ཏུ་བཤད་ཏེ། རྫོགས་པ་ཆེན་པོའི་རང་གཞུང་གི་ ཟད་པ་དང་ཤོར་བ། ཕྱར་བ་དང་ཆད་པ་སོགས་སྐྱོན་རྣམས་སྣང་མེད་དུ་འཇོག་པར་འདུག ཁོང་ཅག་ལ་དགེ་ལུགས་པའ་ཤུགས་རྐྱེན་ཆེན་པོ་ཐེབ་པའང་འདྲ་སྟེ། རྫོགས་ཆེན་འཆད་འཁྲིད་བྱེད་མཁན་གྱི་དགེ་ལུགས་པའི་བླ་མ་གྲགས་ཅན་མང་ཆེ་བས་སྔགས་དང་རྫོགས་ཆེན་གྱི་ལྟ་བ་དབུ་མ་པའི་ལྟ་བའི་ཁོངས་སུ་བསྡུ་བར་བྱེད་ཅིང་། བུ་མ་པའི་ལུགས་ཀྱི་ལུང་སྣ་ཚོགས་དྲངས་ནས་དེར་ཡིན་ལུགས་རྒྱབ་དཔུང་བྱེད་ཀྱིན་འདུག
ཧ་ཤང་གི་ཅི་ཡང་ཡིད་ལ་མི་བྱེད་པའི་ལུགས་འདིར་རྫོགས་པ་ཆེན་པོའི་ལུགས་ཀྱི་སེམས་ངོགས་ལུགས་དང་ཤིན་ཏུ་འདྲ་བ་ཞིག་ཀྱང་འདུག་སྟེ། ཞིབ་མོར་འཆད་པ་ལ་ནི་ཧ་ཤང་གི་ལུགས་དེར་རྒྱུས་མངའ་མེད་པས་མ་སྤོབས། རྣམ་པ་ཚོས་དེའི་ཐད་ལ་ད་དུང་ཞིབ་གསལ་གྱི་བཀའ་མཆིད་གནང་བར་རེ།
ཚིག་ཙམ་མཚུངས་པ་འདི་དག་ཀྱང་། །
དོན་ལ་མི་མཚུངས་གནམ་ས་བཞིན། །
༡༽རྫ་ཚེ་རིང་ལགས་ཀྱིས་ཧྭ་ཤང་གི་ཆེད་དུ་ཁྲིམས་རྩོད་གནང་ཚེ་རྒྱབ་སྐྱོར་བྱེད་མཁན་རྙིང་མའི་གནུབས་ཆེན་དང་ཀཿཐོག་རིག་འདིན་ཆེན་པོ་ཡིན་རྒྱུ་ལ། གནུབས་ཆེན་གྱིས་བསམ་གཏན་མིག་སྒྲོན་གྱིས་ཀྱང་རྒྱབ་རྩ་ཨེ་གནང་མི་ཤེས་འདུག གཞུང་དེར་མདོ་ཕྱོགས་ཀྱི་བསམ་གཏན་གྱི་རིམ་པ་ཀཱ་མ་ལ་ཤཱི་ལའི་ལུགས་གཙོ་བོ་འཛིན་པ་འདྲ། རྫོགས་པ་ཆེན་པོ་ཡང་ཧྭ་ཤང་དང་གཅིག་ཏུ་ཁས་ལེན་གནང་མི་འདུག་སྟེ། མིག་སྒྲོན་ལེའུ་བདུན་པ་ཨ་ཏི་ཡོ་གའི་དོན་བསྟན་པར་སྤྱི་བཅིངས་ཀྱི་ལུང་དྲངས་པ། རྫོགས་ཆེན་བླ་ན་མེད་པར་ཁས་བཆེ་ནས། །སྟོན་མེན་བསམ་གཏན་ཙམ་ལ་རྟེན་འཆའ་བ། །རྒྱལ་པོའི་སྲས་འབངས་བབ་པར་ལུང་དངའགལ། །ཞེས་གསུངས་སོ། །༢༽སྤོབ་པ་མཐའ་ཡས་ཀྱིས། རྙིང་མའི་རྫོགས་ཆེན་གྱི་ཁྲིད་རྒྱུན་དེ་ནི་ཧ་ཤང་ལ་འབྲེལ་བ་གང་ཡང་མེད་ཐག་ཆོད་རེད། གསུངས་པ་ཐུགས་ཤིན་ཏུ་མད། འོན་ཀྱང་ན་ཀློང་ཆེན་པའི་གསུང་དེ་ཚོར་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་གི་ཤན་ཞུགས་ཡོད་པ་རེད། དེ་ཡང་ཕར་གཏུག་ན་ས་ར་ཧའི་དོ་ཧ་སོགས་ཀྱི་ཤན་ཆེན་པོ་ཞུགས་འདུག་གསུང་པ་ནི་མ་ལགས་སོ། །ཀློང་ཆེན་པའི་རྣམ་ཐར་ཏུ་རིན་ཅེན་གླིང་པ་དང་ཀརྨ་པའི་བཤད་སྟངས་སོགས་དང་སྙིང་ཐིག་རང་གཞུང་གིས་འཆད་སྟངས་མི་འདྲ་པ་དང་། གཡུ་སྒྲོན་མ་ཁོང་གིས་འཆད་སྟངས་ལ་མཉེས་ཚུལ་སོགས་བཤད་པ་མིན་ནམ། ལུང་འདྲེན་རེ་ཙམ་བྱས་པས་ཤན་མི་ཞུགས་ཚུལ་དང་མདོ་ལུང་སྔགས་ལ་འགྲེལ་ཚུལ་སོགས་འགལ་བ་མེད་པ་ཀློང་ཆེན་པ་རང་གིས་བཞེད། མདོ་ཕྱོགས་ཀྱི་བརྒྱུད་པ་ཨ་ཏི་་ཤ་འདྲེན་ཚུལ་ཡང་སེམས་ཉིད་ངལ་གསོའི་དགོངས་པ་རེད། ཤིང་རྟ་ཆེན་པོར་ཁ་གསལ་བོ་གནང་ཡོད། ཀློང་ཆེན་པའི་་མནངག་སྡེ་འཆད་ཚུལ་སེམས་སྡེ་དང་ཀློང་སྡེ་སོགས་དང་མི་འདྲ་བས་ཀཱ་མ་ལ་ཤི་ལའི་སྒོམ་རིམ་ལ་ཐུག་འདུག་གསུང་པ་ཡིན་ན་ནོར་བ་རེད། སྒོམ་རིམ་ཀྱི་བསམ་གཏན་སྐྱོང་ལུགས་རྫོགས་ཆེན་སྐབས་སེམས་ལམ་དུ་བྱེད་པར་ཅུང་ཟད་འདྲ་ཡང་གཞུང་ཤིང་ཁ་ཁ་་སོ་སོ་རེད། ཡེ་ཤེས་ལམ་དུ་བྱེད་པ་མི་འདྲ་བ་་སྨོས་མ་དགོས་སོ། །ཕྱག་ཆེན་ཀྱི་ཤན་ཞུགས་མིན་ལ་རྙིངམ་མི་ཕམ་པའི་གཉུག་སེམས་སུ། ལྟ་བའི་ངོས་ནས་ཕྱག་ཆེན་ལ་སོགས་སེམས་སྡེའི་ཆ་ཤས་སུ་གསུངས་ཡོད་པ་དང་འདྲ་སྙམ། རྫོགས་ཆེན་རྒྱུད་བཅུ་བདུན་གྱི་དགོངས་པ་དང་མི་མཐུན་པའི་ཀློང་ཆེན་རང་ལུགས་ཞིག་ཡོད་པ་མཇལ་མ་སོང་་ལགས། ཀློང་ཆེན་པའི་བླ་མ་ཡང་ཏིག་གི་ཁྲིད་ཡིག་དང་རང་བྱུང་རྡོ་རྗེའི་ཀརྨ་སྙིང་ཏིག་གཉིས་བསྡུར་དང་དགོངས་པ་ལེན་ཕྱོགས་གསལ་ཡོང་། ༣༽དམུ་ཐག་གིས་མནའ་སྐྱེལརྒྱུ་བཞག་ནས་འདིར་སླེབས་འདུག ཉིད་ཀྱིས། དགེ་ལུགས་པའི་བླ་མ་གྲགས་ཅན་མང་ཆེ་བས་སྔགས་དང་རྫོགས་ཆེན་གྱི་ལྟ་བ་དབུ་མ་པའི་ལྟ་བའི་ཁོངས་སུ་བསྡུ།ཞེས་པ། དགེ་ལུགས་ཙམ་མིན་པར་མི་ཕམ་རིན་པོ་ཆེས་ཀྱང་ངེས་ཤེས་སྒྲོན་མེད་དེ་ལྟར་གསུངས་འདུག ལྟ་བ་སྤྲོས་བྲལ་ཀྱི་ཆ་ནས་རྙིང་མ་བ་མང་པོས་དབུ་མ་པ་དང་འདྲ་ཚུལ་གསུངས་ནའང་གཞི་ལམ་འབྲས་བུའི་རྣམ་བཞག་ཐམས་ཅད་མཚུངས་པ་རེད་ཞུ་བ་མ་རེད། ཉིད་ཀྱིས་རིགས་པ་མཁར་མེའུ་ངོ་ཤེས་ཙམ་གྱིས་བརྒྱུད་འབྲེལ་མེད་པ་རེད་ཅེས་པའི་འགྲེལ་བཤད་ལྟ་བུ་གཞུང་གི་གོ་བའི་སྒང་དུ་ཁྱེར་ས་མེད། རྫོགས་ཆེན་ཉམས་སུ་ལེན་པའི་ཐབས་ཀྱི་ཆ་ནས་དབུ་མ་དང་གཅིག་ཡིན་པར་སྨྲས་ཡོད་པ་ཉིད་ཀྱིས་གཟིགས་ན་མ་གཏོགས་མཐོང་མ་མྱོང་། བསམ་གཏན་མིག་སྒྲོན་ལས། འཛིན་པ་མེད་ལ་མི་རྟོག་པས། ཡེ་ཤེས་ལ་ཡུལ་མེད། དམིགས་པའི་དུས་ན་གཉིས་སུ་མེད་དེ། དེ་ཁོ་ན་རྫོགས་པ་ཆེན་པོ་ཡིན་ཏེ། དེ་ནི་བྱ་བ་དང་མཐོང་བ་ནི་མེད་དོ། ཞེས་སྨྲ་བའི་གང་ཟག་ནི་རྫོགས་ཆེན་དུ་ཀས་འཆེ་ནས་དབུ་མའི་བསམ་གཏན་ལ་རྟེན་འཆའ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གནས་སྐབས་དེ་ཙམ་མོ། །
དྲི་མེད་ལྷག་བསམ་ལགས། ངས་ཀློང་ཆེན་པའི་གསུངས་ལ་ས་ར་ཧའི་དོ་ཧ་དང་ཀརྨ་པའི་རང་བྱུང་རྡོ་རྗེའི་གསུངས་གི་ཤན་ཞུགས་ཚུལ་བཤད་པ་དེ་རྫོགས་ཆེན་ལ་བསྲེས་ལྷད་བྱས་པའི་སྐད་ཆ་མིན། ཕྱོགས་ཀུན་ནས་འདྲ་མཚུངས་ཡིན་པའི་དོན་ཡང་མིན། སངས་རྒྱས་གྲུབ་ཐོབ་དགོངས་པ་གཅིག་པའི་དབང་དུ་བྱས་ན་ཀློང་ཆེན་པ་ལ་ཀརྨ་པ་དང་ས་ར་ཧའི་ཤན་ཞུགས་མི་ཆོག་པ་མིན་པས་དེ་ཙམ་ཐུགས་བློ་དོག་པོ་མ་གནང་རོགས། དྲི་མེད་ལྷག་བསམ་ལགས་ཀྱིས་ཀློང་ཆེན་པས་མདོ་ཕྱོགས་ཀྱི་བརྒྱུད་པ་ཇོ་བོ་རྗེ་ལ་གཏུག་ཡོད་ཚུལ་འདྲ་ཞིག་གསུངས་འདུག་པས་དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས། ངའི་རྨོངས་བློར་རྫ་དཔལ་སྤྲུལ་པ་འདི་བཀའ་གདམས་པ་ལ་ཐུགས་མཉེས་དྲགས་ནས་ཁོང་གི་གསུངས་ལ་བཀའ་གདམས་པའི་ལུངས་འདྲེན་དང་གནའ་གཏམ་མང་པོ་ཞིག་དྲངས་ཡོང་གིན་འདུག དྭགས་པོ་བཀའ་རྒྱུད་པ་ཚོས་ཁོ་རང་ཚོའི་ལུགས་དེ་ལ་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཞེས་འདོགས་ཀྱིན་འདུག དེ་ལྟར་ཡིན་ན་དེང་སང་གི་རྙིང་མ་པ་ཟེར་བ་འདི་ཚོར་བཀའ་རྫོགས་ཆུ་བོ་གཅིག་འདྲེས་ཞེས་མིང་བཏགས་ན་འཐད་དམ། ཉི་ཧོང་དུ་བཞུགས་པའི་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ཟེར་བ་ཞིག་གིས་དེང་སང་གི་རྙིང་མ་པའི་རྫོགས་ཆེན་ཟེར་བ་འདི་ཧ་ཤང་གི་ལུགས་ངོ་མ་ཡིན་ཚུལ་ཞིག་བཤད་འདུག རྣམ་པ་ཚོས་དེ་མཐོང་སོང་ངམ།
་་དཀོན་མཆོག་མཁྱེན་་་རྙིང་མ་པའི་རྫོགས་ཆེན་ཟེར་བ་ཞིག་ད་ཕལ་ཆེར་འཛམ་གླིང་འདིར་ལྷག་ཡོད་ས་མ་རེད། རྙིང་མཁས་ཕྱེད་ཙམ་གྱིས་ནི་ཧ་ཤང་གི་ལྟ་བ་ཡང་དག་པ་དེ་རང་ཡིན་པ་གསུངས་ཀྱི་ཡོད་པ་འདྲ། རྙིང་མཁས་ཕྱེད་ཙམ་གྱིས་ནི་དབུ་མ་པའི་ལྟ་བ་དང་གཅིག་པ་ཡིན་གསུངས་ཀྱི་ཡོད་པ་འདྲ། རྙིང་མཁས་ནམ་མཁའི་ནོར་བུ་ལྟ་བུས་ནི་བོན་པོའི་རྫོགས་ཆེན་དེ་རང་རེད་གསུངས་ཀྱི་ཡོད་པ་འདྲ། དྲི་མེད་ལྷག་བསམ་ནས་ཀྱང་རྙིང་མ་པ་ལ་རང་ཚུགས་ཡོད་མ་རེད་ཟེར་གཅིག་གསུངས་སོང་ཁོང་གིས་བྲིས་པའི་མཆན་དེ་རྙེད་མ་སོང།
དྲི་མེད་ལགས། ད་ཁྱོད་ཀྱི་རྩ་བའི་བླ་མ་མཁར་རྨེའུ་ཡི་རོ་དེ་ས་སྟོང་གང་སར་འདྲུད་པའི་ངལ་བ་བསྟེན་མི་དགོས། དེས་ཕན་ཐོག་མི་འདུག་པར་མ་ཟད་ཁྱོད་ལའང་བཙིར་ཡོང་རྒྱུ་ཞིག་མི་འདུག དེ་བས་གཞུང་ལུགས་ཀྱི་ཐོག་ཏུ་བབས་ན་ལེགས། རྫོགས་ཆེན་ཉམས་སུ་ལེན་པའི་ཐབས་ཀྱི་ཆ་ནས་དབུ་མ་པ་དང་འདྲའོ་ཞེས་སྨྲས་པ་ཁོ་བའི་དྲན་ལམ་ན་མི་འདུག བསྙོན་པ་ལ་དགའ་ན་ནི་ཐབས་ཟད་དེ་དེ་ག་རང་གནང་འཚལ། ལྟ་བའི་ཆ་ནས་དབུ་མ་པའི་ཁུངས་སུ་བསྡུ་བ་ལ་ངེད་ཀྱི་གཞུང་རྣམས་སུ་དགག་པ་མང་དུ་གནང་ཡོད་ཅིང་། ཁོ་བོས་གོང་དུ་སྨྲས་པ་ལྟར་ ཟད་པ་ ཤོར་བ་ ཕྱར་བ་ ཆད་པ་ བཅས་ཀྱི་སྐྱོན་བཞི་འབབ་པ་འདི་ལྟ་བ་ལ་བཟླ་བའི་གནད་དེ་ཡིན་པར་སྙམ། ལར་ནས་ལྟ་བ་ལ་མཐོ་དམན་ཤོར་བས་ཐེག་པ་ལའང་ཆེ་ཆུང་ཤོར་བ་ཡིན་ཏེ་བློ་སྟོབས་ཀྱིས་འདེགས་ནུས་མི་ནུས་ཀྱི་ཐེག་པ་ཆེ་ཆུང་བཤད་པས་སོ།
བོན་གྱི་སེམས་ཕྱོགས་ཀྱི་གཞུང་ལས།
སྟོང་པ་མཐའ་བྲལ་འདི་དང་མཐུན་མོད་ཀྱང།
ཟད་ཤོར་འཕྱལ་ཆད་སྐྱོན་བཞིས་གོས་པར་འདོད།
ཅེས་གསུངས་ཡོད།
བོན་ལུགས་ཀྱི་རྫོགས་ཆེན་གྱི་ལྟ་བ་ནི་དབུ་མའི་ལྟ་བ་དང་ནམ་ཡང་འདྲ་ས་མེད།
དབུ་མའི་ལྟ་བ་ནི་མེད་དགག་གི་རྣམ་པ་ཅན་ཞིག་ཏུ་འདོད་པ་དང།
རྫོགས་ཆེན་གྱི་ལྟ་བ་ནི་དགག་བྱ་བདེན་གྲུབ་བཀག་པའི་བཀག་ཤུལ་ཙམ་ཅིག་ཏུ་ནམ་ཡང་མི་འདོད།
ཧ་ཤང་གི་ལྟ་བ་དང་མཐུན་མི་མཐུན་བཤད་ཚོད་དཀའ།
དང་པོ་ཧ་ཤང་གི་ལྟ་བའི་ཡིན་ལུགས་རྣལ་མ་ཞིག་ཁོ་རང་ཚོས་བཤད་པ་དང་འདོད་པ་ལྟར་ངེད་ཚོས་ཤེས་དཀའ།
དེ་མིན་ཕོ་ཚོད་དང་གཞན་གྱིས་བཤད་གྲོས་ཙམ་ལ་ཡིད་ཆེས་ཀྱིས་དགག་བཞག་བྱེད་པ་ནི།
ཤོག་ཐོག་ཏུ་བྲོ་བརྡུང་བའི་ངང་ཚུལ་ལས་མ་འདས།
འོན་ཀྱང་འདིད་དྲི་མེད་ལགས་དང་རྫ་ཚེ་ལས་སོགས་དྲྭ་གྲོགས་ཚོས་ཧ་ཤང་གི་སྐོར་ལ་བཤད་པ་དེ་ཚོར་དོ་སྣང་བྱེད་བཞིན་ཡོད།
དེ་དག་ལའང་ཁུངས་ལུང་རྒྱུ་མཚན་དང་ཧ་ཤང་རང་གི་གཞུང་ལུགས་སོགས་ནས་བཤད་ཡོད་མིན་རྟོག་གཞིབ་བྱེད་བཞིན་ཡོད།
ཁྱེད་རྣམས་ཀྱིས་མཆན་རྣམས་ལ་དགའ་བསུ་དང་ཡི་རངས་ཞུ་བཞིན་ཡོད།
རྙིང་མའི་བྷི་མ་ལ་ཡི་གསུངས་དང་རྒྱལ་བ་ཀློང་ཆེན་པའི་རྫོགས་ཆེན་ཁག་ནི་བོན་གྱི་རྫོགས་ཆེན་དང་ཤིན་ཏུ་ནས་མཐུན་པར་མ་ཟད།
རྙིང་བོན་གཉིས་ཕར་བཤུ་ཚུར་བཤུ་སོགས་གང་ལྟར་ཞུ་དག་བྱེད་ཆོག་པའི་གཞུང་སྣེ་དེ་འདྲ་མང་པོ་ད་ལྟ་མཇལ་རྒྱུ་འདུག་ཅིང་གལ་ཏེ་ཁྱེད་རྣམས་ཐུགས་སྣང་ཡོད་ཚེ་གཞུང་གི་མཚན་དང་ཤོག་གྲངས་སོགས་འབུལ་ཆོག་པ་བཅས།
“ཉི་ཧོང་དུ་བཞུགས་པའི་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ཟེར་བ་ཞིག་གིས་དེང་སང་གི་ རྙིང་མ་པའི་རྫོགས་ཆེན་ཟེར་བ་འདི་ཧ་ཤང་གི་ལུགས་ངོ་མ་ཡིན་ཚུལ་ཞིག་བཤད་འདུག”
ཟེར་བ་འདི་ཁོང་གིས་དེ་ལྟར་བཤད་པ་འདི་བདེན་པའི་དབང་དུ་བཏང་ན་ཡང་། ང་ནི་ཧང་རྩ་བ་ཉིད་ནས་མི་སངས། གང་ཡིན་ཟེར་ན། མཁས་དབང་ཁང་དཀར་ཚུལ་ཁྲིམས་ལགས་ནི། ཚད་མ་རང་ལ་མཁས་པ་སློབ་དཔོན་དབྱིག་གཉེན་དང་མཚུངས་པ་ལྟ་བུར་ཡོད་ཀྱང་།
ཐེག་པ་ཆེན་པོ་ལ་ཆིད་ཆེས་བརྟན་པོ་མེད་མཁན་ཅིག་ཡིན་པ་ཁོང་གི་གསུང་གི་དུམ་གཅིག་ལས་ཤེས་བྱུང་བས། རྫོགས་ཆེན་བོན་པོ་དང་འདྲ་བར་བཤད་ན་ཡང་ང་ལ་ཁྱད་ཅང་མི་འདུག་ཀྱང་། རྫོགས་ཆེན་ཧ་ཤང་དང་མཚུངས་སོ་ཞེས་པ་ནི། ཁ་སྡིག་ཤིན་ཏུ་ནས་ཆེ་བར་ངེས་སོ།
དབུ་མའི་ལྟ་བ་མེད་དགག་ཡིན་པ་དང་། རྫོགས་ཆེན་དེ་ལས་ལྷག་ཙམ་མ་ཡིན་དགག་ཡིན་པ་ཤོད་འདོད་ཡོད་མཁན་ཅིག་འདུག་ཀྱང་། འདི་རིང་འདིར་ཅང་ལབ་པ་མི་ཁོམ་པས་བཞག །
སྤོབས་པ་མཐའ་ཡས་ལགས་ཀྱིས། སངས་རྒྱས་གྲུབ་ཐོབ་དགོངས་པ་གཅིག་ཅེས་པ་འདིར་དཔྱད་པར་བྱ་འོས་ཏེ་གནས་སྐབས་སུ་འདོད་ལན་ཞུ་རྒྱུ་ཡིན། ཀློང་ཆེན་པས་མདོ་ཕྱོགས་ཀྱི་བརྒྱུད་པ་ཇོ་བོ་རྗེ་ལ་གཏུག་ཡོད་ཚུལ་ནི། སེམས་ཉིད་ངལ་གསོའི་དོན་ཁྲིད་བྱང་ཆུབ་ལམ་བཟང་དུ་ཁོང་གི་བརྒྱུད་པ་འདྲེན་པའི་སྐབས། རྒྱ་ཆེན་སྤྱོད་བརྒྱུད་། དཱི་པཾ་ཀ་རའི་མཚམས་ནས་རིམ་པར་བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས་བར་ཏུ་བརྒྱུད་ཡོད།ཏིང་ཉེ་འཛིན་གྱི་དྲོད་ཚད་བསྟན་པ་ཟབ་ཅིང་རྒྱ་ཆེ་བའི་བརྒྱུད་པའམ་ཉམས་ལེན་བྱིན་རླབས་བརྒྱུད་པ་ནི། ། འབུམ་ཕྲག་གསུམ་པ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་བློ་གྲོས། བཙན་དགོན་པ་བ་སོགས་ནས་ཁོང་ལ་ཐུག་ཡོད། ཟབ་མོ་ལྟ་བརྒྱུད་ནི། ཇོ་བོ་རྗེ། བལ་བོ་ཐང་པ་ཛ། ཨ་བྷྱཱ་ཀ་ར། བྱང་སེམས་ཟླ་རྒྱལ་སོགས་ནས་རིམ་པར་བསམ་ཡས་པ་ངག་གི་དབང་པོ་ལའོ། །ཞེས་དང་། གཞན་ཡང་ཇོ་བོ་བཀའ་གདམས་པའི་བརྒྱུད་པའང་ཡོད་དེ་མ་བྲིས། ཞེས་འཁོད་ཡོད། དེ་བཞིན་ཐེག་མཆོག་མཛོད་དང ། སེམས་ཉིད་ངལ་གསོའི་སེམས་བསྐྱེད་ཀྱི་སྐོར་ལ་ཀློང་ཆེན་རང་ལུགས་ཇོ་བོ་བཀའ་གདམས་པ་འདྲེན་རྒྱུ་ཡིན་པ་འདྲ། ཁོང་གི་རྗེས་འཇུག་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་དང་། དཔལ་སྤྲུལ་རིན་པོ་ཆེའི་ཀུན་བཟང་ཞལ་ལུང་དུའང་ཇོ་བོ་བཀའ་གདམས་པའི་ཞལ་གདམས་རིན་པོ་ཆེའི་གང་ནས་ཡོད་པ་ཉིད་ཀྱིས་མཁྱེན་གསལ་ལྟར་རོ། །དེང་དུས་ཀཿརྫོགས་གཉིས་སོགས་ཀྱིས་སེམས་བསྐྱེད་ཀྱི་བརྒྱུད་པ་འདྲེན་རྒྱུ་དེ་ལུང་གི་བརྒྱུད་པ་དང་། ཆོས་སྤྱོད་ལག་བྲིས་མ་ཟེར་བའི་གྲོང་སྔགས་རྣམས་ཀྱི་ཞལ་འདོན་དེར་ཁུངས་གཏུག་གི་ཡོད་ཚོད་རེད། དེ་བཞིན་ཀ༔ཐོག་རིག་འཛིན་ཆེན་པོ་སོགས་ཀྱིས་སྔ་འགྱུར་ཀཿཐོག་ལུགས་དེའང་སྨྲར་ཚང་བཀའ་བརྒྱུད་དང་ཟུར་ལུགས་འདྲེས་མ་ཡིན་ཟེར་བ་དང་། དཔལ་ཡུལ་ལུགས་ལ་ཀཿཐོག་སྔ་རབས་པའི་སྲོལ་ཕྱག་རྫོགས་ཟུང་འཇུག་ཏུ་བཞེད་པ་སོགས་དེང་དུས་ཀཿདཔལ་གྱི་མ་དགོན་ཏུ་གླེང་ན་ཁ་ཁྲིམས་ཕོག་ཟེར་ཡང་། ཁོ་ཚོའི་བླ་མ་གོང་མ་རྣམས་ཀྱིས་དེ་ལྟར་བཞེད་པས་བྱ་ཐབས་ཟད། །ཧྭ་ཤང་དང་རྫོགས་ཆེན་ལ་འབྲེལ་བ་མེད་པ་རྒྱ་བོད་ཀྱི་ཡིག་ཚང་དཔང་པོར་བཞུགས་མོད། ཁང་དཀར་ཚུལ་ཁྲིམས་སྐལ་བཙང་སོགས་སྟོང་ཉིད་ཀྱི་ངོ་བོར་རྒྱུ་འབྲས་བྱ་རྩོལ་མེད་ཅེས་པའི་རྟོག་མེད་ཙམ་དུ་འདྲ་བ་རྒྱུ་མཚན་དུ་སྨྲས་ནས་ཨུ་ཚུགས་བྱེད་ན། ཀྱེ་མ་ཧོ། རྨོངས་པའི་འགྲོ་བ་འདི་དག་སྙིང་རེ་རྗེ་ཟེར་ནས་གཡུག་རྒྱུ་རང་རེད།
རྫོགས་ཆེན་གྱི་ལྟ་བ་མཐར་ཐུག་དང་། མདོ་ལུགས་ཀྱི་ཐེག་ཆེན་མཐོང་ལམ་གྱི་ཡུལ་དུ་མ་འགྱུར་པའི་ལྟ་བ་གཅིག་ལ་འདོད་ན་ནི། ང་འདྲ་བས་ཀྱང་དེ་འདྲ་བའི་རྫོགས་ཆེན་གྱི་ལྟ་བ་དེ་འགོག་ཐུབ་ཀྱང་། རྫོགས་ཆེན་ནང་ལ་དྲ་གྲོགས་ཆོས་གྲོགས་ཚོ་ངས་གོ་ཐོས་ལ། མི་རྟོག་པའི་ལྟ་བ་སྒོམ་ཚུལ་ཅིག་གསུངས་ཡོད་པ་དེ་དང་ནོར་ཉེན་འདུག་གོ དཔེར་ན་བློ་རིག་ཤེས་གསུམ་དོན་གཅིག་ན་ཡང་། རིག་པས་རིག་ཚུལ་ལ་རྫོགས་ཆེན་སྐབས་སུ་གོ་བ་དམིགས་བསལ་ཅིག་ཡོད་པ་སོགས་བལྟས་ན་ཡང་ཅུང་ཟད་ཅིག་གསལ་དུ་མི་འགྲོ་བའམ། །དགེ་ལེགས་འཕེལ། །
ལྷག་བསམ་ལགས། མཆན༡༡༧༽ལན། དྲང་མོར་ཞུས་ན། སྦ་བཞེད་ནི་རྙིང་ཆོས་དང་རྫོགས་ཆེན་ཀྱི་སྐོར་ལ་དོགས་པ་སློང་མཁན་དག་གི་ལག་ཆ་གལ་ཆེ་ཤོས་ཤིག་རེད། འོན་ཀྱང་ཐང་ཡིག་ལ་ཡང་རྩོད་པ་ཡོད་པ་ནི་དངོས་འབྲེལ་རེད། རྒྱལ་དབང་ལྔ་པས་ཀྱང་བྲག་སྒོ་རབ་འབྱམས་པ་ལ་བཀའ་ཐང་ཧ་ཅང་རྩ་ཆེན་ཡིན་པའི་སྒྲུབ་བྱེད་བཀོད་པའི་བཀའ་རྩོམ་གནང་ན་ཡང་། ཕྱོགས་གཞན་ཞིག་ནས་དོགས་སློང་ཡང་བྱས་མྱོང་འདུག
ཡིན་ན་ཡང་ངས་ཐང་ཡིག་དྲངས་ནི་ཕྱོགས་གཅིག་དྲངས་ནས་ཡིན་ཤག་བྱེད་རྒྱུ་མེད་པར་ཕྱོགས་མང་པོའི་འཆད་ཚུལ་བསྡུར་ནས་བསམ་བློ་གཏོང་དགོས་པའི་འདོད་ཚུལ་གྱིས་གྲོས་གཞི་ཕུལ་བ་ཙམ་ཡིན། ཐང་ཡིག་ཀྱང་མ་མཐར་ཡང་དཔྱད་གཞིའི་རིན་ཐང་ཙམ་ནི་ངེས་པར་ཡོད་དེ་མཆི། སྦ་ལ་རྣམས་ཞེས་སྒྲ་སྦྱར་ཡོད་དུ་ཆུག་ཀྱང་དེ་སྨན་ཀུན་ཚོགས་དང་མི་ཀུན་ཚོགས་ལྟར་ཡིན་ཆོག་པས་དེ་ཙམ་མི་འགལ་ཡང་། རྣམས་ཞེས་སྒྲ་སྦྱར་མཁན་ཁྱེད་ཀྱིས་གསུང་ས་དེ་སུ་ཡིན་ངས་ཤེས་མ་སོང་ཞུ།
ཐང་ཡིག་གི་ཚིག་འདི་ཧ་ཤང་གིས་སྦ་ལ་སྐྱོན་བརྗོད་བྱེད་པའི་ཚིག་ཏུ་འགྲེལ་ཆོག་ཟེར་བ་ནི། སྐུ་ཉིད་ལ་འོ་བརྒྱལ་དེ་ལས་ཆེ་བ་ཞིག་གི་རྒྱུ་ལས་མེད་དེ། དེ་ལྟར་ན་ཨོ་རྒྱན་གླིང་པའི་ཤེར་བྲག་མ་ནི་མཚོ་རྒྱལ་གྱིས་ཡི་གེར་བཀོད་པར་གསལ་བས་མཚོ་རྒྱལ་གྱིས་ཧ་ཤང་གི་ཕྱོགས་བཟུང་བར་ཐལ་བ་སོགས་སུ་ཡང་འགྱུར་སྲིད།
མ་གཞི་མཁན་པོའི་བརྒྱུད་འཛིན་དང་སློབ་དཔོན་གྱི་བརྒྱུད་འཛིན་བར་རྩོད་པ་བྱུང་ན་མཁན་སློབ་གཉིས་ཀྱི་སྐུ་ཚེའི་རིང་ཡིན་མི་དགོས་པ་དང་། གལ་ཏེ་ཡིན་ཡང་ཁོང་གཉིས་ཀྱི་བར་ལ་འགལ་བ་འབྱུང་མ་ངེས་པ་སོགས་ནི་དཔེ་མཚོན་མང་དུ་ཡོད་དེ། འགལ་ཟླ་ཧ་ཅང་མང་པོ་ཞིག་འོག་གི་མི་དག་གིས་བཟོ་གིན་ཡོད། མཚོ་རྒྱལ་ནི་དུས་ཕྱིས་རླངས་བྱང་ཆུབ་འདྲེ་ཁོལ་ཀྱིས་ཀྱང་ཞབས་ཟིན་པའི་བར་དུ་བཞུགས་པ་ཡིན་པས་ལོ་རྒྱུས་ཀྱི་དུས་ཡུན་རིང་ཙམ་བརྒྱུད་པ་སོགས་ནི་མི་འཆད།
མཆན། ༡༢༠ལན། ལེགས་བཤད་ནས་སྙིང་འགྲེལ་དྲངས་ཏེ་ཐེག་པ་རིམ་དགུ་སོགས་ལ་དོགས་སློང་གནང་བ་ནི་སྔོན་རྙིང་མ་ལ་དོགས་སློང་བྱེད་མཁན་རྣམས་ཀྱིས་གླུ་བརྒྱ་ངག་གཅིག་གིས་དྲངས་པ་ཞིག་ཡིན་ན་ཡང་། དོན་ལ་དེར་ཡང་ངེས་པ་ཅི་ཡང་མི་འདུག་སྟེ། སློབ་དཔོན་རྒྱ་བྱིན་སྡོང་པོས་མཉམ་སྦྱོར་གྱི་འགྲེལ་པར། སྔགས་བླ་མེད་ལ་བསྐྱེད་པ་དང་རྗོགས་པ་དང་ཤིན་ཏུ་རྫོགས་པ་གསུམ་ཡོད་པར་དངོས་སུ་གསུངས་ཤིང་དེ་ནི་ལེགས་སྦྱར་དུ་མ་ཧཱ་དང་ཨ་ནུ་དང་ཨ་ཏི་ཞེས་པ་རེད། དེ་བཞིན་རྒྱལ་བ་དགེ་འདུན་གྲུབ་ཀྱི་མཚན་བརྗོད་གྱི་འགྲེལ་ཆེན་དུ་ཡོངས་གྲགས་བརྒྱུད་སྡེ་བཞི་ལས་གཞན་པའི་སྙིང་པོའི་རྒྱུད་ཅེས་པའི་རྣམ་བཞག་ཀྱང་ཁུངས་དང་བཅས་པར་བཤད་དེ་མཚན་བརྗོད་ནི་རྒྱུད་སྡེ་བཞི་ལས་ཀྱང་འཕགས་པ་ཡིན་པར་གསུང་ཡོད།
གཞན་སྡོམ་གསུམ་རིག་འཛིན་འཇུག་ངོགས་ཀྱི་བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད་ཅེས་པའི་ཐད་ཀྱི་འགྲེལ་པ་ཁག་ཏུ་ཡང་ལང་གཤེགས་ཀྱི། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་པ་འདི་དྲངས་ཡོད། འདི་དག་ནི་ངེས་པར་ཁ་གསལ་ཅི་བས་ཆེ་བའི་ལུང་འདྲེན་ཁག་ཅིག་རེད་འདུག་པས་ཕྱོགས་རེའི་འཆད་ཚུལ་ཁོ་ནའི་དྲ་བར་རང་གིས་རང་བཅིངས་པ་ནི། དཔལ་དགེ་རྒྱལ་པོས། ཕྱོགས་རེའི་རིགས་པ་སྦྲང་བུའི་གཤོག་རླབས་ཀྱིས། གླིང་བཞི་ཉུལ་འདོད་འབྲས་མེད་ལྟར་མོ་པ། །ཞེས་གསུངས་པ་ལྟར་འགྱུར་རོ།།
ཡིན་ན་ཡང་། རྫོགས་ཆེན་ཐེག་ཆེན་དུ་བསྡུ་དང་མི་བསྡུའི་སྐོར་གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ལྟ་འཕྲེང་འགྲེལ་པ་རྒྱུད་དོན་རིན་པོ་ཆེ་སྣང་བྱེད་དུ་རྒྱས་པར་འཆད་པས་དེར་གཟིགས།
མཆན༡༢༣ལན། སྤོབས་པ་ལགས། ཁྱེད་ཀྱིས་མི་ཕམ་པའི་འཆད་སྟངས་དེ་དགེ་ལུགས་པ་ལ་ཤག་འགྱེད་པ་དང་འབྲེལ་བ་ཡོད་སྲིད་པར་གསུངས་པ་དེ་དེང་དུས་ཀྱི་རིགས་ལམ་གྱི་འགྲོས་ལྟ་བུའི་ལོ་རྒྱུས་རིག་པའི་དཔྱོད་ཐབས་ཅིག་རེད། ང་ལྟ་སྟངས་འདི་འདྲ་སྤྱད་རྒྱུར་ཅུང་དགའ་པོ་ཡོད། ངོ་མ་རེད། མི་ཕམ་གྱིས་རྙིང་མ་ཧ་ཤང་མིན་གསུངས་པ་དང་ཀློང་ཆེན་གྱིས་ཧ་ཤང་དོན་ལ་གནས་གསུངས་པ་གཉིས་མཚན་གཞི་ཧ་ཤང་གཅིག་ཡིན་པའི་དབང་དུ་བཏང་ཡང་མི་འགལ། དཔེ་བཞག་ན་མི་ཕམ་ཉིད་ཀྱིས་མདོ་རྒྱན་འགྲེལ་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་གྱི་དེ་ཁོ་ན་ཉིད་ཀྱི་ལེའུའི་སྐབས་སོགས་སུ་སེམས་ཙམ་པ་ལ་སྒྲ་ཇི་བཞིན་པའི་སེམས་ཙམ་པ་དང་། རྟོགས་པ་ཐོབ་པའི་སེམས་ཙམ་པ་གཉིས་སུ་ཀྱི་འཆད་སྟངས་གནང་པ་ལྟར་ང་ཚོས་ཀྱང་ཧ་ཤང་ལ་སྐབས་དེ་དུས་ཀྱི་ཧ་ཤང་དངོས་དང་དུས་ཕྱིས་བོད་པ་རྣམས་ཀྱི་རྟོག་ངོའི་ཡོངས་གྲགས་ཀྱི་ཧ་ཤང་གཉིས་སུ་ཕྱེས་ཏེ་ཕྱི་མ་དེ་དོན་ལ་མི་གནས་པ་གང་ཞིག་ལ་དེ་དང་རྫོགས་ཆེན་བསྲེ་བ་ནི་དེ་བས་ཀྱང་མི་འཐད་པས་འཇམ་མགོན་མི་ཕམ་པས་ལམ་རིམ་སོགས་སུ་བཀག་པའི་སྒྲ་ཅི་བཞིན་པའི་ཧ་ཤང་ཙམ་ལ་བཟུང་ཆོག། འདི་ལ་རྒྱུ་མཚན་མེད་པ་ནི་མིན་ཏེ། དཔེར་ན། རྙིང་མ་དང་ས་སྐྱའི་མཁས་དབང་དག་གིས་དགག་པ་ཤུགས་ཆེ་བའི་དབང་དུ་བྱས་པའི་སྔ་རྒོལ་གྱི་རྗེའི་དགོངས་པ་དགག་བྱ་བཅད་ཙམ་གྱི་སྟོང་ཉིད་དང་རྗེ་རང་གི་མཐར་ཐུག་གི་དགོངས་པ་དངོས་ཀྱི་སྟོང་ཉིད་གཉིས་ཀྱང་མི་འདྲ་བ་མི་ཕམ་རང་ལུགས་ཡིན།
རང་བྱུང་ཞབས་ཀྱི་ཤན་ཀློང་ཆེན་ལ་ཞུགས་པ་ནི་ལོས་ཀྱང་ཡིན་ཏེ། ཁོང་ནི་རང་བྱུང་བའི་དངོས་སློབ་ཙམ་ཡིན་པར་མ་ཟད། ཀློང་ཆེན་པས་རང་བྱུང་བར་ཕུལ་བའི་དྲིས་ལན་དུ། འདི་ན་བདག་བློའི་ཐེ་ཚོམ་གཅོད་མཛད་པ། །མཉམ་སྦྱོར་ཀུན་མཁྱེན་ཉིད་ལས་གཞན་འགའ་མེད། །ཅེས་དང་། རང་བྱུང་རྡོ་རྗེ་འགྲོ་བའི་བླ་མར་འདུད། །ཅེས་སོགས་གསུངས་ཡོད་པས་གསལ། དེ་བཞིན་ཏུ་ཀུན་མཁྱེན་གྱི་སེམས་དང་ཡེ་ཤེས་ཀྱི་དྲིས་ལན་དུ་ཡང་སེམས་ཀྱི་ངོ་བོ་དང་བཞག་ཐབས་སོགས་ཀླུའི་སྐྱེ་མེད་རིན་པོ་ཆེའི་མཛོད་ཀྱི། གར་ཡང་མ་འཛིན་ཅིར་ཡང་མ་སེམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་སྟེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་དང་། ཨ་མ་ན་སའི་སྐོར་རམ་ཕྱག་ཆེན་རྒྱ་གཞུང་དུ་གཏོགས་པའི་ཏོག་ཙེ་པའི། སེམས་ཀྱི་སྒོམ་པ་སྒོམ་པ་མིན་སོགས་དྲངས་ཏེ། ཡིད་བཞིན་མཛོད་ཀྱི་དོན་ཁྲིད་སོགས་སུ་ཡང་གཅིག་མཚུངས་ཡིན། མི་ཕམ་གྱི་རྫོགས་ཆེན་ཡོད་ན་མེད་ན་རྟོགས་ལྡན་རྒན་པོར་གྲགས་པ་དེར་ཡང། བཞག་ཐབས་དང་ངོ་སྤྲོད་གཉིས་ཆར་ས་ར་ཧའི་དོ་ཧའི་ལུང་གིས་འཆད་ཀྱིན་ཡོད། ལར་ང་ཚོས་དོ་སྣང་དགོས་པ་ཞིག་ལ་སྔོན་གྱི་རྫོགས་ཆེན་པས་ཐིག་ལེ་དང་སྣང་ཆ་སོགས་དབང་པོ་མངོན་སུམ་གྱི་ལམ་གཙོ་བོར་བྱས་ནས་རྟོགས་པ་མཐོན་པོ་རྣམས་ནི་དེ་གས་གྲོལ་ན་ཡང་། ཁྲག་ཆོད་ཀྱི་ས་མ་ཟིན་པ་རྣམས་ལ་ཉེན་ཁ་ཅུང་ཆེ་བ་དང་། དེ་བས་ཀླན་ག་ཡང་མང་པོ་བྱུང་བ་སོགས་ཀྱིས་རྗེས་ནས་ཁྲེག་ཆོད་ཀ་དག་གི་ལྟ་བ་མཐར་ཕྱིན་ནས་དེ་ནས་ལྷུན་གྲུབ་ཐོད་བརྒལ་ལ་འཇུག་པ་སོགས་འཆད་སྟངས་ཧ་ཅང་ལེགས་པ་ཡོད། འདིའི་ཐད་རྙིང་མའི་ཕྲེང་མགོ་གཏེར་སྟོན་གྱིས། ཁྲེག་ཆོད་ལྟ་བས་སྲིད་ཁུངས་བརྡར་ཤ་བཅད། །ཐོད་བརྒལ་བསྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །ཞེས་གསུངས་པ་ཉིད་ཤིན་ཏུ་ལེགས་ཤིང་མི་ཕམ་ཡང་འདི་ཁོ་ནར་བཞེད།
དེས་ན་ཁྲེག་ཆོད་ཀྱི་ལྟ་བའི་རྫོགས་ཆེན་གྱི་ལྟ་བའི་བྱར་མེད་ཀྱི་དམ་ཚིག་བཞི་སོགས་ཐལ་འགྱུར་དང་མི་འགལ་བར་མ་ཟད། སྤྲོས་བྲལ་གྱི་ངོས་ནས་ཁྱད་པར་མེད་པ་མི་ཕམ་གསུངས་ཤིང་། ་ཐེག་མཆོད་མཛོད་ཀྱི་རིམ་ཁང་བཅུ་དགུ་པར་ཡང་ཀུན་མཁྱེན་བླ་མས་ཐལ་འགྱུར་དང་ཀླུ་སྒྲུབ་ལ་དམིགས་སུ་བསྔགས་སོ།།
ཡང་མཆན་༡༢༣དུ་མུ་མཐུདཡང་སྤོབས་པས། ༼རྫོགས་ཆེན་གྱི་ཁྲིད་རྒྱུན་ཧ་ཤང་དང་འབྲེལ་བ་གང་ཡང་མེད་ངེས་༽གསུངས་ཤིང་དེར་ལྷག་བསམ་གྱིས་ཀྱང་མད་པར་གསུངས་མོད། ལར་ཧ་ཤང་གྱི་སློབ་དཔོན་དྷརྨོདྟ་སོགས་ཀྱི་བརྒྱུད་པ་ནི་ཡོངས་གྲགས་ལང་གཤེགས་འགྲེལ་པ་ལྟར་གཏད་རབས་ནས་བརྒྱུད་པར་མངོན་ཡང་། བྱིན་རླབས་ཉམས་བརྒྱུད་ཀྱི་འབྲེལ་བ་ནི་ཡོད་ཆོག་སྟེ། རྒྱ་ནག་ཏུ་ཆོས་སྤེལ་ཏུ་ཕེབས་པའི་ཕ་དམ་པ་ལ་རྫོགས་ཆེན་གྱི་བརྒྱུད་པ་ཡོད་ངེས་པ་ཉིད་ཀྱི་བཀའ་ལས་འབྱུང་ཞིང་། དེ་བཞིན་སློབ་དཔོན་ཤྲི་སེང་ཧ་རྒྱ་ཕྲུག་ཡིན་པ་དང་། བི་མ་ལ་རྒྱ་ནག་གི་གཏན་སྡོད་ཡུལ་མི་གནང་བ་སོགས་ཀྱིས་ཕན་ཚུན་སྔ་ཕྱིའི་འབྲེལ་བ་ནི་རྙོག་འཛིངས་ཤིན་ཏུ་ཆེ་མོད་གནས་སྐབས་ཁ་ཚོད་མ་བཅད་པ་ཙམ་ཞིག་མཛའ་བ་ཡིན་ཏེ། སུ་ལ་ཡང་བློ་ཁ་ཁེངས་པའི་དཔྱད་གཞི་མེད་པས་སོ། འོན་ཀྱང་ད་ལྟའི་བླ་བརྒྱུད་ཀྱི་དཀྱུས་སུ་ངེས་པར་འདྲེན་འོས་པ་ལྟ་བུ་ནི་ཅིས་ཀྱང་མི་དགོས།
མཆན༡༢༤དམུ་ཐག་གི་ལན། དགེ་ལུགས་པའི་རྫོགས་ཆེན་འཆད་མཁན་གྲགས་ཅན་ཀྱིས་རྫོགས་ཆེན་སྒྲུབ་བྱེད་ལ་དབུ་མ་འདྲེན་པ་ནི་རིགས་པའི་ཚུལ་རྨད་དུ་བྱུང་བ་རེད། དེ་ལྟར་ན་ཕ་རོལ་པོས་གཞི་ནས་དང་ལེན་བྱེད་གི་རེད། འདི་ཀླུ་སྒྲུབ་ཀྱིས་ཉན་ཐོས་པར། གཟུགས་ནི་རྦུ་བ་བསྡོས་པ་འདྲ།།སོགས་དང་། ཟད་དང་མི་སྐྱེའི་དོན་དུ་ནི། །གཅིག་པ་དེ་བཞིན་བཟོད་པར་གྱིས། །ཞེས་འཆད་པ་དང་གཅིག་པ་རེད། ཁོང་རྣམ་པས་ཀྱང་གཉུག་མ་ལྷན་གཅིག་སྐྱེས་པའི་འོད་གསལ་ལམ་རིག་པ་ཟང་ཐལ་གཉུག་མའི་སེམས་ཕྲ་བ་སོགས་རྫོགས་ཆེན་གྱི་ཁྱད་ཆོས་ཡིན་པར་ཡང་ཡང་གསུངས་ཏེ། མཐའ་གཅིག་ཏུ་དབུ་མ་དང་གཅིག་པ་རེད་ཅེས་གསུངས་པ་མེད་དོ། །
རོང་ཟོམ་གྱིས་ཀྱང་སྐབས་མང་པོར་འཆད་སྟངས་དེས་རྫོགས་ཆེན་བཀར་སྒྲུབ་ཡོད། མ་གཞི་གཞུང་ལུག་འཆད་སྟངས་ཟེར་བ་འདི་དུས་དང་གནས་སྐབས་ལ་ལྟོས་པ་རྩེད་འགྲན་མས་པས་ལག་སྤོལ་འཕེན་པ་ལྟ་བུ་ཞིག་ཡིན་ཏེ། སྐབས་འགར་ཐེག་བརྒྱད་ཨ་ཏིའི་གོལ་ས་དང་སྐབས་འགར་ལམ་སྟེགས་སུ་འཆད་པ། སྐབས་འགར་ཤན་འགྱེད་ཀྱི་སྐབས་སུ་མི་མཚུངས་པར་བཤད་པ་དང་། གདུལ་བྱ་འདྲེན་པའི་ཆེད་སྒོ་མཚུངས་སུ་འཆད་པ་སོགས་མང་དུ་ཡོད་དོ།།
ལར་སྤྲོས་བྲལ་ཙམ་གྱི་ཆ་ནས་ཁྱད་པར་མེད་པའི་འཆད་སྟངས་ནི་གོང་དུ་ཡང་དྲངས་སོ།།
མཆན༡༢༧དྲི་མེད་ལགས། ངས་ཡང་དང་ཡང་དུ་ཧ་ཤང་ལ་རྒྱབ་སྐྱོར་བྱེད་པ་དེ་ཧ་ཤང་བོད་པ་རྣམས་ཀྱིས་བཤད་པ་ལྟ་བུའི་ཐབ་སྡུག་ཅིག་མིན་པར་ཡང་དག་པའི་ལྟ་བ་ཞིག་ཡིན་པར་དག་འབུད་བྱེད་འདོད་པ་ཙམ་ལས་རྫོགས་ཆེན་དང་གཅིག་པ་ཡིན་ཟེར་འདོད་མེད་ཅེས་ཞུས་མ་ཟིན་ནམ། དེས་ན་མིག་སྒྲོན་གྱི་ལུང་དེ་ང་ལ་འབྲེལ་བ་གང་ཡང་མི་འདུག་ལགས། མིག་སྒྲོན་དུ་ཧ་ཤང་གི་ལུགས་ཡང་དག་པའི་ལམ་ཡིན་པས་གསུངས་པ་ཙམ་ལས་རྫོགས་ཆེན་དང་ལེའུ་ལོགས་སུ་གནང་ཡོད་པ་ད་ལྟ་ངས་དྲན་གྱི་འདུག
མཆན་༡༣༡ལ་སྟོད་བུས་དབུ་མའི་ལྟ་བ་ནི་མེད་དགག་གི་རྣམ་པ་ཅན་དུ་འདོད་ཟེར་བ་འདི་ནི་རྗེ་ཡི་ཕྱིས་རྩོམ་དག་གི་འཆད་སྟངས་ཡིན་པ་ལས་གཞན་དུ་ནི་སུས་ཀྱང་ཞལ་གྱིས་མི་བཞེས་ཏེ། ཞིབ་པར་ནི་ཆོས་བརྒྱུད་སོ་སོའི་ཡིག་ཆར་གསལ་ལོ།།
ང་ཚོས་ཕན་ཚུན་ཁ་ན་མ་ཐོ་བ་མེད་པའི་ཐོག་ནས་མཉམ་ཞུགས་ཀྱིས་བགྲོ་གླེང་གནང་བཞིན་པ་ཧ་ཅང་སྤྲོ་བ་འཕེལ་བའི་གནས་སུ་མཐོང་ནས་ངས་ཀྱང་གྲོགས་པོ་རྣམས་ལ་གུས་ཞབས་མཚོན་བྱེད་ཙམ་གྱི་ལན་འདི་འཛིན་གྲྭ་གྲོལ་བ་དང་ཉིན་གུང་གི་ཁ་ལག་གལ་ཆུང་དུ་བྱས་ནས་མཐར་ཆགས་སུ་བཏབས་པ་ཡིན་ལགས། ཐུགས་རྗེ་ཆེ། ཡིག་ནོར་ལ་བསམ་ཤེས་གནང་རོགས། དུས་ཚོད་ཀྱི་དབང་གིས་ཞིབ་ཏུ་ཞུས་དག་བྱེད་པའི་ལོང་ཁོམ་མི་འདུག
རྫ་ཡིས་བྲིས་པའི་མཆན་བུ་དག །
མཛའ་དང་མི་མཛའ་ཀུན་ལ་ཕན། །
ཀརྡོ་ངས་ཀྱང་བཀླགས་འབྲས་སུ། །
སྟོང་ཉིད་རྣམ་པ་མེ་དགག་ཉིད། །
ཡིན་པ་ཁས་འཆེ་མི་དགོས་སམ། །
དུས་ཚོད་བཏོན་ནས་ཡང་ཀློག་གིས། །
༸རྗེ་ཡིས་གསུངས་སམ་སུ་ཡིས་གསུངས། །
སྟོང་ཉིད་མེད་འགག་ཡིན་མིན་ལ། །
རྫ་ཚེ་རིང་བཀྲ་ཤིས་ལགས། རྒྱ་ནག་ནི་ནང་ཆོས་ནང་གསེས་ཁྲན་ཙོང་ཟེར་བ་དེ་དང་ཉི་ཧོན་གྱི་རྫེན་ཟེར་བ་དེ་གཉིས་ལ་འདྲ་མཚུངས་ཡོད་མེད་ག་འདྲ་ཡིན་ནམ། རང་རེའི་ཡུལ་དུ་ཕེབས་པའི་ཧ་ཤང་དང་ཁྲན་ཙོང་བར་ལ་འདྲ་འབྲེལ་འདྲ་ཡོད་ས་རེད་དམ། དེ་དྲི་བ་གཅིག་ཡིན།
ངས་བསམ་གྱི་བསམ་གྱིན་ངོ་མ་ཀློང་ཆེན་པ་ཟེར་བ་དེ་ངེས་པ་དོན་གྱི་མཁས་པ་ཟེར་བ་དེ་ཡིན་ས་རེད་སྙམ། ངས་འདིར་དབྱིན་ཇིའི་རང་བྱུང་སྣོད་བཅུད་རིག་པ་བ་ཅལ་སི་ཌར་ཝིན་གྱི་སྐོར་རེ་བཀླགས་པ་ཡིན། Charls Darwin གྱི་Natural Selectionནམ་རང་བྱུང་གི་གདམས་གསེས་ཟེར་བའི་ལྟ་གྲུབ་དེའི་སྐོར་དེབ་ཆེ་ཆུང་གསུམ་བྲིས་འདུག ནང་དོན་ལ་ཁྱད་པར་མེད་ཀྱང་རྒྱས་འབྲིང་བསྡུས་གསུམ་རེད་འདུག ཀློང་ཆེན་པས་ཀྱང་རྫོགས་ཆེན་སྙིང་ཐིག་གི་སྐོར་ལ་ངལ་གསོ་སྐོར་གསུམ་དང་རང་གྲོལ་སྐོར་གསུམ་ཟེར་བ་ལྟ་བུ་རྒྱས་འབྲིང་བསྡུས་གསུམ་གྱི་བསྟན་བཅོས་དེ་འདྲ་མང་པོ་བྲིས་འདུག རང་ལ་ལྟ་གྲུབ་རང་ཚུགས་ཐུབ་པ་ཞིག་ཡོད་པ་དེ་རྒྱས་བསྡུས་བརྐྱངས་བརྐུམས་གང་དགོས་བྱེད་ཐུབ་པ་འདི་མཁས་པའི་ཁྱད་ཆོས་ཟེར་བ་དེ་ངོ་མ་ཡིན་ས་རེད།
ལ་སྟོད་བུས་བོན་གྱི་རྫོགས་ཆེན་དེ་དབུ་མ་ཐལ་འགྱུར་བ་དང་མི་མཚུངས་པར་ནན་གྱིས་གསུངས་པ་དེར་བལྟས་ཚེ་རྙིང་བོན་གྱི་རྫོགས་ཆེན་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་མིན་འགྲོ། སྔ་མོའི་དུས་སུ་རྙིང་མའི་བླ་མ་འགའ་རེས་རྫོགས་ཆེན་གྱི་ངོ་སྤྲོད་བྱེད་པའི་སྔོན་འགྲོ་ལ་དབུ་མ་རྩ་བ་ཤེས་རབ་ཐར་བཅུ་དྲུག་རེ་འཆད་ཁྲིད་བྱེད་སྲོལ་ཡོད་པ་ཐོས་མྱོང་བས་རྙིང་མ་བས་སྔར་ནས་དབུ་མའི་ལྟ་བ་འདི་རྫོགས་ཆེན་གྱི་ལྟ་བའི་རྨངས་གཞིར་འཇོག་གིན་ཡོད་འདུག
དྲི་མེད་ལྷག་བསམ་ལགས། རྙིང་མ་བཀའ་མའི་ནང་དུ་ཀློང་ཆེན་པའི་སྔོན་གྱི་མཁས་པ་ཚོའི་གསུང་ལ་རྫོགས་ཆེན་གྱི་སྐོར་ག་འདྲ་ཡོད་དམ།
རྫ་ཚེ་ལགས། ཐེག་ཆེན་རྫོགས་ཆེན་གྱི་ལམ་སྟེགས་སུ་བཤད་པ་དེས་རྫོགས་ཆེན་དང་དབུ་མ་པ་གཉིས་ཀ་ཐེག་པ་གཅིག་ཏུ་འཆད་པ་རང་ཨེ་ཡིན། ངེད་ཅག་ནི་འདི་ལྟར་སྨྲ་སྟེ། རྫོགས་ཆེན་གྱི་ཐེག་པའི་སར་བགྲོད་པ་ལ་དབུ་མའི་ཐེག་པར་བློ་སྦྱོང་ནས་འགྲོ་བ་འདི་ཤིན་ཏུ་ལེགས་མོད། ངེས་པར་དུ་དེ་ལྟར་བྱེད་དགོས་པའང་མིན། དབུ་མ་ལ་བློ་སྦྱངས་ནས་རྫོགས་པ་ཆེན་པོ་ཉམས་སུ་ལེན་མཁན་ལ་མཚོན་ནས་བཤད་ན་དབུ་མ་ཉམས་སུ་བླངས་པ་དེས་རྫོགས་ཆེན་གྱི་ཐེག་པ་རྒྱུད་ལ་སྐྱེ་བའི་གྲོགས་སུ་འགྲོ་བ་ཡིན་མོད། རྫོགས་ཆེན་གྱི་ཐེག་པ་རྒྱུད་ལ་འབྱོར་ཚར་བ་ནས་དབུ་མའི་ཐེག་པ་འདི་རང་བཞིན་གྱིས་འདོར་འགྲོ་བ་ཞིག་ཡིན་པས་ན་ལམ་སྟེགས་སུ་བཤད་དོ།
རྨུ་ཐག་ལགས། མཆན་དེ་ཚོ་ཞིབ་ཏུ་བཀླགས་རྒྱུ་དེ་ངའི་རེ་བ་ཡིན། ང་རང་གིས་ཤེས་ཚོད་ཀྱིས་ཚིག་གི་སྤུ་རིས་གང་ཟིན་བྱས་ཡོད། ལམ་སྟེགས་ཡིན་པའི་རྒྱུ་མཚན་གྱིས་ཐེག་པ་གཅིག་རེད་ཅེས་སྨྲས་མེད་སྙམ། ཁྱེད་ཀྱི་གསུང་སྟངས་དེ་ལམ་སྟེགས་ཞེས་པའི་ངེས་ཚིག་གི་འབྲུ་དོན་མ་ནོར་བ་རེད། འོན་ཀྱང་ངས་སྐུ་ཉིད་ལ་ལན་དུ་ཕུལ་བའི་མཆན་དེ་ག་རང་ལ་ལམ་སྟེགས་སོགས་སྨོས་པ་ནི་འཆད་ཚུལ་གྱི་རྣམས་གྲངས་འདྲ་མིན་འབྱུང་བའི་དཔེ་མཚོན་ཏེ།༼༡སྐབས་འགར་ཐེག་བརྒྱད་ཨ་ཏིའི་གོལ་ས་དང་སྐབས་འགར་ལམ་སྟེགས་སུ་འཆད་པ། ༼༢སྐབས་འགར་ཤན་འགྱེད་ཀྱི་སྐབས་སུ་མི་མཚུངས་པར་བཤད་པ་དང་། ༼༣གདུལ་བྱ་འདྲེན་པའི་ཆེད་སྒོ་མཚུངས་སུ་འཆད་པ་སོགས་མང་དུ་ཡོད་དོ།།
ཞེས་དཔེ་མཚོན་གསུམ་སྨོས་པའི་ཐ་མ་དེ་ཉིད་ལ་ཕུལ་བའི་དངོས་ལན་དེ་དབུ་མ་དང་གཅིག་པ་ལྟར་འཆད་པའི་སྐབས་ཀྱང་ཡོད་ཅེས་པ་དེ་རེད།
རྫ་ཚེ་ལགས་ནི་ཐུགས་རྒྱ་ཡངས་ཤིང་ལྟ་རྒྱ་ཆེ་བ། བློ་སེང་ལས་འཔྲོས་ཏེ་ཆབ་སྲིད་སྐོར་གླེང་ཚེ་ཉམས་མྱོང་བསག་ན་ཆབ་སྲིད་མཁས་པ་ཞིག་དང་བཀའ་བློན་ཁྲི་བ་ཡོངས་ངེས་བསམ་པ་དང་། གཞུང་ལུགས་བཤད་ཚེ་ཞིབ་ཆ་ཅུང་ཟད་ཡོད་ན་གཟིགས་རྒྱ་མཁས་པར་གྲགས་པ་རྣམས་ལས་མི་ཆུང་བའི་ཚོར་བ་སྟེར་བ་དང་། བོད་དོན་ལ་ལོ་མང་པོར་ཁྲིམས་ཁང་དུ་བསྡད་པའི་ལོ་རྒྱུས་གོ་ཚེ་ཤེས་ཡོན་ཙམ་མ་ཟད་སྙིང་སྟོབས་ཀྱིས་ཕྱུག་པ་ཞིག་ཡིན་འདུག་པས་ཕྲན་ལྟ་བུར་ཤེས་ཡོན་དང་བྱས་རྗེས་གང་ཡང་མེད་པས་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ་བའི་ཡུལ་དུ་གྱུར། ཡང་དཔྱད་པར་བྱ་བ་ནི། ༡༽བཀའ་ཐང་ཤེར་བྲག་མ་ལ་ཚིག་ནོར་དང་སླད་བྱུང་བའི་ལོ་རྒྱུས་རང་གིས་ཁས་ལེན་བཞིན་ཏུ། སྦ་བཞེད་ཅེས་པའི་ཚིག་སོགས་ལས་འཕྲོ་སྐབས། དང་པོ་འབྲི་མཁན་ཡེ་ཤེས་མཚོ་རྒྱལ་ཡིན་པས་དེ་ཡང་ཧྭ་ཤང་གི་ཕྱོགས་འཛིན་ཡིན་པར་ཐལ་བ་འཕེན་ཚུལ་ནི། བུ་ཤི་ན་མ་ཤི་བ་ཐལ། བུ་དང་པོ་མ་ལས་སྐྱེས་པ་ཡིན་པའི་་ཕྱིར། ཟེར་བ་དང་འདྲ་བས་ད་དུང་ཁྱབ་མཐའ་ལ་ནན་གྱིས་སྤྱང་དགོས་པར་སྣང་། ༢༽ཐེག་མཆོད་མཛོད་ཀྱི་རིམ་ཁང་བཅུ་དགུ་པར་ཡང་ཀུན་མཁྱེན་བླ་མས་ཐལ་འགྱུར་དང་ཀླུ་སྒྲུབ་ལ་དམིགས་སུ་བསྔགས་སོ། །ཞེས་པ་ནི་མ་བརྟགས་པའི་གཏམ་ཏུ་ཟད། རིམ་ཁང་དེར་ཐལ་འགྱུར་བྱ་བ་ནི་སྒྲ་འགྱུར་རྩ་བའི་རྒྱུད་དེ་ལུང་རེ་རེ་བཞིན་དྲངས་པས་ཤེས། གཅིག་དང་དུ་བྲལ་གྱི་གཏན་ཚིག་སྐབས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་སྐྱེ་བ་མ་ཡིན་ཏེ། །ཁྱོད་ཀྱི་ཆོས་རྣམས་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་ཏུ་བསྟན། །ཅེས་དང་རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་པའི་ལུང་ཙམ་ལས་མེད་ངེས་སྙམ། །རྙིང་མ་པར་ཁས་འཆེ་བ་མང་པོ་ཞིག་གི་རང་ལུགས་ལ་རྒྱུད་མེད་པས་སྒྲ་ཐལ་འགྱུར་རྩ་རྒྱུད་ཀྱི་ལུང་དབུ་མ་ཐལ་འགྱུར་བར་ནོར་བ་དང་། གསང་འདུས་ཟེར་ཚད་གསར་མའི་རྒྱུད་སྡེ་འཇམ་དཔལ་གསང་བ་འདུས་བ་ཡིན་ཐག་གཅོད་མཁན་ཡང་ཡོད་པས་དེ་དག་གི་རྗེས་སུ་མི་འབྲངས་པར་ཞུ་། ༣༽ཤྲི་སེང་ད་ལྟའི་རྒྱ་ནག་འདི་ཡིན་མིན་དོགས་པ་ཆེ། ཡུལ་ཤོ་ཁྱམ། གནས་རི་བོ་རྩེ་ལྔ་། རྒྱལ་ས་བཀྲ་ཤིས་ཁྲི་སྒོ་ཟེར་བ་སོགས་ཀྱིས་རྒྱ་ནག་ཡུལ་ནས་ཡོང་པ་ནོར་འཁྲུལ་མེད་པ་ལྟ་བུ་ཡིན་མོད། དགེ་ཆོས་ཀྱི་འཛམ་བུ་གླིང་ལ་ཆེ་ཆུང་གཉིས་དང་། ཇོ་བོ་རྗེའི་གླིང་བཞི་གླིང་ཕྲན་བརྒྱད་དུ་མ་གཏོགས་པའི་གསེར་གླིང་ཟེར་བ་ལྟར། ཙི་ན་བྱ་བའི་རྒྱ་ནག་གཞན་ཞིག་ཀྱང་ཡོད་པར་མཐོང་སྟེ། ད་ལྟའི་ཀམ་པོ་ཅི་ཡ་བྱ་བ་ལ་ཡང་གནའ་མིང་དུ་དེ་ལྟར་འབོད་། ཤྲི་སེང་གི་ཕ་ཡུལ་ལ་གླང་ཆེན་ཡོད་པ་དང་ཚ་བ་ཆེ་ཡུལ་སོགས་གནས་དེའི་འཁོར་ཡུག་དང་ཤིན་ཏུ་མཐུན། པོ་ཏཱ་ལ་དང་། རྡོ་རྗེ་གདན་ཟེར་བ་ཡང་འཛམ་བུ་གླིང་དུ་མང་པོ་བཞུགས་པས་རྒྱ་ནག་ཟེར་ཚད་ད་ལྟའི་རྒྱ་ནག་ཡིན་མི་དགོས་སོ། ། འདི་ནི་མཚར་གཏམ་སྨྱོན་པའི་་ལབ་རྡོལ་གྱི་ཆ་ཤས་ཞིག་ལགས་སོ། །
རྫ་ཚེ་ལགས། ཕ་དམ་པ་སངས་རྒྱས་རྒྱ་ཡུལ་དུ་ཕེབས་ཀྱང་དྷརྨ་ཏཱ་རོ་ཡིན་པའི་ལོ་རྒྱུས་ཁུངས་བཙུན་པ་མེད་སྙམ། དམ་པ་ཁོ་རང་གི་གསུང་དང་། དམ་པ་ཀུན་དགའི་གསུང་རྣམ་ཐར་ཆེན་མོ། ཞི་བྱེད་བཀའ་བབས་ཀྱི་ལོ་རྒྱུས་སོགས་སུ་ཀཱ་མ་ལ་ཤི་ལ་ཡིན་པར་གསུངས། དམ་པའི་བླ་རྣམས་ཀྱི་མཚན་སྔགས་སུའང་།གུ་རུ་ཀཱ་མ་ལ་ཤི་ལ་ཞེས་གསུངས་ཡོད། དམ་པ་རང་གི་ཞལ་ནས་གུ་རུ་བོད་དུ་ཕེབས་པའི་སྐབས་སུ་ང་ཀཱ་མ་ལ་ཤི་ལ་ཡིན་ཞེས་ཞལ་བཞེས་གནང་འདུག་པས་རྩོད་པ་དང་རྩོད་ཡུལ་གོ་མི་ལོག་པར་ཞུ། དེར་མ་ཟད་བཀའ་བབས་སྔ་ཕྱི་བར་གསུམ་གང་ཡིན་ཀྱང་སྒོམ་རིམ་དང་མཐུན་པ་ལས་ཧྭ་ཤང་གི་འདོད་པ་དང་མི་ཉེ། དཔེར་ན། བཀའ་བབ་དང་པོ་སྒྲོན་མ་རྣམ་གསུམ། དེའི་འཇམ་དཔལ་ལྷ་བཞི་དང་ལྷ་གསུམ་གྱི་དབང། བཀའ་བབ་བར་བ་རྨ་སོ་སྐམ་གསུམ་གྱི་ཕྱག་ཆེན་གཏོར་དབང་དང་ཤེར་ཕྱིན་རིག་གཏད། བཀའ་བབ་ཕྱི་མའི་དྲི་མེད་ཐིག་པ་ཞི་བྱེད་ལམ་ལྔ་། བདེ་གཤེགས་བཅུ་གཉིས། རྩ་གཞུང་སྒོང་ང་རྣམ་གསུམ་སོགས་སྔགས་དང་འབྲེལ་བ་གཙོ་ཚེ། ཞལ་ཆེམས་པདྨོ་བརྩེགས་པ་སོགས་སུ་སྣང་ཆ་ཀུན་རྫོབ་ཕྱོགས་གཙོ་བོ་བྱས་ཏེ་བློ་སྦྱོང་བྱིན་རླབས་ཀྱི་རིམ་པ་རྟེན་འབྲེལ་བདག་གཏོད་ཀྱི་གདམས་པ་སོགས་གསུང་ཡོད་པས་ཧྭ་ཤིང་སྐྱོབས་པའི་གཞུང་ཞིག་ཐོབ་རྒྱུ་མ་རེད་སྙམ།
བི་མ་མི་ཏྲ་རྒྱ་ནག་གི་ཡུལ་གང་དང་རི་བོ་རྩེ་ལྔ་གང་ཏུ་བཞུགས་པ་ཡིན་བཤད་དཀའ། ལྕང་སྐྱ་སོགས་ཀྱི་རི་བོ་དྭངས་བསིལ་རྩེ་ལྔ་ཡིན་པར་ངོས་འཛིན་བྱས་པ་ནས་རྒྱ་བོད་གཉིས་ཀ་དཔྱད་པ་མེད་པར་འཇུག་ནའང་། གདོད་ནས་གྲུབ་པའི་གནས་དང་བྱིན་གྱིས་བརླབས་པའི་གནས་གང་ཡིན་མ་ངེས། བྱིན་གྱི་བརླབས་པ་ཡིན་ན་ཏཱ་ར་ནཱ་ཐ་དང་ཀོང་སྤྲུལ་སོགས་ཀྱིས་ཡུལ་གྲུ་ཁོལ་བུ་རེ་ལའང་གནས་ཆེན་ཉེར་བཞི་ཚང་ཆོག་པར་རྒྱུད་ལུང་གིས་སྒྲུབ་ཡོད་པས། བི་མ་མི་ཏྲས་ཡེ་ཤེས་ཀྱིས་མ་ཁྱབ་པའི་ས་ཁུལ་མེད་པས་ཧྭ་ཤང་དམིགས་སུ་དགར་མི་དགོས། ཀུན་རྫོབ་གྲགས་ཚོད་ལྟར་ན་གཏན་སྡོད་ཡུལ་མི་ཡིན་ཙམ་གྱིས་དེའི་བརྒྱུད་པ་ཡིན་པས་མ་ཁྱབ་ཏེ། རྫ་ཚེ་རྒྱ་ཡུལ་ཏུ་བཞུགས་ཙམ་གྱིས་རྒྱ་ནག་ཐམས་ཅད་རྫ་ཚེའི་་རྗེས་འཇུག་མིན་པ་བཞིན་ནོ།། རྒྱ་ནང་ཧྭ་ཤང་གི་ཁུངས་གཏུག་སའི་མདོ་ཡང་དུས་རབས་རེ་རེ་ནས་འགྱུར་ཡོད་ཏེ། དང་པོ་ལངྒར་གཤེགས་པ། བར་ཏུ་་རྡོ་རྗེ་གཅོད་པ། ཐ་མར་དཔའ་བར་འགྲོ་བའི་མདོ་སོགས་ལ་ཡང་ཁུངས་གཏུག་ཡོད། མདོ་སྡེ་དེ་བོད་ལ་ཡོད་པ་ཙམ་གྱིས་བརྒྱུད་པ་འདྲེས་པའང་མ་མཐོང་སྟེ་བཀའ་འགྱུར་གྱི་བརྒྱུད་ཡིག་ཀུན་ན་ཧྭ་ཤང་གི་བརྒྱུད་པ་མི་བཞུགས་སོ། །
ཕར་ཕྱིན་ནང་སངས་རྒྱས་རང་སྣང་ལ་དག་པ་རབ་འབྱམས་འབའ་ཞིག་ཡིན་པར་གསུངས་པ་ཞིག་ཡོད་པས་དེ་ལྟར་ཡིན་ན་དབུ་མ་པའི་ལྟ་བ་དང་ཧ་ཤང་གི་འདོད་པ་སོགས་་་རྗོགས་ཆེན་གྱི་ལྟ་བ་་་དང་འགལ་བ་མེད་པ་ཙམ་བཞེད་ཆོག་ཀྱང། དེ་ནི་སངས་རྒྱས་གཅིག་གི་དགོངས་པ་ལ་ནང་འགལ་གྱི་ཕུང་པོ་དུ་མ་ཞིག་བྱུང་ན་མི་རུང་ངོ་སྙམས་པའི་དད་མོས་འདུ་ཤེས་ཀྱིས་བློས་རྩིས་ཟིན་ནས་གསུངས་པ་ཞིག་ཡིན་པར་ངེས། ཡིན་ནའང་གྲུབ་མཐའ་ཞེས་པའི་སྒྲ་བཤད་ཙམ་ནི་་རིགས་པས་བསྒྲུབ་པའི་མཐའ་དེ་ལས་འགྲོ་ས་མེད་པས་ན་གྲུབ་མཐའ་་་ཞེས་སུ་བརྗོད་པ་ཡོད་པས། དེས་ན་རྗོགས་ཆེན་ཡིན་ནའང་འདྲ་དབུ་མ་ཡིན་ནའང་འདྲ་སོ་སོར་ས་མཚམས་ཞིག་ནི་ངེས་པར་དུ་ཡོད་དགོས་ཅིང་དེ་ལྟར་མིན་ན་གྲུབ་མཐའ་བཞི་དང་ཐེག་པ་དགུ་སོགས་ལེགས་པར་དབྱེ་སེལ་བྱས་ནས་བཤད་པ་ལ་དགོས་པ་ཆེར་མེད་པར་འགྱུར། ད་དུང་་མདོ་ཡི་ལུགས་ཀྱི་སངས་རྒྱས་དེ་་སྔགས་ཀྱི་ལུགས་ཀྱི་སངས་རྒྱས་མིན་་སྔགས་ཀྱི་ལུགས་ཀྱི་སངས་རྒྱས་དེ་་་རྗོགས་ཆེན་ལུགས་ཀྱི་སངས་རྒྱས་མིན་་ཞེས་སོགས་བོན་རང་ལུགས་ལ་གསུངས་པ་ཡོད་པས་ཁྱད་པར་ཆུང་ཚགས་མིན་པར་ཧ་ཅང་གི་ཁྱད་པར་ཆེན་པོ་ཡོད་པར་བསྟན་ཡོད། ལམ་ཉམས་སུ་ལེན་སྐབས་ཀྱང་སྤང་ལམ་་དང་་བསྒྱུར་ལམ་་་གྲོལ་ལམ་་་ཞེས་བཙན་དུག་དཔེ་རུ་བཞག་ནས་ལམ་བགྲོད་པའི་ཚུལ་ཁ་ཁག་ཡིན་པར་གསུངས་ཡོད་པས་འདིར་ཆབ་སྲིད་འདྲ་བོའི་བཤད་ཡམ་སྤེལ་ས་མེད་སྙམས། མཐུན་ལམ་གྱི་ཐོག་ནས་ཚང་མ་གཅིག་པ་རེད་གསུངས་ཆོག་ཀྱང་རིགས་ལམ་ཀྱི་སྒང་ལ་ཚང་མ་གཅིག་པར་མི་འགྲོ། གདུལ་བྱའི་བློ་དངབསྟུན་ནས་མཚམས་པར་གསུངས་པའི་བསྟན་པ་འདི་སེམས་ཅན་གྱི་བློས་གང་ཅོག་པ་དེ་གལ་ཆེན་དུ་བཟུང་ནས་འཆད་དགོས་པ་ལས་ང་དང་ཁོ་ཡི་དད་དང་མོས་པ་ཡིན་ཟེར་བ་དང་ང་ཚོའི་བླ་མའི་ཕྱོགས་གཏོགས་ཡིན་ནོ་བསམ་པའི་འདུ་ཤེས་རགས་པ་གཅིག་གི་རྗེས་སུ་འདུར་ནས་འགྲེལ་བཤད་གནང་ན་ལྟ་བ་དང་གྲུབ་མཐའ་འཆོལ་བར་འགྲོ་བའི་ཉན་ཁ་ཆེ་བས་གཟབ་པར་འཚལ་ལོ།
དྲི་མེད་ལགས་ཀྱིས་ང་ལ་བོང་བ་གསེར་གཟིགས་ཀྱི་བསྟོད་བསྔགས་གནང་ཞོར་དོན་ལ་སྐུ་ཉིད་ཀྱི་ཐུགས་ཀློང་ལས་བྱུང་བའི་ལེགས་བཤད་དང་ཐོས་པ་བཟང་ལ་མང་པའི་དབྱར་རྔ་བར་མེད་དུ་གྲགས་པས་ང་ཡང་ཡིད་སེམས་སྤྲོ་དགའི་ཟློས་གར་བཅོས་མིན་དུ་རྩེན།
༡༽མཚོ་རྒྱལ་གྱི་སྐོར་ལ་ངག་སྦྱོར་འགོད་སྐབས་ཁྱབ་མཐའ་སེམས་ལ་འཁོར་ཡང་། དེ་སྐབས་སྔ་རྒོལ་གྱིས་ཚིག་དེ་ཐང་ཡིག་གི་མ་ཡིག་དངོས་ཡིན་པ་དང་ཐང་ཡིག་ཁས་ལེན་པའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་དེ་ལ་འགྲེལ་རྒྱག་པའི་ངལ་བ་སུས་བྱེད། དེས་ན་སྐབས་དེར་ཁྱེད་དོན་གྱིས་ཐང་ཡིག་ཁས་ལེན་པའི་རྒོལ་བར་སོང་ཡོད་པ་འདི་རིགས་པའི་འཁོར་སྟངས་ཆུང་ཆུང་ཞིག་ཡིན་སྲིད། དེའི་སྐབས་ངའི་མཚོ་རྒྱལ་ཡང་མཐའ་རྒོལ་བ་ལ་ལྟོས་པའི་རྟགས་ཡང་དག་ཏུ་འགྱུར་ཙམ་ཡོད་སྙམ། མ་གཞི་ངས་རྩོད་པ་ཡག་པོ་མི་ཤེས་ལགས།
༢༽ངས་དྷརྨོད་ཏ་དམ་པ་དང་གཅིག་ཡིན་པ་དེ་ཁྱེད་ཀྱིས་ཤྲི་སེང་ལ་འགྲེལ་བ་གནང་སྟངས་དང་འདྲ་སེ་བ་འདུག་ལ། མ་གཞི་འཇམ་དཔལ་རྩ་རྒྱུད་དུ། རྒྱ་དང་རྒྱ་ཡི་ཡུལ་ཉིད་དུ། ཞེས་པའི་ཚིག་ལ་བསྟེན་ནས་མགོན་པོ་སྐྱབས་སོགས་ཀྱིས་ཙི་ན་དང་ཙི་ན་ཆེན་པོ་གཉིས་སུ་ཕྱེས་ཀྱང་གང་ལྟར་ད་ལྟའི་ཀྲུང་གོའི་མངའ་ཁོངས་ལས་ལྷག་པ་ཞིག་རང་མེད་སྙམ་མོད་འཆད་ཚུལ་གཞན་ཡོད་སྲིད་དང་སྲིད།
༣༽ངས་ཐལ་འགྱུར་དང་སྒྲ་ཐལ་འགྱུར་ནི་ནོར་གྱི་མ་རེད། དེས་ན་ངས་རིམ་ཁང་ནོར་ཡོད་སྲིད། གཅིག་བྱས་ན་རིམ་ཁང་ཉེར་གཉིས་པ་ཡིན་འགྲོ ཨེ་དུམ་གྱི་གྲུབ་མཐའི་སྐོར་འཆད་པའི་རིམ་ཁང་དེ་རེད། ཚིག་ལ་དགུ་མ་ཐལ་འགྱུར་པ་ནི་རྒྱུའི་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཡིན་ཏེ་ཞེས་སོགས་ཡོད་དེ་ཚིག་ཡོངས་རྫོགས་མི་དྲན། སློབ་གྲར་དཔེ་ཆ་ནི་མེད། ཉིད་ལ་གློག་རྡུལ་གྱི་དཔེ་ཆ་འདྲ་ཡོད་ན་དེར་གཟིགས་ནས་ང་ལ་གསུངས་རོགས།
དེར་ད་དུང་ཀླུ་སྒྲུབ་ཀྱིས་འཁོར་ལོ་གསུམ་དང་མཐུན་པའི་བསྟན་བཅོས་གསུམ་མཛད་པ་རྒྱུ་མཚན་དུ་མཛད་ནས་སངས་རྒྱས་གཉིས་པ་དང་མཛད་པ་མཚུངས་པའི་བསྔགས་པ་དང་། བདེན་གཉིས་ཀྱི་རྣམ་བཞག་སོགས་གང་འཚམས་ཡོད་ལགས།
༤༽དམ་པ་སངས་རྒྱས་སྔོན་དརྨོདྟ་ཡིན་པ་དང་དེ་ནས་ཀ་ཤི་ཡིན་པ་དེ་ནས་དིང་རི་བའི་མག་པ་གནང་བ་སོགས་གང་ཡང་མི་འགལ། འདི་དག་ལ་སངས་རྒྱས་ཀྱི་མཛད་པ་ཟེར་བ་རེད། གལ་ཏེ་དྷརྨོདྟའི་དང་ཀ་ཤི་ཐུགས་རྒྱུད་གཅིག་པ་ཙམ་གྱིས་ཀ་ཤིའི་དྷརྨོདྟའི་བཀའ་སྲོལ་གྱི་བརྒྱུད་འཛིན་ཙམ་ལ་ཡང་མི་རྩོད་པའི་ངེས་པ་ནི་མེད་དེ། སློབ་དཔོན་གྱི་གྲུབ་མཐའ་ལས་གཞན་དུ་གྲུབ་མཐའ་བྱེད་པའི་སྐྱེས་བུ་རྩོད་མེད་ཡོད་ཆོག་པ་བཞིན་ཏེ། འདུལ་བའི་དབང་ངོ་། །གལ་ཏེ་གུ་དོགས་དེ་ལྟར་གནང་ན་ཁྱེད་ཀྱིས་དམ་པས་བླ་མའི་མཚན་དུ་ཀ་མ་ལ་ཡོད་པར་གསུངས་པ་དང་། དེ་ཁོང་ཉིད་ཡིན་པར་ཞལ་བཞེས་མཛད་པར་ཡང་་གོ་ལོག་པའི་སྐྱོན་འདུག་གསུང་རྒྱུ་ཡིན་ནམ།
དམ་པའི་གསུང་ཕྱག་ཆེན་རྒྱ་གཞུང་དུ་བཞུགས་པ་ནི། ལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་མེད་པའི་ལྟ་བ་ནི། །ལྟ་བའི་དམ་པ་ཁོ་ན་ཡིན། །ཞེས་པ་འདི་ཡང་དག་ལྟ་བའི་སྒྲོན་མའི་ཚིག་ཡིན། ཡང་། གོ་རུ་མེད་པའི་དོན་རྟོགས་ན། །བརྗོད་དུ་མེད་པའི་གླེང་གཞི་འབྱུང་། །བསམ་དུ་མེད་པའི་དོན་བསྒོམས་ན། །ཐོབ་ཏུ་མེད་པའི་འབྲས་བུ་འབྱུང་། །ཞེས་དང་། མ་བསྒོམ་མ་བསྒོམ་བློ་མ་བསྒོམ། བློ་སྒོམ་རྟོག་པའི་འཁྲུལ་འཁོར་ཡིན། །ཞེས་དང་། བྱ་བ་ཐམས་ཅད་ཡོངས་བཏང་སྟེ། །སེམས་ཀྱི་གླང་པོ་རང་སར་ཞོག །གཉིས་མེད་ཡེ་ཤེས་བཙལ་དུ་མེད། །ཐམས་ཅད་ཐམས་ཅད་དེ་ཉིད་དོ། ཞེས་ཐིག་ལེ་དག་པའི་ཕྲེང་པ་ཞེས་པ་དབྱིངས་ཀྱི་མགའ་འགྲོ་རྣམས་བགྲོས་ནས་དམ་པ་སངས་རྒྱས་ལ་གནང་བ་ཞ་མ་ལོ་ཙཱའི་འགྱུར་ལས་འབྱུང་ཞིང་། ཡང་ཐིག་ལེ་འོད་ཀྱི་ཕྲེང་པ་དམ་པའི་མན་ངག་སྔར་དང་འདྲ་པ་ལས། རྟོག་པ་གཉིས་ནི་མཚུངས་པར་སྒྲིབ། །རྟོག་དང་བྲལ་ན་སྒོམ་དུ་མེད། །རྟོག་པ་བཟང་ངན་གཉིས་ཀའི་སྒྲིབ་པའི་ཧ་ཤང་གི་གསུང་སྟངས་དེ་ཀ་གསུངས་སུའི་གསུང་སྒྲོས་སུ་ལ་ཉེ་བ་སོགས་ནི་ཧ་ཅང་དཔྱད་དཀའོ།།
ད་དུང་གསེར་སྒྲོག་དང་ཐག་སྒྲོག་ཅེས་པའི་ཧ་ཤང་གི་དཔེ་གྲགས་ཅན། འདན་མ་བློ་བཟང་ཆོས་དབྱིངས་ཀྱི་སློབ་མ་འབྲས་སྤུངས་སྟོང་དཔོན་སོགས་ཀྱིས་གནས་ལུགས་མཛོད་ལ་དོགས་སློང་གནང་སའི་བོད་པ་ཚོས་ཧ་ཤང་གི་བཤད་སྟངས་མཐར་ཐུག་ཅིག་ཏུ་བྱེད་པའི་དཔེ་དེ་ཡང་བསྟན་འགྱུར་གྱི་ཕྱག་ཆེན་རྒྱ་གཞུང་གི་དོ་ཧ་རྩ་འགྲེལ་དུ་ཡོད། དཔལ་སྤྲུལ་གྱིས་ཀྱང་ཉམས་འུར་བའི་སྐབས། ནམ་མཁའི་ཡིད་ཅན་ཨ་བུ་ཧ་ཤང་ཡང་། །ཞེས་ཁ་ནས་ཤོར་འདུགཧཧཧཧཧཧཧཧཧཧ
ད་ལྟད་མོ་ཆེ་རུ་འགྲོ་གིན་འདུག
དེ་བཞིན་བིར་ཝ་པའི་དོ་ཧ་མཛོད་ལས། ཡོད་མེད་ཅིར་ཡང་མི་རྟོག་མ་ཡེངས་ངང་ལ་ཞོག །སྟོང་པ་ཉིད་དང་སྐྱེ་མེད་བློ་ལས་འདས་པ་དང་། མཐའ་བྲལ་ལ་སོགས་གང་ཡང་ཡིད་ལ་བྱེད་པ་ན། །གནས་ལུགས་དོན་ལ་མི་གནས་ཤིན་ཏུ་གཡེངས་པའོ།།ཞེས་པ་ལྟ་བུ་ལྟ་བུ་སྟེ། དོ་ཧ་བརྒྱད་ཅུ་ཁུངས་ཟེར་བ་ཞིག་བརྩམས་ན་ཡང་ཆོག་པ་ལྟ་བུར་ཡོད་པ་ཡིན། ངས་ཀྱང་སྣང་བ་སྐྱིད་པ་ཁ་རྒྱག་ཙམ་ཡིན་པས་ཆོས་གྲོགས་ཚོ་ལྷན་དུ་བཞད་མོ་བཞད་པར་ཞུའོ།།
སྐྱེ་བ་ཀུན་ཏུ་ཆོས་མཐུན་གྱི་གྲོགས་དང་དྲི་མ་མེད་པའི་ཤེས་རབ་ཀྱིས་འཚོ་བར་ཤོག་ཤིག
རྫ་ཚེ་ལགས་ཁྱེད་ནས་ང་ཡི་མཆན་ལ་བཀའ་ལན་གནང་བར་བཀའ་དྲིན་ཆེ།
འོན་ཀྱང་ཁྱེད་ཀྱི་མཆན་༡༣༢་ནང་དུ་འདི་ལྟར་གསུངས་གནང་འདུག
(ལར་ང་ཚོས་དོ་སྣང་དགོས་པ་ཞིག་ལ་སྔོན་གྱི་རྫོགས་ཆེན་པས་ཐིག་ལེ་དང་སྣང་ཆ་སོགས་དབང་པོ་མངོན་སུམ་གྱི་ལམ་གཙོ་བོར་བྱས་ནས་རྟོགས་པ་མཐོན་པོ་རྣམས་ནི་དེ་གས་གྲོལ་ན་ཡང་།)
དེ་ལྟར་རྙིང་མའི་རྫོགས་ཆེན་གྱི་གཞུང་སོགས་ནས་བཤད་པ་ཡོད་ན་མ་གཏོགས།
བོན་གྱི་ལུགས་སུ་ཐོད་རྒལ་གྱི་སྣང་བའི་ལྷག་མཐོང་འོད་གསལ་གྱི་སྣང་བ་གཟུགས་སྐུའི་ས་བོན་ཐིག་ལེ་ལས་སོགས་སྣང་བ་དེ་དག་དབང་པོ་མངོན་སུམ་གྱིས་རྟོགས་པར་མི་ནུས་ཤིང་དེ་དག་དབང་པོའི་ཡུལ་དུའང་མ་གྱུར་བ་འདོད་ཀྱིན་ཡོད་འདུག
གལ་ཏེ་སྣང་བ་དེ་དག་དབང་པོའི་ཡུལ་དུ་གྱུར་བའི་ཕྱི་ཡི་ཡུལ་གཟུགས་ལྔ་ལས་སོགས་སུ་འདོད་ན།
རྫོགས་པ་ཆེན་པོའི་ལུགས་ལ་མུན་མཚམས་ཞེས་ཕྱི་ཡི་གསལ་བ་དང་འོད་ལས་སོགས་ཡེ་ནས་མེད་པའི་སྒོ་ཁྱོག་རིམ་པ་གསུམ་ཅན་གྱི་ནང་དུ་མཚམས་དམ་དུ་བཅས་ཏེ་བཞུགས་མི་ཉམས་ལེན་པའི་སྣང་ངོར་མུན་པའི་ནང་དུ་སྣང་བ་དེ་དག་དངོས་སུ་སྣང་དུ་ཡོད་འདུག་ན་ཇི་ལྟར་སྣང་བ་ཡིན་ནམ།
དཔེར་ན།་དབང་པོའི་ཡུལ་དུ་གྱུར་བའི་བུམ་པ་དེ་ཉིད་མུན་པ་ཤིན་ཏུ་བསྟུག་པའི་ནང་དུ་དབང་པོས་མི་མཐོང་བ་བཞིན་ནོ།
སྤོབས་མཐའ་ཡས་ལགས་ནས་མཆན་༡༤༤་ནང་དུ་འདི་ལྟར།
(ལ་སྟོད་བུས་བོན་གྱི་རྫོགས་ཆེན་དེ་དབུ་མ་ཐལ་འགྱུར་བ་དང་མི་མཚུངས་པར་ནན་གྱིས་གསུངས་པ་དེར་བལྟས་ཚེ་རྙིང་བོན་གྱི་རྫོགས་ཆེན་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་མིན་འགྲོ། སྔ་མོའི་དུས་སུ་རྙིང་མའི་བླ་མ་འགའ་རེས་རྫོགས་ཆེན་གྱི་ངོ་སྤྲོད་བྱེད་པའི་སྔོན་འགྲོ་ལ་དབུ་མ་རྩ་བ་ཤེས་རབ་ཐར་བཅུ་དྲུག་རེ་འཆད་ཁྲིད་བྱེད་སྲོལ་ཡོད་པ་ཐོས་མྱོང་བས་རྙིང་མ་བས་སྔར་ནས་དབུ་མའི་ལྟ་བ་འདི་རྫོགས་ཆེན་གྱི་ལྟ་བའི་རྨངས་གཞིར་འཇོག་གིན་ཡོད་འདུག)
བོན་པོ་ལགས་ཀྱི་བཤད་པ་ལྟར།
རྫོགས་ཆེན་གྱི་ངོ་སྤྲོད་བྱེད་པའི་སྔོན་དུ་དབུ་མའི་ལྟ་ཁྲིད་བྱེད་པ་ནི་དབུ་རྫོགས་གཉིས་ཀྱི་ལྟ་བ་གཅིག་ཏུ་སྒྲུབ་བྱེད་མིན་ཅིང།
སྟོང་པ་མཐའ་བྲལ་འདི་དང་མཐུན་མོད་ཀྱང།
ཞེས་པས་དབུ་རྫོགས་གཉིས་ཀྱི་ལྟ་བ་གཉིས་ཀར་དགག་བྱ་བདེན་གྲུབ་དང་རང་བཞིན་གྲུབ་པ་ལས་སོགས་བདག་གིས་སྟོང་པ་ཡིན་པར་མཐུན་པས་དེས་ན་དེ་ལྟའི་རིགས་པ་གཅིག་དུ་བྲལ་གྱི་རྟགས་ལས་སོགས་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་ཤེས་པའི་ཆེད་དུ་ཡིན་པར་སེམས།
དེ་ཡང་རྫོགས་ཆེན་གྱི་བླ་མ་ཧོར་ཏི་ཆེན་པོས།
ཤེས་པར་བྱས་ནས་དོར་བའི་བོན་དང་གཅིག
ཤེས་པར་བྱས་ནས་ཟུར་དུ་བཞག་པའི་བོན་དང་གཉིས།
ཤེས་པར་བྱས་ནས་དང་དུ་བླང་པར་བྱ་བའི་བོན་དང་གསུམ་ཡིན་པས་ཐམས་ཅད་ཤེས་དགོས་སོ།
ཞེས་གསུངས་པ་ལྟར་རོ།
གཞན་ཡང་དབུ་མའི་ལྟ་བར་ཉམས་མྱོང་ཡོད་མཁན་གཅིག་རྫོགས་པ་ཆེན་པོའི་ལྟ་བར་མོས་ཏེ་འཇུག་པ་དང་དེ་ལྟའི་ཉམས་མྱོང་མེད་མཁན་གཅིག་གིས་འཇུག་ཚུལ་ལ་གནམ་ས་ལྟ་བུའི་ཁྱད་པར་ཀྱང་ཡོད་དགོས་པ་འདུག
དབུ་མའི་ལྟ་བ་དེ་ཉིད་མེད་དགག་གི་རྣམ་ཅན་ཞིག་ཡིན་པ་ནི་ཕྱིས་བྱུང་ག་གེ་མོ་ཞིག་ནས་གསར་དུ་སྒྲུབ་པ་མིན་པ།
མདོ་ལུགས་ཀྱི་ཐེག་པ་ཆེན་པོ་ཐལ་རང་གི་གྲུབ་མཐའ་འཆད་པའི་དབུ་རྩམས་པ་ནས་གྲགས་པ་ཞིག་ཡིན་པར་སེམས།
འོན་ཀྱང་དེ་ཙམ་བོད་གངས་ཅན་དུ་གྲགས་ཆེ་བ་ཞིག་མ་བྱུང་མོད་རྗེས་སུ་རྗེ་ཙོང་ཁ་བས་ནམ་ལང་པ་ལྟ་བུའི་རྒྱ་ཁྱབ་ཆེ་རུ་བཏངས་པར་སེམས།
གསང་བའི་ལྟ་བ་གསང་བར་མ་བཞག་ཅིང།
གསང་བའི་ཨུ་པ་མ་གསང་ཁྲོམ་དུ་བསྒྲགས།
གསང་སྔགས་དམ་ཚིག་མ་གསང་འགལ་སྲིད་ཚེ།
གསང་སྔགས་ལྷ་དང་ལྷ་མོར་མཐོལ་ལོར་བཤགས།
ཡིག་ནོར་བྱུང་ཚེ་མཐོལ་ལོར་བཤགས།
ཞོགས་ཇ་འཐུང་ཞོར་དུ་བྲིས་པ་དགེ།
དྲ་གྲོགས་རྫ་ཚེ་ལགས།
འདན་མ་སྟོང་དཔོན་གྱིས་རྫོགས་ཆེན་ལ་དགག་ཡིག་གཅིག་བྲིས་གནང་བ་ལོ་མང་པོའི་སྔོན་དུ་ང་ཡི་རྒན་ལགས་ཀྱིས་བསྟན་བྱུང་མོད་ད་ལྟ་དཔེ་དེ་ག་བ་ཡོད་རྩད་གཅོད་ཐུབ་མ་སོང།
ཁྱེད་ཀྱིས་དཔེ་དེ་གང་ན་བསླུ་རྒྱུ་ཐོབ་མེད་དང་དྲ་རྒྱ་སོགས་ནས་ཕབ་བཤུས་བྱེད་རྒྱུ་ཡོད་མེད་སོགས་མཁྱེན་ཚེ་སྐྱབས་འཇུག་གནང་རོགས།
དམ་པ་སངས་རྒྱས་འདི་ཀ་མ་ལ་ཤི་ལ་གཞན་ཞིག་ཡིན་ན་མ་གཏོགས་ཧ་ཤང་དགག་མཁན་དེ་ཡིན་ན་དུས་ཚིགས་རང་གིི་སྟེང་ནས་འགྲིགས་པ་ཞིག་ག་ལ་སྲིད། ང་ཚོས་འདི་འདྲ་རྐྱང་རྐྱང་བཤད་ནས་ཀླུ་སྒྲུབ་ལོ་དྲུག་བརྒྱར་འཚོ་བར་འདོད་དགོས་པ་ལྟ་བུ་བྱུང་བ་རེད།
སྤོབས་པ་ལགས། འཇར་པན་གྱི་ནང་ཆོས་དེ་ཀོ་རེ་ཡ་ནས་དར་བ་དང་རྒྱ་ནག་ནས་དར་བ་གཉིས་ཀྱི་འདོད་ལུགས་ཡོད་པ་སོགས་གསུངས་ཞིང་། དག་ཞིང་ཆོས་ལུགས་ཀྱི་རྩ་བའི་སྒྲུབ་བྱེད་ལྟ་བུའི་གཞུང་མི་མཐུན་སྙིང་པོ་མེད་པར་སྨྲ་བ་ཞེས་པ་ཁང་དཀར་གྱིས་རང་གི་མའི་དོན་དུ་བསྒྱུར་པ་དེ་ཙམ་ལས་འཇར་པན་ནང་པའི་དཔེ་ཆ་ཡག་པོ་མཇལ་མ་མྱོང་པས། ཛེན་གྱི་གྲུབ་མཐའི་ཁུངས་དང་འདོད་པ་ནི་མ་ངེས་པས་མི་ཤེས་ཞུ་རྒྱུ་རང་རེད།
གཅིག་བྱས་ནས་ཁང་དཀར་གྱི་ནང་པའི་ཆོས་འབྱུང་དེར་ཅུང་ཡོད་སྙམ་ཏེ་མི་དྲན།
༢༽ལ་སྟོད་ལགས། ངས་སྟོང་དཔོན་གྱི་དགག་ཡིག་དེ་ལོ་བཅུ་གྲངས་ཀྱི་སྔོན་ལ་མཇལ་བ་རེད། དེ་ནས་མྱོང་། དེར་ཀློང་ཆེན་དང་། ཤག་མཆོག་གཉིས་ཀ་དགག་ཡོད་རེད། མ་གཞི་ཤཱཀ་མཆོག་ཀློང་ཆེན་གཉིས་ཀའི་ལྟ་བ་འདྲ་བར་འདོད་མཁན་ཡང་ཡོད་རེད།
གང་ལྟར་ང་ལ་དཔེ་མེད་ཞུ།
ཡང་། ལ་སྟོད་ཀྱི་མཆན༡༥༣པའི།
དབང་པོ་མངོན་སུམ་དང་དངོས་གནས་དབང་པོའི་ཡུལ་རང་ག་བ་ཡིན་མིན་སོགས་ལ་ཀུན་མཁྱེན་ཡབ་སྲས་ཀྱི་གསང་ཤིན་ཏུ་རྒྱ་ཆེ་ཞིང་། དཔེ་ཐོག་བྲོ་རྡུང་རེ་ཤེས་ཀྱང་སྲིད་མོད། ཐོད་བརྒལ་གྱི་སྐོར་འདི་ལྟར་ཧ་ཅང་དམརa་རྗེན་དུ་འཆད་པ་ལ་དབྱིངས་ཀྱི་མཁའ་འགྲོ་མ་རྣམ་འཁུ་བར་དོགས་ནས་བཞག་གོ །
མཁའ་་་ཀློང་་དབྱིངས་་་གསུམ་ཞེས་པའི་ཚིག་འདི་རྣམས་་་བོན་པོའི་་་བོན་ཚིག་ཞིག་ཡིན་པའི་བཤད་སྲོལ་པས་དེང་སང་ཚང་མས་ལོངས་སུ་སྤྱོད་བཞིན་པ་ལ་དགའ་བ་འཕེལ། ཀློང་ཆེན་པའི་གཞུང་ལུགས་ཁག་ནང་་དབྱིངས་་ཅེས་པའི་ཚིག་འདི་མང་ཙམ་མཐོང་རྒྱུ་འདུག།
རྒྱ་བརྒྱུད་ནང་བསྟན་ལ་ཁྲན་ཙོང་ཟེར་བ་དང་禅ཤན་ཙོང་ཟེར་བ་གཉིས་ཡོད་པ་དེ་ག་འདྲ་རེད། ཤན་ཙོང་ཡིན་ནམ་དེ་ཟེན་དང་གཅིག་པ་ཡིན་ནམ། དེ་ང་ཚོའི་རྫོགས་ཆེན་དང་འདྲ་སེ་བ་ཞིག་འདྲ་མིན་ནམ། ཁང་དཀའ་ཚུལ་ཁྲིམས་ཀྱིས་ཧ་ཤང་གི་ལུགས་དེ་ང་ཚོའི་རྫོགས་ཆེན་དང་གཅིག་མཚུངས་ཡིན་པའི་རྒྱུ་མཚན་ལ་དེ་འདྲ་ཞིག་བཤད་ཡོད་སྙམ། གང་ལྟར་རྒྱ་ནག་ནས་བརྒྱུད་ཡོང་བའི་ལྟ་གྲུབ་ལྟ་བུ་ཞིག་ཡིན་པའི་རྒྱུ་མཙན་འདྲ་ཞིག་བཀོད་འདུག་སྙམ། གང་ལྟར་ལོ་མང་པོའི་སྔོན་བཀླགས་པ་ཡིན་པས་གསལ་བོ་ཞིག་དྲན་གི་མི་འདུག
བཀུར་འོས་རྫ་ཚེ་ལགས། ༡༽མཚོ་རྒྱལ་གྱི་སྐོར་ཏེ་ཀུ་རེའི་ཞོར་ཏུ་ཤོར་སོང་། ཕྲན་ཁ་ངན་ཚིག་རྩུབ་ཅན་ཞིག་ཡིན་པས་རང་དང་འཁོར་ཡུག་ལ་སུན་པ་བསྐྱེད་ཟིན། ཁྱོད་ལྟ་བུའི་ཐུགས་རྒྱ་ཡངས་མོ་ཅན་རེ་ལས་སྐད་ཆ་བཤད་རོགས་ཀྱང་ཐོབ་ཀྱི་མི་འདུག མདོར་ན། རྣམ་འགྲེལ་ལས། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །རང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད་དེས་བདག་ཐ་དད་ཀྱང་། །ཐ་དད་པ་ཉིད་སྒྲིབ་པ་ཡིས། །དངོས་རྣམས་དངོས་པོ་འགའ་ཞིག་གིས། །ཐ་དད་མིན་པ་ལྟ་བུར་སྣང་། །ཞེས་པ་འདིས་ངེད་གཉིས་གྱིས་ཡེ་ཤེས་མཚོ་རྒྱལ་རྩོད་པ་སྤོང་བར་བྱ། ང་ཁྱིམ་པ་ཞིག་ཡིན་པས་མོ་རྩོད་ལ་དགའ་ནའང་ཁྱོད་དགེ་སློང་ཞིག་ཡིན་པས་ཕོ་ཚུགས་ཤོར་མི་ཉན། ཀཿརྫོགས་ཀྱི་མཁན་པོ་ཞབས་འདྲེན་ཚོ་ལ་མ་འགྲན། ཕོ་རྒོད་པོ་སྡོམ་པ་ལ་གཟབ་གཟབ་གྱིས། ༢༽ཀློང་ཆེན་པས་ཀླུ་སྒྲུབ་ལ་བསྔགས་པ་ཐེག་མཆོག་མཛོད་དང་ངལ་གསོ་སྐོར་གསུམ་སོགས་སུ་ཡོད་མོད། རིམ་ཁང་བཅུ་དགུ་ལ་ཀླུ་སྒྲུབ་ཀྱི་ལུང་གཉིས་གསུམ་ཞིག་ལས་མེད་པ་དང་བསྟོད་པ་གནང་བ་མེད་པས་རྩེད་མོ་ཞུ་བ་ཡིན། ༣༽ཧྭ་ཤང་ལ་དག་འདོན་དང་ཁྲིམས་རྩོད་གནང་བ་ཡིན་ན། དང་པོ་སྒོམ་རིམ་གསུམ། བར་ཏུ་ས་པཎ། ཐ་མ་རྗེ་ཙོང་ཁ་པ་ཆེན་པོ་ཡབ་སྲས་མགོ་བོ་འགལ་མེ་བཞིན་ཏུ་འཁོར་བར་སྒྲུབ་མ་ཐུབ་ཚེ་རྩོད་པ་རྒྱལ་བའི་གོ་སྐབས་མེད་པར་དགོངས་མཛོད། །ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ཡང་ཁྲི་བྱང་རིན་པོ་ཆེའི་སློབ་མ་དགེ་ལྡན་ཡང་དག་པ་ཞིག་ཡིན་པ་འདོད་བཞིན་ཏུ་ཉི་ཧོང་གི་སྒོམ་ཆེན་པ་རྣམས་ཀྱི་ཕྱག་དངུལ་ལ་གཟིགས་ཏེ་རྫོགས་ཆེན་དང་ཧྭ་ཤང་གཅིག དེ་གཏད་རབས་ལས་བྱུང་ཚུལ་སོགས་ར་མགོ་ལུག་སྦྱར་ཞིག་ཁས་ལེན་ཤོར་སོང་བ་རེད། དེ་བཞིན་རྒྱ་ནག་དགེ་སློང་མ་རྣམས་ཀྱིས་གསོལ་སྟོན་དང་སྦྱིན་བདག་ཕྱག་དངུལ་ཕངས་མེད་ཏུ་བཏང་ནས་དགེ་སློང་མའི་སྡོམ་རྒྱུན་ལ་རྩོད་པ་ལྟར། རྒྱ་ནག་དགེ་སློང་རྣམས་ཀྱིས་ཧྭ་ཤང་ཡང་དག་ཏུ་སྒྲུབ་དང་ངས་འགྲོ་སོང་གཏོང་ཟེར་བའི་སྐབས་རེ་བྱུང་ན་གཟབ་པར་འཚལ། ཆོས་ལུགས་མཐུན་སྒྲིལ་ཏུ་ཁ་གཡར་ནས་ཕ་ཆོས་བོར་བའི་མཁན་པོ་དགེ་བཤེས་མི་ཉུང་བ་བྱུང་བས་སོ། །༤༽ཕྱག་ཆེན་ལ་དྭགས་ལུགས་མདོ་ཕྱོགས་དང་འབྲེལ་བ་དང་། ཤངས་ལུགས་སྔགས་ཕྱོག་དང་འབྲེལ་བ་སོགས་ཡོད་པ་ལས། ཕ་དམ་པའི་ཕྱག་ཆེན་ནི་སྔགས་ཕྱོགས་དང་འབྲེལ་བ་སྟེ། རྨ་ལུགས་ཕྱག་རྒྱ་ཆེན་པོའི་དབང་སོགས་བྱིན་རླབས་དང་འབྲེལ་བ་དང་། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གོག་ཏུ་འཕེལ་བར་བྱེད་པ་ལ། བདེ་མཆོག་ལྷ་བཅུ་གསུམ་སོགས་ཡི་དམ་སྐོར་དང་། ཕག་མོ་ཕྱི་ནང་གསང་བ་ཡང་གསང་གི་རྫོགས་རིམ། སྒྲུབ་པའི་བར་ཆད་སེལ་བྱེད་མགོན་པོ་ཨ་གྷོ་ར། སྒྲུབ་པའི་མཐུན་རྐྱེན་སྤེལ་བྱེད་གནོད་སྤྱིན་ཨ་པ་ར་ཛི་ཏ། བཀའ་གཏད་རྟེན་འབྲེལ་ཁང་འཇུག་སོགས་ལམ་གྱི་ཆ་ལག་ཡོགས་སུ་རྫོགས་པ་ཞིག་ཡིན། དེ་ཕྱིར་བཀའ་བབ་སྔ་ཕྱིའི་ཡིག་རྙིང་དང་། སྨིན་གླིང་ལོ་ཆེན་གྱི་ཞི་བྱེད་བཀའ་བབས་སྔ་ཕྱི་བར་གསུམ་གྱི་དབང་ཆོག དེའི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་སོགས་ལ་གཟིགས་ཏེ་སྤྱི་ཁོག་ངེས་པར་བྱ་རྒྱུ་ལས་ལུང་རེ་གཉིས་དུམ་ཆོད་མི་གནང་བར་འཚལ། མདོར་ན་ཕ་དམ་པའི་ཕྱག་ཆེན་ནི། ས་པཎ་གྱིས། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། འདི་ཡི་རྟོག་པ་གསང་སྔགས་ཀྱི། །ཐབས་ལ་མཁས་ན་ཚེ་འདིར་འགྲུབ། །དེ་ལས་གཞན་ཏུ་ཕྱག་རྒྱ་ཆེ། །འགྲུབ་པ་སངས་རྒྱས་ཀྱིས་མ་གསུངས། །དེས་ན་ཕྱག་རྒྱ་ཆེན་པོ་ལ། །མོས་ན་གསང་སྔགས་གཞུང་བཞིན་སྒྲུབས། །ཅེས་པའི་གསུངས་དང་མཐུན་ཤས་ཆེ། །
ལགས་རྒྱ་ནག་བསམ་གཏན་པ་དང་། ཁྱད་པར་དྷརྨོའི་ལུགས་ལ་མཉེས་ན། 達摩二入四行觀༽ 達摩大師血脈論༽達摩大師悟性論༽ 達磨大師破相論༽གཞུང་འདི་དག་མ་ཤེས་ཐབས་མེད་རེད། འདི་དག་བོད་ཡིག་ཏུ་ཐོ་རེ་བ་ཞིག་བསྒྱུར་བ་ཡོད་དེ་ཟིན་བྲིས་འདིར་ཁུར་མི་འདུག རྒྱ་ནག་དང་། ཉི་ཧོང་། ཀོ་རི་ཡ་ལ་སོགས་པ་ཐམས་ཅད་ཀྱི་རྩབའི་བསྟན་བཅོས་འདི་བཞི་ཁོ་ན་རེད། ལྷག་པར་ཁྲག་རྩའི་བསྟན་བཅོས་སམ། གཏད་རབས་ཀྱི་བསྟན་བཅོས་བྱ་བ་འདི་ལ་བསྟེན་ནས། རྒྱ་ནག་གི་སྒོམ་ཆེན་པེ་ཀྲང་ཕྱོགས་ཁག་གིས་ཞིང་རྨོ་བ་ཡང་སྒོམ་ཡིན། ཉིན་གཅིག་ཞིང་མ་རྨོས་ན། །ཉིན་རེའི་ཟས་མི་ཟ། །ཟེར་བ་ལ་སོགས་པས་གཏམ་བརྒྱུད་བྱུང་སྟེ་གྲྭ་བས་ཚོང་བྱེད་རྒྱུ་དང་ཞིང་འདེབས་རྒྱུ་སོགས་དར་བ་རེད། ཡང་། ལྟ་བ་མཐོང་ན་ཆགས་པ་མེད། །ཆགས་སྤྱོད་སྟོང་པ་ཉིད་དུ་ཤེས། །得見性,婬欲本來空寂ཟེར་བ་སོགས་ཀྱི་ཚིག་ལ་བརྟེན་ནས་ཉི་ཧོང་གི་གྲྭ་བ་རྣམས་ཀྱིས་སྐྱེས་མ་ལེན་རྒྱུ་དར་བ་རེད། 禮者不知,知者不禮 གུས་པ་ཉིད་ནི་མ་རིག་པ། །རིག་པས་གུས་པ་བྱེད་མི་སྲིད། །རྒྱལ་དང་སྲས་ལ་ཕྱག་མི་འཚལ། །ཟེར་བའི་ཚིག་ལ་བརྟེན་ནས་བསམ་གཏན་པས་སྐུ་གཟུགས་སོགས་བཞེངས་པ་དང་མཆོད་པ་བཀག དེ་ནས་དག་ཞིང་པ་རྣམས་དང་རྩོད་པ་བྱུང་བ་རེད། ངས་གོང་ཏུ་ཐེངས་མང་པོར་ཧྭ་ཤང་གི་ལོ་རྒྱུས་སྟོན་ཟེར་དོན་དེ་ཡིན། ཁང་དཀར་ཚུལ་ཚུལ་ཁྲིམས་ཀྱིས་འདི་དག་མཏོང་བཞིན་ཏུ་བོད་ཀྱི་ཆོས་ལུགས་ལ་ཟུར་ཟ་དང་ཉི་ཧོང་བསམ་གཏན་པར་བསྟོད་པ་བྱས་པ་རེད། བསམ་གཏན་པའི་བསྟན་པའི་གོ་རིམ་མི་འདོད་པ་གང་ལ་བལྟས་ཀྱང་ངེས་ཅན་རེད། གང་ཟག་དབང་རྣོན་ལས་ཀུན་ལ་འོས་པ་ཞིག་ཡིན་པར་མ་མཐོང་ངོ། །
ཡང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོས་དབྱིངས་བསྟོད་པ་རྒྱའི་ལོ་ཙཱ་བ་གྲགས་ཅན་ཇོ་མོ་ལའོ་ཧྲིའི་འགྱུར་གྱི་ཐུགས་ནས་བཀའ་ཁྲིད་གནང་བའི་ནང་བོད་དུ་ཕེབས་པའི་ཧ་ཤང་སྒེར་ངོས་ནས་ལྟ་བ་ནོར་ཡོད་སྲིད་ནའང་ཐང་མོད། སྤྱིའི་ཆ་ནས་ཁྲན་ཙོང་ནི་བོད་ཀྱི་ཕྱག་ཆེན་དང་ཧ་ཅང་ཉེ་བའི་ཆོས་ལུགས་རྩ་ཆེན་ཞིག་རེད་ཅེས་གསུངས་འདུག་པ་ཡང་དཔྱད་གཞིར་འབུལ་ཏེ། ཁོང་གི་གཟིགས་ཚུལ་ཕུལ་བས་གྲོགས་པོ་ཚོར་ཐུགས་ཕན་སོས་སྲིད་པས་སོ།།
ཟེན་དང་རྫོགས་ཆེན་ལ་འདྲ་ས་ཁག་གཅིག་ཡོད།
༡ བླ་སློབ་ཀྱི་བརྒྱུད་པ་དེ་ཧ་ཅང་གལ་ཆེན་པོར་བརྩི་བ།
༢ བླ་སློབ་གདོང་དང་གདོང་གཏུག་ནས་ངོ་སྤྲོད་བྱེད་སྲོལ་ཡོད་པ།
༣ སེམས་ཀྱི་ངོ་བོར་ཐད་ཀར་ལྟ་བ།
༤ ཕྱིའི་སྤྲོས་པ་དོར་ནས་ནང་གི་ཉམས་ལེན་ཁོ་ན་གལ་ཆེན་དུ་བརྩི་བ།
༥ རང་ངོར་ལྟ་བ་དང་། རང་ངོ་ཤེས་པ། རང་གྲོལ་བ་བའི་ཐ་སྙད་ཡོད་པ།
༦ བོད་དུ་རྫོགས་ཆེན་དར་བའི་དབུ་བརྙེས་པ་དང་རྒྱ་ནག་དུ་གྱི་ཟེན་གྱི་ཆོས་ལུགས་དར་བའི་དབུ་བརྙེས་པ་ལ་དུས་ཚོད་སྔ་ཕྱི་ཆེན་པོ་མེད་པ།
ཟེན་གྱི་སློབ་དཔོན་ཞིག་གིས། རང་ཉིད་ཀྱི་རི་ཁྲོད་ཆགས་ཡུལ་རི་སྔོན་པོ་ཟེར་བ་ཡིན་ཞིང་རི་དེར་དུས་རྟག་ཏུ་སྨུག་ལང་ལོང་དུ་འཐིབས་ས་ཞིག་ཡིན་འདུག ཁོང་གིས་དེར་དཔེ་སྦྱར་ནས་འདི་ལྟར་གསུངས། རི་སྔོན་པོ་འདི་སྤྲིན་པ་དཀར་པོའི་ཕ་ཡིན་ལ་སྤྲིན་པ་དཀར་པོ་འདི་རི་སྔོན་པོའི་བུ་ཡིན། དེ་གཉིས་གཅིག་ལ་གཅིག་བརྟེན་ཡིན། ཡིན་ན་ཡང་རི་སྔོན་པོ་ནམ་ཡིན་ཡང་རི་སྔོན་པོ་ཡིན་ལ་སྤྲིན་པ་དཀར་པོ་ནི་ནམ་ཡིན་ཡང་སྤྲིན་དཀར་པོ་རེད། དེར་བརྟེན་ཆོས་ཐམས་ཅད་གཅིག་ལ་གཅིག་ལྟོས་ནས་གྲུབ་ཀྱང་རང་ངོས་ནས་གང་ལ་ཡང་མ་བརྟེན་པའི་རང་བཞིན་དུ་གྲུབ་ཡོད། ནགས་ཚལ་ལ་ལྟོས་དང་། ནགས་ཚལ་ནི་ཤིང་སྡོང་རེ་རེ་ལས་གྲུབ་པ་ཡིན་སྟབས་ཤིང་སྡོང་ལས་གཞན་པའི་ནགས་ཚལ་མེད་ལ་ནགས་ཚལ་ལས་གཞན་དུ་གྲུབ་པའི་ཤིང་སྡོང་མེད། དེར་བརྟེན་ང་ཚོས་ད་ལྟ་རང་ཞེས་འཛིན་པ་དེ་ཡང་དོན་དུ་གཞན་ཞེས་འདོགས་བཞིན་པ་དེའི་ཆ་ཤས་ཤིག་ལས་མ་འདས་པས་རང་དང་གཞན་ཞེས་བྱ་བ་དེ་ཡང་ངོ་བོ་ཐ་དད་དུ་གྲུབ་པ་མེད། བྲག་གཡང་ནས་བཞུར་བའི་ཆུ་རྒྱུན་འདི་བཀག་བསྐྱིལ་བསྒྱུར་བཅོས་མ་བྱས་པར་བཞག་ན་ཆགས་ཐོགས་མེད་པ་བཞིན་དུ་རང་གི་ངོ་བོ་ལ་བཅོས་བསྒྱུར་མེད་པར་བལྟས་ནས་རྒྱུན་བསྐྱངས་ན་ཡིན་ན་གོལ་འཆུག་མེད་པར་གྲོལ་བ་བའི་གོ་འཕངས་ཐོབ་པ་ཡིན་ཞེས་ཞལ་ཕོ་མང་པོ་ཞིག་གསུངས་འདུག གང་ལྟར་འཇིགས་མེད་གླིང་པའི་སྣང་བ་དཔེ་རུ་ཤར་ཞེས་ཡང་ཡང་གསུངས་པའི་དོན་དེ་ཡང་འདི་འདི་འདྲ་ཞིག་མིན་ནམ་སྙམ།
རྙིང་མ་བའི་ནང་ལ་ཞི་བྱེད་དང་གཅོད་ཟེར་བ་དེ་ཚོ་ག་འདྲ་བྱས་ནས་འཛུལ་ཡོང་བ་ཡིན་ནམ།
དྲ་གྲོགས་ཚང་མས་ཆོས་ལུགས་སྐོར་ལ་ཞིབ་འཇུག་དང་དོགས་སློང་སྣ་ཚོགས་བཀོད་ན་དགེ་མཚན་དང་ཕནཐོགས་རྒྱ་ཆེན་པོ་འདུག ད་དུང་བོན་པོའི་སྐོར་དང་གསར་རྙིང་གི་ལྟ་བའི་ཁྱད་པར་མུ་མཐུད་དུ་དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་ན་དེ་བས་ཀྱང་དགེ་བཙན་ཆེ། བོད་ཕྱི་ནང་གི་དོན་གཉེར་ཅན་དུ་མས་རེ་སྒུག་བྱེད་བཞིན་པའི་གངས་ལྗོངས་རིག་གནས་ཀྱི་གླེང་སྟེགས་འདིར་བསྔགས་བཇོད་དང་འབྲེལ་སྨྲ་བརྗོད་རང་དབང་གི་སྒོ་འཕར་ཡངས་པོར་འཇུག་པར་འཚལ།།
རྗེ་མི་ལས།
སྣང་བ་དཔེ་རུ་ཤར་བ་དེ། །རྣལ་འབྱོར་དེ་ལ་གདམས་ངག་མང་། །གསུངས་པ་འབྱར་འདོད་དམ། དགེའོ། །
ལོ་རྒྱུས་སྨྲ་བའི་དེ་དཔོན་གྱིས་རང་ཉིད་ཀྱི་ལོ་རྒྱུས་དཔྱད་ཞིབ་བྱས་ཚད་ལ་ཕྱོགས་བསྡོམས་བརྒྱབ་ཏེ། གངས་ཅན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་ལ་ཕྱོགས་བསྟོན་འཁོར་ལོ་ཞིག་གནང་རྒྱུའི་རེ་བསྐུལ་ཆེན་པོ་ཡོད།
རྒྱ་ནག་བསམ་གཏན་པའི་ལོ་རྒྱུས་སུ་བླ་རབས་རེ་རེ་བཞིན་སྐད་གྲགས་ཆེ་བའི་བསམ་གཏན་སློབ་དཔོན་རྣམས་ཀྱི་ལོ་རྒྱུས་ཡོད་མོད། དེར་ཧྭ་ཤང་མ་ཧཱ་ཡ་ན་རྩ་ཆེན་དང་བརྒྱུད་པར་འདྲེན་རྒྱུ་ཞིག་ཅང་མ་རེད། གཅིག་བྱས་ན་དེང་དུས་བོད་ཀྱི་བླ་མ་ཕྱི་གླིང་གི་ཡུལ་དུ་ཆོས་སྤེལ་མཁན་ཚོའི་ནང་དུ་བདེན་རྫུན་ཅི་རིགས་པ་ཡོད་དང་འདྲ་ཤས་ཆེ། ཁོང་ཚོས་ཁུང་གཏུག་སའི་མདོ་དང་བསྟན་བཅོས་གཙོ་བོར་གྱུར་བ་བཅོ་ལྔ་བཞུགས་ཡོད། འདི་དག་ཧྭ་ཤང་ཞིབ་འཇུག་ལ་ཤིན་ཏུ་མཁོ་བས་གཟིགས་པར་འཚལ། 胡適的統計་古譯的禪法諸經,重要的共有底下十五種:
一、《道地經》一卷,後漢安息國三藏安世高譯。
二、《大安般守意經》二卷,安世高譯。
三、《禪行三十七品經》一卷,安世高譯。
頁13
四、《禪行法想經》一卷,安世高譯。
五、《小道地經》一卷,後漢支曜譯。
六、《禪要經》一卷。
七、《修行道地經》一卷,西晉三藏竺法護譯。
八、《坐禪三昧法門經》二卷,姚秦鳩摩羅什譯。
九、《禪法要解經》二卷,鳩摩羅什譯。
十、《思惟略要法》一卷,鳩摩羅什譯。
十一、《菩薩訶色欲法》一卷,鳩摩羅什譯。
十二、《禪秘要法經》三卷,鳩摩羅什譯。
十三、《修行方便禪經》(即《達磨多羅禪經》)四卷,東晉佛
陀跋陀羅譯。
十四、《五門禪經要用法》二卷,宋罽賓三藏曇摩密多譯。
十五、《治禪病秘要法》二卷,宋居士沮渠京聲譯 འདི་དག་ཕྱོགས་གཅིག་ཏུ་སྒྲིག་པའི་དེབ་ཡངདཔེ་མཛོད་ཁང་ཁག་ནས་ཐོབ་རྒྱུ་རེད་སྙམ། །
བོད་དུ་ཕེབས་པའི་ཧ་ཤང་འདི་རྒྱལ་པོ་ཚང་གི་དབུ་བླ་ཡིན་པར་བལྟས་ན་མཁས་བཙུན་བཟང་གསུམ་གང་རུང་གི་ཆ་ནས་སྐད་གྲགས་ཅན་ཞིག་ཡིན་པར་ཐག་ཆོད་པ་རེད།
སྤོབས་པ་མཐའ་་ཡས་ལགས། ཤན་ཙོང་顯宗མདོ་ལུགས་པ་སྤྱི་ཡི་མཚན་དང་། ཁྲན་ཙོང་ངམ་禪宗ཡིག་རྙིང་དུ་ཆན་ཙོང་ཞུ་བ་བསམ་གཏན་པ་དང་། མིས་ཙོང་密宗་གསང་སྔགས་པ་རེད། ཧྭ་ཤང་མ་ཧཱ་ཡ་ནའི་མཚན་ལ་རྒྱ་ཡིག་ཏུ་摩訶衍行་ཟེར་བ་ཨེ་ཡིན་སྙམ། འདི་ནས་ཏུན་ཧོང་ཡིག་རྙིང་དུ་རྒྱ་བོད་ཀྱི་གི་གེར་འཁོད་པ་རྣམས་བལྟ་ཐུབ། ww.foyuan.net རྒྱལ་པོའི་དབུ་བླར་གྱུར་པས་མཁས་བཙུན་བཟང་གསུམ་ལྡན་པའི་ངེས་པ་མེད་དེ་རྒྱ་སོག་འབྲུག་ཡུལ་སོགས་སུ་ད་ལྟའི་མི་གྲགས་ཆེན་པོ་རྣམས་ཀྱི་བླ་མ་བྱེད་མཁན་ནང་དུ་མང་ཆེ་བ་མགོ་བདེ་འཇིག་རྟེན་ལ་མཁས་པ་ཚོ་རེད། ཆོས་པ་ཡག་པོ་ཚོ་གྲྭ་ཚང་ཆེན་པོའི་དཀྱིལ་དང་དབེན་པའི་རི་ཁྲོད་ཏུ་ཁུ་སིམ་མེར་བཞུགས་ནས་ཡོད། ཚ་ཀན་ཧུ་ཐོག་ཐུའི་རྣམ་ཐར་ལ་གཟིགས་དང་སྐབས་དེར་བླ་ཆེན་རྣམས་ཀྱིས་མི་ཆེན་བརྒྱུད་ནས་ཧུ་ཐོག་ཐུའི་མཚན་ཉོ་བར་ལྐོག་དངུལ་གཏོང་ཚུལ་གྱི་ལོ་རྒྱུས་གསལ་བོར་ཡོད་པ་ལྟ་བུའོ། །རྗེ་ཙོང་ཁ་པདང་། ཀློང་ཆེན་པ་ལྟ་བུ་ཐོས་བསམ་སྲོག་ལྟར་གཅེས་པ་མཛད་མཁན་དང་། ཟུར་ཆུང་དང་མི་ལ་རས་པ་ལྟ་བུ་སྒོམ་སྒྲུབ་གཙོ་བོར་གནང་མཁན། བཀའ་དམས་དགེ་བཤེས་གོང་མ་རྣམས་ལྟ་བུ་འཁོར་བ་དུག་སྦྲུལ་གྱི་ཚང་དུ་གཟིགས་མཁན་དག་རྒྱལ་པོའི་དབུ་བླ་ཨེ་ཡོང་བལྟས་ཏེ་རྩོད་པ་གནང་རྒྱུ་མ་རེད་བསམ། །
བོན་པོ་ལགས། མཁར་རྨེའུ་བསམ་གཏན་གྱི་བརྗོད་ཚིག་འདིས་རྫོགས་ཆེན་གྱི་ཁུངས་བོན་ཡིན་ཚུལ་གྱི་སྒྲུབ་བྱེད་གང་ཡང་རྙེད་ཐུབ་རྒྱུ་མི་འདུག ༼གོང་གསལ་ཨ་རྫོགས་སྙན་གསུམ་ལས་རྫོགས་ཆེན་ནི་བཞོད་སྟོན་དངོས་གྲུབ་གྲགས་པས༼ རྫོགས་ཆེན་ཡང་རྩེ་ཀློང་ཆེན༽ཞེས་པའི་དཔེ་ཆ་གཏེར་ནས་བཞེས་རྗེས་དར་བར་གྲགས། བོན་ལུགས་ཀྱི་བསྟན་རྩིས་ལྟར་ན་གཞུང་དེ་དར་བའི་དུས་ནི་སྤྱི་ལོ༡༠༨༨ལ་ཡིན། དེ་ལྟའི་བོན་ལུགས་ཀྱི་མ་ལག་དེར་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནང་དུ་སེམས་སྡེ་ ཞེས་ཟེར་བ་ཡིན། དེར་བརྟེན། བོན་ལུགས་ཀྱི་ནང་དོན་དང་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རྙིང་མ་བའི་རྫོགས་ ཆེན་གཞུང་དབར་འབྲེལ་ལམ་ཞིག་མཆིས་སོ། །༽ཞིབ་མོར་བལྟོས་དང་བོན་ལུགས་ལ་རྫོགས་ཆེན་བསྲེས་པ་འདྲ། གང་ལྟར་བཎ་བོན་གཉིས་ཀྱི་ལྟ་གྲུབ་རྩོད་རྙོག་ཐད་ལ་མཐུན་པའི་རྐྱེན་དང་འགལ་བའི་རྐྱེན་མང་པོ་ཞིག་བྱུང་ཡོད་པ་ལས། དེང་སང་གི་བོན་པོའི་ཁྲོད་དུ་རྫོགས་ཆེན་ཉམས་ལེན་བྱེད་མཁན་ཡོད་ཚོད་འདུག གོང་གི་དཔེ་ཆ་དེའི་ཁ་བྱང་ལ་རྫོགས་ཆེན་ཡང་རྩེ་ཀློང་ཆེན་ཟེར་བ་དེར་དོགས་པ་འདི་ཡོད་དེ། གལ་ཏེ་ཀློང་ཆེན་དྲི་མེད་འོད་ཟེར་ནས་བརྒྱུད་པ་ཞིག་ཡིན་ན་ལོ་ཚུགས་དང་མི་མཐུན་པར་འདུག་པས། དེའི་གོ་དོན་ཅི་ཡིན་གསལ་བཤད་གནང་རོགས།
དྲིམེད་ལྷག་བསམ་ལགས། ལན་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱིས་མཁོ་སྤྲོད་གནང་བའི་དྲ་བ་དེར་བལྟས་ཀྱང་སྤྱིར་ངས་རྒྱ་ཡིག་ཅང་མི་ཤེས་ཁར་རྒྱ་ནག་སྐམ་སའི་ཡི་གེ་བཞིན་སླ་བཅོས་མ་བྱས་པའི་ཡི་གེ་རྫོབས་ཆེན་དེས་མིག་ཀྱང་རབ་བེ་རིབ་བེ་ཞིག་བཟོས་ཡོང་གིན་འདུག ཏུན་ཧོང་ཡི་གེ་དེར་ཡང་སྙིང་ཅི་ཞིག་བྲིས་འདུག ཧ་ཤང་བླ་མ་བཟང་ངན་དེ་ཁྱེད་ཀྱིས་གསུངས་པར་བདེན་ཁ་སྟེར་ཆོག ངས་ཀྱང་མཚམས་མཚམས་ལ་དེ་ལྟར་བསམ་གྱིན་ཡོད།
དྲྭ་གྲོགས་རྣམ་པར་དཔྱད་ཞིབ་བདེ་བའི་ཕྱིར།
http://theyungdrungbon.com/?p=176
ལས་དཔེ་བཤུས་བྱས་པས་དྲྭ་བདག་ལགས་ལ་དགོངས་ཁྲོལ་མེད་པར་འཁྱེར་བར་དགོངས་འགལ་མེད་པ་ཞུ།
དེ་བཞིན་དྲྭ་གྲོགས་རྣམ་པས་མཆན་རིང་དྲགས་པའི་དགོངས་ཚོམས་མི་མངའ་བར་ཞུ།
དེ་ཡང་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་གང་ཟག་བློ་དབང་པོ་རབ་བམ་དཀའ་སྤྱད་ཀྱི་སྡེ་ལ་ཐེག་པའི་ཡོངས་རྩེ་རྫོགས་པ་ཆེན་པོའི་སྡེ་སྣོད་བསྟན་པ་སྟེ།་ གོང་དུ་ཕྱི་མཚན་ཉིད་དང་ནང་གསང་སྔགས་ཀྱི་བོན་རྣམས་བོད་ལ་ཇི་ལྟར་དར་ཚུལ་བཞིན་གསང་བ་རྫོགས་པ་ཆེན་པོའི་བོན་སྡེ་ཡང་དེ་དང་ཕལ་ཆེར་དུས་མཉམ་དུ་དར་བར་མངོན་ནོ།
ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་གསང་འདུས་ཡན་དགོངས་པས་ཐུགས་ནས་ཐུགས་སུ་བརྒྱུད་པ་དང༌། ལྷ་བོན་ཡོངས་སུ་དག་པ་ནས་ཚེ་སྤུངས་ཟླ་བ་རྒྱལ་མཚན་ཡན་གཅིག་གིས་གཅིག་ལ་གྲོ་སོག་གི་སྦུབས་ནས་ཚིག་གི་སྙན་དུ་རྒྱུད་པའི་རྫོགས་པ་ཆེན་པོའི་གདམས་པ་འདི་དག་བོད་ཡུལ་གངས་ཅན་ལྗོངས་སུ་དར་ཞིང་རྒྱས་ཚུལ་ནི། ས་ཡི་ལེགས་དྲུག་གི་རིང་ལ་གདུང་རྒྱུད་བཅུ་གསུམ་གྱི་བོན་རྣམས་དར་བར་བཤད་པའི་གདུང་རྒྱུད་བཅུ་གསུམ་གྱི་བོན་སྡེའི་ནང་ཚན། ཕ་རྒྱུད་ལུང་ཆེན་དང་ལྟ་བ་རྫོགས་ཆེན་ཞེས་པས་ཀྱང་དཔོག་ནུས་སོ། དེ་ཡང་གནམ་གྱི་ཁྲི་བདུན་གྱི་རྒྱལ་པོ་དེ་དག་གྲོངས་པའི་ཚེ་སྤུར་ས་ལ་མ་བཞག་པར་ནམ་མཁའ་ལ་འཇའ་ལྟར་ཡལ་ཏེ་ཕྱིན་པའི་ཚུལ་དག་ཀྱང་དོན་དུ་རྫོགས་པ་ཆེན་པོའི་ལྟ་སྒོམ་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་འཇའ་འོད་དུ་ཡལ་ཏེ་གདོས་ལུས་ཤ་ཁྲག་གི་ཕུང་པོ་མ་བོར་བར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་རུ་བཞེངས་པ་སོགས་ཡོད་པས་དེས་ན་རྒྱལ་པོ་དེ་དག་ཀྱང་ཕལ་ཆེར་དེ་ལྟར་ཡིན་སྲིད། མདོར་ན་ཕྱི་མཚན་ཉིད་ཀྱི་བོན་དང་། ནང་གསང་སྔགས་ཀྱི་བོན་སྡེ་བོད་དུ་ཇི་ལྟར་དར་ཚུལ་ལྟར་གསང་བ་སེམས་ཕྱོགས་རྫོགས་ཆེན་གྱི་བོན་སྡེ་ཡང་དེ་དང་ཆ་མཚུངས་པར་དར་མོད། རྫོགས་པ་ཆེན་པོའི་གདམས་པ་ནི་དེ་དག་དང་ཅུང་མི་འདྲ་བ་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་རྒྱལ་བ་དགོངས་རྒྱུད་དགུ་ཡིས། བར་གྱི་གཤེན་པོ་ཉི་ཤུ་རྩ་བཞི་སྟེ། ལ་ཟླའི་གཤེན་པོ་ལྔ། དོན་དྲུག་གི་གཤེན་པོ་དྲུག གདམས་ངག་དགུ་ཡི་གཤེན་པོ་དགུ། མན་ངག་དབུ་རྒྱན་བཞི་ཡི་གཤེན་པོ་བཞི་འམ། འཇའ་ལུས་འཕོ་ཆེན་ཉི་ཤུ་རྩ་བཞི་ལས་སོགས་ཀྱིས་རིམ་པར་གཅིག་ནས་གཅིག་ཏུ་བརྒྱུད་དེ་ད་བར་གདམས་པའི་བྱིན་རླབས་ཀྱི་ན་བུན་མ་ཡལ་བར་གནས་ཡོད།
མཛད་པའི་བོན་སྡེ་ལའང༌། སྙ་ཆེན་པོ་ལི་ཤུ་སྟག་རིང་གིས་མཛད་པའི་ཡོངས་རྩེ་ཀློང་ཆེན་དང༌། གལ་མདོ་རིག་པའི་ཚད་མ། མན་ངག་ལུང་གི་ཚད་མའི་འགྲེལ་བ། མཁས་པ་མི་བཞི་ཡིས་མཛད་པའི་བྱང་སེམས་གབ་པའི་འགྲེལ་བ་དང༌། ཤ་རི་དབུ་ཆེན་གྱིས་མཛད་པ་གལ་མདོ་ཏན་ཌ་ཉི་མའི་འཁོར་ལོ། བླ་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་འགྲེལ་བཞི་རིག་པའི་རྒྱ་མཚོ་དང༌། རྣམ་འབྱེད་འཕྲུལ་གྱི་ལྡེ་མིག དེ་བཞིན་ཡེ་ཁྲི་མཐའ་སེལ་དང༌། དྲང་དོན་མུན་སེལ་སྒྲོན་མའི་འགྲེལ་བ། ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་རྩ་འགྲེལ་ལས་སོགས་ཤིན་ཏུ་མང་བར་བཞུགས། དེ་བཞིན་མེ་སྟོན་ཆེན་པོ་ཤེས་རབ་འོད་ཟེར་གྱིས་མཛད་པའི་བྱང་སེམས་གབ་པའི་འགྲེལ་བ་དང་། ཡང་སྟོན་ཆེན་པོ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི། སྙན་རྒྱུད་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ། གཉག་སྟོན་རི་པས་མཛད་པའི་སྒྲོན་མའི་འགྲེལ་བ་ཉི་འོད་རྒྱན།
གཡོར་པོ་མེ་དཔལ་གྱིས་མཛད་པའི་ཨ་ཁྲིད་ཐུན་མཚམས་བརྒྱད་དམ་བཅུ་པ། བྲུ་རྒྱལ་བ་གཡུང་དྲུང་གིས་མཛད་པའི་བྲུ་ཡི་ཕྱག་ཁྲིད། སྒྲོན་མའི་འགྲེལ་བ། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་བྱང་སེམས་གབ་པའི་འགྲེལ་བ་ལས་སོགས་ཤིན་ཏུ་མང་བར་བཞུགས་སོ།
དེས་ན་མདོ་སྔགས་སེམས་གསུམ་གྱི་བོན་སྐོར་ནི་ཐོག་མར་སྟོན་པ་སངས་རྒྱས་ཀྱིས་ཐུགས་ཀྱི་ཀློང་དང་ཞལ་དང་བྱིན་གྱིས་རླབས་པ་ལས་སོགས་ཅི་རིགས་ཀྱིས་སྒོ་ནས་གསུང་པ་ཞིག་དང༌། དེ་ནས་རིམ་པར་བརྒྱུད་ནས་ད་ལྟའི་བར་དུ་དབང་ལུང་མན་ངག་ཁྲིད་གསུམ་གྱི་ཆུ་རྒྱུན་མ་ཆད་པར་བཞུགས་པའོ། འོན་ཀྱང་རྒྱལ་བློན་གདུག་པ་ཅན་དང་འབངས་མི་གསར་འགྲོགས་ཆེ་བའི་རྐྱེན་གྱིས་བོན་བསྟན་ལ་སྔ་ཕྱི་བར་གསུམ་དུ་གངས་ཅན་གྱི་ལྗོངས་འདིར་འཕེལ་འགྲིབ་ཀྱི་རིམ་པ་དུ་མ་ཞིག་བྱུང་མོད། སྔར་བྱོན་རིག་འཛིན་གོང་མ་རྣམས་ཀྱིས་ཐུགས་བསྐྱེད་ཀྱིས་སྨོན་ལམ་དང་། བསྟན་བསྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་མཐུ་སྟོབས་ཀྱིས་ནུས་མཐུ་ལ་བརྟེན་ཏེ་གཏན་ནས་ནུབ་པར་མ་གྱུར་བ་འདི་ཡང༌། སྤྱིར་འགྲོ་བའི་སྤྱི་མཐུན་གྱི་བསོད་ནམས་དང༌། བྱེ་བྲག་ཏུ་གཤེན་གྱི་བསྟན་ལ་མོས་ཤིང་རྗེས་སུ་འཇུག་པའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའོ། དེ་ཡང་གཏེར་ལས་དྲངས་པ་དང་སྙན་དུ་བརྒྱུད་པ་སྦས་སྐུངས་ལས་སོགས་ཐབས་ལམ་སྣ་ཚོགས་ཀྱིས་ལམ་ནས་སླར་ཡང་སྤང་ལ་ཤ་མོང་རྡོལ་བ་བཞིན་དུ་ཡུལ་གྲུ་ཀུན་ཏུ་རྒྱས་ཤིང་འཕེལ་ཏེ་འགྲོ་བའི་བསོད་བསྐལ་དུ་ཤར་བའོ།
དེ་ནས་མདོ་སྔགས་སེམས་གསུམ་གྱི་ལྟ་བ་མཐར་ཐུག་པ་ཇི་ལྟར་ཡིན་ཞེ་ན།
ཕྱི་མཚན་ཉིད་མདོ་ཡི་ལུགས་ཀྱི་ཐེག་པའི་མཐོ་ཤོས་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་རྟགས་ཀྱིས་བོན་ཐམས་ཅད་བདེན་མེད་སྤྲོས་བྲལ་དུ་གཏན་ལ་ཕབས་ཏེ་བོན་ཐམས་ཅད་བདེན་མེད་དུ་སྒྲུབ་པ་དང༌། དེས་ན་བོན་ཐམས་ཅད་རང་བཞིན་གྱིས་གྲུབ་པ་དང་བདེན་པར་གྲུབ་པ་རྡུལ་ཙམ་དུའང་མ་གྲུབ་པ་སྟེ། འདུས་བྱས་ཀྱི་བོན་ཐམས་ཅད་རང་གི་རྒྱུ་དང་རྐྱེན་ལས་གྲུབ་ཅིང༌། འདུས་མ་བྱས་པའི་བོན་ཐམས་ཅད་འདོགས་བྱེད་སྒྲ་བློའི་དབང་གིས་གྲུབ་པ་ལས་རང་གི་རང་བཞིན་གྱིས་གྲུབ་པ་དང་རང་ངོས་ནས་གྲུབ་པའི་བོན་གང་ཡང་མི་འདོད། གཞན་ཡང་བོན་ཐམས་ཅད་ཆ་བཅས་སུ་གྲུབ་ཅིང་རྟེན་ཅིང་འབྲེལ་བ་ཙམ་དུ་གྲུབ་པར་འདོད་དོ། དེས་ན། མིང་ཙམ་དུ་ཡོད་པ་དང་། ཐ་སྙད་ཙམ་དུ་གྲུབ་པ་དང༌། ཀུན་རྫོབ་ཙམ་དུ་གྲུབ་པ་ལས་སོགས་དོན་གཅིག་པར་འདོད་དོ།
དེ་ལྟར་ཐ་སྙད་བརྟགས་པའི་ཚེ་བོན་གང་ཡང་ཡུལ་གྱི་ངོས་ནས་རྙེད་པར་མི་འདོད་ཅིང༌། སྣང་བདོ་ཙམ་ན་སྟོང་པ། སྟོང་བདོ་ཙམ་ན་སྣང་བ། ཞེས་པ་སྟེ། ཀུན་རྫོབ་སྣང་བ་ལ་རིགས་པས་དཔྱད་པའི་ཚེ་རང་གི་ངོ་བོ་བདེན་པས་སྟོང་ཞིང་སྣང་བ་ཙམ་མམ་ཐ་སྙད་ཙམ་ལས་བདེན་པའི་དངོས་པོས་སྟོང་པར་འདོད་པ་དང༌། བདེན་པས་སྟོང་པའམ་དོན་དམ་དེ་ཉིད་ཀྱང་རིགས་པས་དཔྱད་པའི་ཚེ་ན་བརྟག་དོན་བཙལ་ན་རྙེད་པར་མི་འདོད་ཀྱང༌། ཐ་སྙད་ཙམ་དང་སྣང་བ་ཙམ་དུ་གྲུབ་པ་ཞིག་ཏུ་ཡོད་པར་འདོད་དོ། དེས་ན། སྣང་བ་མེད་ན་ཆད་ལྟ་བ། སྟོང་པ་མེད་ན་རྟག་ལྟ་བ། ཞེས་སྣང་སྟོང་ཟུང་འབྲེལ་དང༌། སྣང་སྟོང་གཉིས་ཚོགས་དང༌། རྟེན་འབྱུང་གི་ལྟ་བ། ཐ་སྙད་ཕྲ་མོ་ལས་སོགས་ཀྱང་འདི་ལྟ་བུ་ཞིག་ལ་བརྗོད་པའོ།
ནང་གསང་སྔགས་ཀྱི་ཐེག་པ་ལའང་ཕྱི་ཡི་ཐེག་པ་དང་ནང་གི་ཐེག་པ་གཉིས་སུ་ཡོད་ཅིང༌།
གསང་སྔགས་ཕྱི་ཡི་ཐེག་པའི་ལྟ་བ་གཏན་ལ་དབབ་ཚུལ་སོགས་ཕྱི་མཚན་ཉིད་ཐེག་པ་དང་ཆེས་མཐུན་ཆེ་བ་དང༌། གསང་སྔགས་ནང་གི་ཐེག་པའི་ལྟ་བ་གཏན་ལ་དབབ་ཚུལ་སོགས་གསང་བ་རྫོགས་པ་ཆེན་པོའི་ལྟ་བ་དང་ཆེས་མཐུན་པ་སྟེ། དཔེར་ན། བྱ་རྒྱུད་པའི་གཞུང་ནས་བཤད་པའི་ལྟ་བ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལྟ་བ་དང་ཆེས་མཐུན་པར་ཡོད་པ་ལྟ་བུའོ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་ནས་བཤད་པའི་ལྟ་བ་ཉིད་རྫོགས་པ་ཆེན་པོའི་ལྟ་བ་དང་མཐུན་པར་ལུང་གི་བབས་ལས་ཤེས་ནུས།
འོན་ཀྱང་ཐེག་པའམ་གྲུབ་མཐའི་ཁྱད་པར་མི་འདྲ་བའི་གཞི་གཙོ་བོ་ནི་ལྟ་བའི་སྟེང་ནས་འབྱེད་དགོས་པ་ལས་དེ་མིན་ཐེག་པའི་ཁྱད་པར་འཇོག་ཚུལ་མེད་པས་དེས་ན་ཐེག་པ་སོ་སོའི་ལྟ་བའི་ཡིན་ལུགས་མ་ནོར་བར་ཤེས་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེའོ། མདོ་སྔགས་རྫོགས་གསུམ་གྱི་ལམ་གང་ལ་བཞུགས་ཀྱང་མཐར་ཐུག་གི་འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཐོབ་པར་མཉམ་པ་སྟེ། དཔེར་ན་སོ་ནམ་དང་ཚོང་པ་ཇག་པ་གསུམ་ལས་ཕྱུག་པོར་གྱུར་བ་ལྟ་བུ་སྟེ། སོ་ནམ་ཞིང་ལས་པས་ཀྱང་དཔྱིད་ཟླ་བར་ཞིང་ལ་རྨོ་སློག་འཕྲུ་འདེབས་དང༌།
དབྱར་ཟླ་བར་ཡུར་མ་དང་ཆུ་འཆུས་ཏེ་མཐར་སྟོན་གྱི་འབྲས་བུ་ཕུན་སུམ་ཚོགས་པ་ཐོབ་པ་བཞིན། ཕྱི་མཚན་ཉིད་ཐེག་པའི་ལུགས་ལ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱང་ནས་མཐར་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དོ། ཚོང་པས་ལ་སྒོའི་ཚོང་ལ་བརྟེན་ནས་ལོ་འགའ་ཞིག་གི་གམ་ཟླ་བ་འགའ་ཤས་ཀྱི་རྗེས་སུ་ཕྱུག་པོར་འགྱུར་བ་བཞིན། ནང་གསང་སྔགས་ཐེག་པའི་ལུགས་ལ་བསྐལ་ཆེན་མང་པོར་ཚོགས་བསགས་སྒྲིབ་སྦྱོང་མི་དགོས་པར་སྐྱེ་བ་གྲངས་ནས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ནུས་པའོ།
ཇག་པས་ཕྱུག་པོའི་ས་ནས་སྐམ་ནོར་དང་ནོར་ཕྱུགས་ལས་སོགས་དུས་གཅིག་ཏུ་ཡོངས་སུ་འཕྲོག་པར་བྱས་ཏེ་ལོ་དང་ཟླ་བར་དཀའ་བ་སྤྱད་མི་དགོས་པར་ཉིན་གཅིག་ལ་ཕྱུག་པོར་འགྱུར་བར་བྱེད་པ་བཞིན། བླ་མེད་རྫོགས་པ་ཆེན་པོས་ཀྱང་བསྐལ་བ་དང་སྐྱེ་བ་མང་པོར་བརྒྱུད་མི་དགོས་པར་ཚེ་གཅིག་ལུས་གཅིག་ལ་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་ནུས་པའོ། མདོ་སྔགས་སེམས་གསུམ་གྱི་མཐར་ཐུག་གི་འབྲས་བུ་ཐོབ་པ་ལ་ཁྱད་མེད་པ། རྗེ་རིན་པོ་ཆེའི་དགོངས་པ་འཁྲུལ་མེད་དུ་རིགས་པར་བྱའོ། དེས་ན་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་འདི་དག་གངས་ལྗོངས་སུ་ཇི་ལྟར་དར་ཚུལ་རགས་ཙམ་བཤད་པ་ལས་རྣམ་བཤད་རྒྱས་པ་རྒྱ་ཆེ་བའི་ལོ་རྒྱུས་དང་བསྟན་འབྱུང་རྣམས་སུ་གསལ་བས་ངལ་བ་མ་བྱས་སོ། འོན་ཀྱང་རྣམ་བཤད་མདོར་བསྡུས་འདི་ཡིས་གཞན་སྡེ་ཁ་ཅིག་གིས་རྒྱུ་ཡི་བོན་བཞི་བོད་ཀྱི་ལྷ་འདྲེ་བསྟན་ཚུལ་དང་ཕྱི་མ་འབྲས་བུའི་བོན་བཞི་འདུལ་མཛོད་ཕར་ཕྱིན་འདྲ་མིན་བསྒྱུར་བ་དང་། མཐའ་མ་རྫོགས་པ་ཆེན་པོའི་བོན་སྡེ་ནི་རྒྱ་ནག་ཧ་ཤང་གི་ལྷག་མ་ལུས་པ་ཡིན་ཚུལ་དང༌། གཞན་ཡང་ས་དང་ལམ་ལས་སོགས་ལས་འབྲས་སྟོན་པའི་ཕྱི་ནང་གསང་གསུམ་གྱི་བོན་སྒོ་འདི་དག་དུས་རབས་བཅུ་པ་ནས་བྱུང་ཚུལ་བཤད་པ་དག་བོན་གྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་པས་མ་ཟད་རང་ལྟར་ཆགས་ཤིང་གཞན་ལྟར་སྡང་པའི་ལྟ་ཚུལ་ལས་དོན་དངོས་དང་མཐུན་པ་ནམ་ཡང་མིན། དེས་ན་དཔེ་ཐོག་ཏུ་བྲོ་བརྡུང་གི་ཤེས་རློམ་མི་བྱ་བར་རྒྱ་ཆེ་བའི་བོན་གྱི་གཞུང་ལུགས་དང་ལོ་རྒྱུས་ལ་འདྲིས་པ་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། རྫོགས་པ་ཆེན་པོའི་བོན་སྡེ་ཡང་དུས་རབས་བརྒྱད་པའི་ཡར་སྔོན་དུ་ཡོད་པ་སྟེ། འཇའ་ལུས་འཕོ་ཆེན་ཉི་ཤུ་རྩ་བཞི་དེ་དག་དུས་རབས་བརྒྱད་པའི་ཡར་སྔོན་དུ་བྱུང་ཟིན་ཅིང་དེ་དག་ཐམས་ཅད་རྫོགས་པ་ཆེན་པོའི་བོན་ཉམས་སུ་བླངས་པ་ལ་བརྟེན་ནས་སྐུ་གསུམ་གྱི་གོ་འཕང་བརྙེས་པ་ཤ་སྟག་གོ། འདི་ལྟར་གྱི་རགས་བཤད་ཅིག་འབྲི་དགོས་ཤེས་གཡུང་དྲུང་བོན་གྱི་དྲྭ་རྒྱའི་དོ་དམ་པ་ནས་བསྐུལ་མ་གནང་བ་བཞིན་ཕྲལ་དུ་སྨན་རི་བ་འཕྲིན་ལས་ཉི་མས་བྲིས་པ་དགེའོ།།
རྫོགས་ཆེན་ཟེར་བ་ཐར་ལམ་ཞིག་ཡིན་ནམ་འདོད་དབང་གིས་བཞག་པའི་གྲུབ་མཐའ་ཞིག་ཡིན། སེམས་ཉིད་ངལ་གསོའི་སྐབས་སུ་དཀྱིལ་འཁོར་གཅིག་གི་རོལ་བར་སྟོན་པ་རྒྱུད་སྡེ་བཞིའི་ནང་ཚན་བླ་མེད་ཀྱི་ཁོངས་སུ་འདུ་དགོས་པར་གསུངས་འདུག་ལ། འདིའི་རྩ་བའི་རྒྱུད་ཀྱི་མཚན་ལ་ཅི་ཟེར།
མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱི་ཕྱག་བྲིས་་་མདའ་དང་འཕང་ལས་འཕྲོས་པའི་གསལ་བཤད་་་ཅེས་པ་འདིར་བན་དེའི་རྫོགས་ཆེན་གྱི་ཁུངས་བོན་ལ་བཏུགས་ཡོད་པ་ཡོངས་གྲགས་ཡིན་པ་ཞིག་དང་ད་དུང་བོན་བན་གྱི་སྐོར་ལ་ཤེས་དགོས་པའི་གནད་དོན་གང་མཚམས་ཤིག་ཁོང་གིས་དངོས་བཙོ་སྨྲ་བའི་རིགས་ལམ་ནས་གསལ་བཤད་གནང་འདུག། འདིར་གཟིགས་པར་འཚལ། http://www.himalayabon.com/article/research/discuss/2010070334.html
དྲྭ་གྲོགས་ལེགས་བཤད་ལགས།
(རྫོགས་ཆེན་ཡང་རྩེ་ཀློང་ཆེན་ཟེར་བ་དེར་དོགས་པ་འདི་ཡོད་དེ། གལ་ཏེ་ཀློང་ཆེན་དྲི་མེད་འོད་ཟེར་ནས་བརྒྱུད་པ་ཞིག་ཡིན་ན་ལོ་ཚུགས་དང་མི་མཐུན་པར་འདུག་པས། དེའི་གོ་དོན་ཅི་ཡིན་གསལ་བཤད་གནང་རོགས།)
བསམ་གཏན་མཁར་རྨེའུ་ཡིས་ཚ་མ་དང་གཞི་འཇོག་ས་ནི་ཏུན་ཧོང་གི་ཤོག་འཁྱལ་ལ་བྱེད་ཀྱི་རེད།
དེར་ཡོད་ན་ཡོད་པས་ཁྱབ་པ་དང་མེད་ན་མེད་པས་ཁྱབ་པའི་ཁས་ལེན་བྱེད་ཀྱི་རེད།
ཡངས་རྩེ་ཀློང་ཆེན་ནི་གོང་དུ་ངས་་་་་་སྨན་རིའི་སློབ་དཔོན་འཕྲིན་ལས་ཉི་མས་བྲིས་པའི།་གཡུང་དྲུང་བོན་གྱི་དྲྭ་རྒྱ་ལས་དྲངས་པའི་རྩོམས་ཀྱི་ནང་དུ་གསལ་བ་ལྟར།
སྙ་ཆེན་ལི་ཤི་སྟག་རིང་གིས་བརྩམས་པ་ཞིག་དང།
སྙན་ཆེན་ལི་ཤུ་སྟག་རིང་ནི་ཕྱི་ལོའི་སྔོན་་༡༧༥༡་ལོར་འཁྲུངས་པར་བོན་གྱི་བསྟན་རྩིས་ནས་བཤད་འདུག
དེར་གཞིགས་ན་དུས་རབས་ཀྱི་སྔ་ཕྱི་ཤོར་བས་གཞན་ནས་བཤུས་ཚུལ་བཤད་ན་ཅུང་མི་འཐད་སྙམས།
མ་གཞི་ནས་བན་བོན་དབར་ལ་ལྟ་གྲུབ་ཆོ་ག་ལས་སོགས་ཕན་ཚུན་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་ཡོད་པས་ཕྱོགས་གཉིས་གང་དུ་མ་གཏོགས་པའི་མི་བོ་ཞིག་གིས་དཔྱད་ན་ལས་དེ་མིན་ད་བར་དུ་ཐག་གཅོད་བྱུང་ཐུབ་མེད།
འདིར་དྲྭ་གྲོགས་མང་པོ་ཞིག་ནས་མཆན་མོལ་ལྷུག་པོ་གནང་བར་དགའ་བསུ་དང་རྗེས་སུ་ཡི་རངས་ཞུ་བ་དང་འདི་ལྟའི་གྲོས་མོལ་བྱས་པ་ཡིས་ཐག་གཅོད་ཅིག་མི་ཐུབ་ཀྱང་རང་གཞན་ཚང་མར་མཐོང་ཕུལ་ཆེ་ཙམ་ཡོང་ངེས་དང་དག་སྣང་ཀྱང་རིམ་གྱིས་སྦྱོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་གདོན་མི་ཟའོ།་
འདིར་ཞུ་འདོད་པ་ཞིག་ལ་་་བོན་པོའི་ཤོགས་དྲིལ་དཔེ་ཆ་རྙིང་པ་མང་པོ་ཞིག་གཏེར་ནས་བཏོན་པར་གསུངས་པ་ནི། བོད་རྒྱལ་གྲི་གུམ་བཙན་པོ་དང་་་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་་་་དུས་རབས་བཅུ་བདུན་་་དང་་རིག་གནས་གསར་བརྗེ་་་ལྟ་བུར་བོད་ཡུལ་དུ་ཡོ་ལང་ཆེན་པོ་བྱུང་ནས་དངོས་བདེན་གྱི་དཀའ་ངལ་མང་པོ་འཕྲད་སྐབས་་ཕར་གང་སྦས་པ་དེ་དུས་ཕྱིས་ཚུར་བཏོན་པ་ཞིག་ཡིན་པ་རེད། གཞན་རྙིང་མ་པའི་ལུགས་ལ་་་མཁའ་འགྲོའི་བརྡ་ཡིག་་་ཟེར་བ་ཞིག་གི་ཐོག་ནས་གཏེར་བཏོན་ཁོ་རང་གི་གང་དྲན་དྲན་ལག་པས་ཡིག་ཐོག་ལ་ཕབ་པ་ལྟ་བུ་དང་་་ཕྱོགས་ཀུན་ནས་མི་མཚུངས་སོ། དཔེར་ན་བེ་རོ་ཙ་ན་ཡིས་བོན་པོའི་དཔེ་ཆ་བསྒྱུར་བའི་འཇུག་བྱང་ཞིག་ཏུ་འདི་བཞིན་བྲིས་པ་འདུག། ༼བདག་འདྲ་བཻ་རོ་ཙ་ན་ཡིས། །དཀའ་བ་སྲོག་དང་བསྡོས་པའི་གཡུང་དྲུང་བོན་ཆེན་བསྒྱུར། །མངའ་བདག་རྗེ་ལ་གཏད་དེ་ནམ་ཞིག་གཏེར་དུ་བཞག །དབུས་ཀྱི་བསམ་ཡས་ཀྱི་ཡང་དབཻན་ཡེར་བའི་རྫོངས་ལ་སྦས་སོ། །ཀྲང་ཡེ་སིག ཨུ་དེ་ཁྲལ་ཁྱུུང་ཡེ་ཝང་ཅལ་ཀྲི་ས་ཏེ་ཡ་ཨག་ཐམ།༽ འདི་ནི་བློ་སྒོ་འབྱེད་ཕྱིར་སྤྱན་འབུལ་ཞུས་པ་ཡིན།
གཏེར་ནས་བཏོན་པའམ་རྙེད་པར་་་ཞེས་སུ་བཅོས་རོགས།
མཁན་པོ་ཚུལ་ཁྲིམས་བློ་གྲོས།
༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །
ཉེ་ཆར་ཁོ་བོས་བྲིས་པའི་རྒྱ་ཡིག་གི་དཔེ་ཆ་ཤེས་རབ་སྒྲོན་མེའི་འོད་སྣང་ཞེས་པ་དེའི་ནང་དུ་བན་བོན་གྱི་ཁྱད་པར་ཅུང་ཟད་ཅིག་སྨྲས་པ་ལ་གང་ཟག་འགའ་རེས་བོན་གྱི་ཆོས་ལ་སྐུར་བ་བཏབ་ཡོད་པར་འདུག་སྙམ་དུ་དོགས་པ་ཟ་བ་ཡོད་མཆི་བས་དེ་དག་གི་དོགས་སེལ་དུ་བརྗོད་པ། ཐོག་མར་ཤེས་རབ་སྒྲོན་མེའི་འོད་སྣང་གི་གཞུང་ཚིག་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ། དེ་ཉིད་ལས། དགེ་བསྙེན་མང་བོ་ཞིག་གི་བསམ་པ་ལ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་བསམ་གྱིན་འདུག དོན་དངོས་ལ་བོན་འདི་མ་གཞི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ནང་དུ་མི་གཏོགས། བོད་ཡུལ་གྱི་ཆོས་ལུགས་ཤིག་ཡིན། འོ་ན་བོན་གྱི་ཆོས་བསླབ་རུང་ངམ་མི་རུང་ཞེ་ན། ཅིས་ཀྱང་རུང་སྟེ། མི་སོ་སོའི་ཁམས་དབང་དང་དད་པ་མི་འདྲ་བས་རང་གིས་བསླབ་པར་འདོད་ཕྱིན་ཆོས་ལུགས་གང་ལའང་བསླབ་ཏུ་རུང་། འདི་སངས་རྒྱས་ཀྱིས་ཀྱང་འགོག་པར་མི་མཛད་ན་ཁོ་བོ་ཅག་གིས་ལྟ་ཅི་སྨོས། འོན་ཀྱང་བོན་གྱི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་པར་བཟུང་ནས་བསླབས་ན་ནོར་བ་རེད། དཔེར་ན་རུའུ་ལུགས་དང་ཏའོ་ལུགས་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་བཞིན་དུ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མིན། བོན་གྱི་དགོན་པ་དག་གི་བླ་མ་དང་གྲྭ་བ་འགའ་རེས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ༼བོན་པོའི་བཀའ་ནའང་དེའི་རྫོགས་པ་ཆེན་པོ་ཡོད། མཆན༽སོགས་སངས་རྒྱས་པའི་ཆོས་སློབ་པར་མཛད་པ་དང་ཐུགས་ཉམས་སུ་བཞེས་པ་ཡོད་ཀྱང་དེ་ནི་གང་ཟག་སྒེར་གྱི་ཉམས་ལེན་ཡིན་གྱི། བོན་པོའི་ཆོས་ཀྱི་ངོ་བོའི་ཚབ་བྱེད་མི་ཐུབ། འདིའི་དབྱེ་བ་ལེགས་པར་འབྱེད་དགོས་སོ། །
བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབ་ཀྱང་ཆོག་ཟེར། དོན་ལ་བོན་པོའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ནི། དེ་ཉིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་དེ་རེད། གལ་ཏེ་བོན་པོའང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་པ་ཡིན་ལ། མི་འགྲོ་ན་ནི་མ་ཡིན་ཏེ། དེ་ལྟར་ཡིན་མིན་གྱི་དབྱེ་བ་འབྱེད་བྱེད་ཀྱི་ཚད་དེ་ཤེས་ན་གནད་དོན་ཤིན་ཏུ་སླ་མོ་ཡིན་ནོ། །
སྔོན་གྱི་ལོ་རྒྱུས་ལ་གཞི་བྱས་ན། རྒྱ་ཡུལ་དུ་ཏའོ་ལུགས་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་བོད་ཡུལ་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་བོད་དུ་བྱོན་པའི་རྗེས་སུ་དེའི་ནང་ནས་ཁག་གཅིག་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་སྐྱབས་སུ་སོང་། ཁག་གཅིག་གིས་སྔར་གྱི་དད་པའི་རྒྱུན་བསྐྱངས་པར་མཛད་དེ། འདི་ད་ལྟའི་གཡུང་དྲུང་བོན་པོའི་ཆོས་ཀྱི་འབྱུང་ཁུངས་ཡིན་ནོ། །བོན་པོའི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་དེ་ལྟ་ན་འདི་ལ་ཐར་བ་ཡོད་དམ་ཞེ་ན། ཁོང་ཅག་གི་རང་གཞུང་ན་གསུངས་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་བ་ནི་མེད་དེ། རྒྱུ་གང་ལ་བསླང་པ་དེ་ལ་དེའི་འབྲས་བུ་འབྱུང་དགོས་ཀྱི། རྒྱུ་གཞན་ལ་བསླབས་ནས་འབྲ་བུ་གཞན་འབྱུང་བ་རྒྱུ་འབྲས་འཛོལ་བ་ནི་མི་སྲིད་པའི་ཕྱིར་རོ། །
གལ་ཏེ་བོན་གྱི་བླ་མ་སྔོན་བྱོན་དག་གིས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཐུགས་ཉམས་སུ་བཞེས་ནས་རྟོགས་པ་རྒྱུད་ལ་འཁྲུངས་ཏེ། དེའི་ཉམས་སུ་ལེན་ཐབས་ཀྱི་ཆོས་དར་སྤེལ་མཛད་པ་ཡིན་ན་ནི། དེའི་རྟོགས་པ་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་བྱུང་བ་ཡིན་པས་ཆོས་དེ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཡོད་དུ་རུང་ངོ་། །ཞེས་སྨྲས་སོ། །
དེ་ལ་འདིར་ཐོག་མར་ངེས་པར་གོ་དགོས་པ་ནི་སྔོན་གྱི་ཤེས་རབ་སྒྲོན་མའི་འོད་སྣང་གི་དེབ་རྣམས་ཀྱི་གོང་གི་གཞུང་ཚིག་ནང་ན་སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་ཏེ། ཁོ་བོའི་ཞེ་འདོད་འདི་ཉིད་ཡིན། དེ་ཡིན་པར་གོང་དུ་སངས་རྒྱས་པའི་ཆོས་བོད་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག་ཅེས་པ་འདིས་ཀྱང་བདེ་བླག་ཏུ་གོ་ཐུབ་བོ། སྔར་གྱི་རྒྱ་ཡིག་གི་མ་དཔེ་ན། ༼苯教本身不属于佛教༽ ཞེས་པ་ལྟ་བུའི་ཚིག་རྣམས་ཀྱི་ནང་གི་༼佛教༽ཞེས་པ་དག་ཀྱང་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན། རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་རྒྱུན་མཐོང་ཚིག་མཛོད་༼陈义孝 《佛学常见辞汇》༽ཅེས་པ་ལས། ༼佛教༽ཞེས་པ་འགྲེལ་བ་ན། འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ། སངས་རྒྱས་ཤྭཀྱ་ཐུབ་པ་ཆོས་གཙོ་རུ་འཛིན་ཅིང་། བྱམས་སྙིང་རྗེ་དང་འདྲ་མཉམ་དགོས་པར་འདོད་ཅིང་། ཧན་རྗེས་མའི་མིང་ཏིའི་སྐབས་སུ་ནུབ་ཕྱོགས་ནས་ཀྲུང་གོར་བྱུང་ཞིང་། ད་ལྟ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དར་བའོ་ཞེས་སྨྲས་པ་བཞིན་ནོ། ༼世界三大宗教之一,以萨迦牟尼佛教为教主,主张慈悲平等,在后汉明帝时,由西域传入中国,今盛行于世界各地༽གཞུང་ཚིག་འདི་རྣམས་ཀྱི་བརྗོད་བྱ་གཙོ་བོ་མདོར་བསྡུས་ན་བོན་གྱི་ཆོས་འདི་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་མ་ཡིན་ཞེས་པ་དང་། སམས་རྒྱས་ཤྭཀྱ་ཐུབ་པའི་རྗེས་འཇུག་ཡིན་མིན་གྱི་ཁྱད་པར་ནི་གཙོ་བོ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་གྱི་སྒོ་ནས་འབྱེད་དགོས་ཞེས་པ་དང་། བོན་ལ་རང་གཞུང་ནས་བཤད་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་ཅེས་པ་འདི་གསུམ་ཡིན་ནོ།། དེ་ལས་དང་བོ་བོན་གྱི་ཆོས་ནི་རྒྱལ་བ་གཤེན་རབ་ཀྱིས་ཆེས་སྔ་མོའི་དུས་ནས་གསུངས་པ་ཡིན་པར་བཤད་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ནི་ཕྱིས་སུ་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པ་ཡིན་པས་དེ་གཉིས་ཐ་དད་ཡིན་པར་ཡོངས་སུ་གྲགས་པ་དེར་ཟད་ལ། གཉིས་པ་སྟོན་པ་དེའི་རྗེས་འཇུག་ཡིན་མིན་ནི་དེ་ལ་སྐྱབས་སུ་འགྲོ་མི་འགྲོའི་སྒོ་ནས་འབྱེད་དགོས་ཞེས་བན་བོན་གཉིས་ཀས་ཁས་ལེན་པ་དང་། གསུམ་པ་ཆོས་ལུགས་གང་ཡིན་ཡང་རུང་དེའི་གཞུང་ལས་གསུངས་པའི་ཐར་བ་འཐོབ་མི་འཐོབ་ཀྱང་དེ་ལ་སྐྱབས་སུ་འགྲོ་མི་འགྲོ་ལ་རག་ལས་པ་ཡིན་ཏེ། སྐྱབས་སུ་འགྲོ་བའི་དོན་ནི་ཆོས་དེའི་གཙོ་བོ་ལ་སྟོན་པ་དང་ཆོས་དེ་ཉིད་ལ་ལམ་དང་ཆོས་དེ་ཉམས་སུ་ལེན་པའི་དགེ་འདུན་ལ་གྲོགས་སུ་འཛིན་པ་ཡིན་ལ། དེ་གསུམ་པོ་ལ་དེ་ལྟར་དུ་མི་འཛིན་ན་ཆོས་དེ་ཉམས་སུ་ལེན་པར་མི་འདོད་པ་ཡིན་ཅིང་། ཆོས་དེ་ཉམས་སུ་མ་བླངས་ན་དེའི་འབྲས་བུའང་འཐོབ་རྒྱུ་མེད་པར་བླང་དགོས་ཏེ། འདི་དག་ནི་བོད་གངས་ཅན་གྱི་བན་བོན་གྱི་མཁས་པ་རྣམས་ལ་སྔར་ནས་རླུང་ལྟར་དུ་གྲགས་པའི་གཏམ་དེ་དག་ཡིན་གྱི་གསར་དུ་སྨྲས་པ་ཅི་ཡང་མེད་དོ། །
དེ་ལས་གཞན་དུ་གཞུང་ཞིག་འདི་རྣམས་ཀྱི་ནང་ན་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་དང་། བོད་གངས་ཅན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་མ་ཡིན་པའི་ནང་བ་སངས་རྒྱས་པའི་ཆོས་ཤིག་ཡོད་མེད་དང་། རྒྱལ་བ་གཤེན་རབ་དང་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་སངས་རྒྱས་གཅིག་གི་སྤྲུལ་བ་ཡིན་མིན་དང་། རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་། བོན་གྱི་ཆོས་ལུགས་མུ་སྟེགས་པའི་ལུགས་ཡིན་མིན་དང་། བོན་གྱི་རང་ལུགས་ལ་རྫོགས་པ་ཆེན་པོ་ཡོད་མེད་དང་། བན་བོན་གཉིས་ཀྱི་ཆོས་ལ་འདྲ་མཚུངས་ཡོད་མེད་སོགས་ལ་བརྟག་དཔྱད་དང་དགག་སྒྲུབ་དང་ཁ་ཚོན་བཅད་པ་གང་ཡང་མེད་ཅིང་། བོན་གྱི་ལྟ་བ་དང་བསྒོམ་པ་དང་། སྤྱོད་པ་སྐྱོན་ཅན་ཡིན་པ་དང་། རང་གཞུང་ནས་བཤད་པའི་འབྲས་བུ་འཐོབ་རྒྱུ་མེད་ཅེས་བརྗོད་པ་ནི་དེ་བས་ཀྱང་མེད་པ་མངོན་སུམ་དུ་བལྟར་ཡོད་པ་འདི་ག་ལགས་པས་མཁས་པ་རྣམས་ཀྱིས་གཟུ་བོའི་སྒོ་ནས་གོ་བ་ལེན་པ་དང་། མི་ཤེས་པ་རྣམས་ཀྱིས་ཀྱང་དམིགས་ཡུལ་སྣ་ཚོགས་པ་ཅན་གྱི་མི་དག་གི་གཏམ་ལ་མི་ཉན་པར་མཁས་པ་གཟུ་བོར་གནས་པ་རྣམས་ལ་བཀའ་འདྲི་ཞིབ་མོ་རེ་ཞུ་དགོས་པར་སྣང་ངོ་། །
དེས་ན་དོན་ལ་རྟོན་ཅིང་ཆགས་སྡང་མི་བྱ་བ་འདི་ཤིན་ཏུ་གལ་ཆེ་སྟེ། བན་བོན་གྱི་རྩོད་པ་དང་བན་དེའི་གྲུབ་མཐའ་སོ་སོའི་བར་གྱི་རྩོད་པ་འདིས་སྔོན་གྱི་དུས་སུ་ཕུང་ཁྲོལ་གྱི་བྱ་བ་མང་དུ་བྱས་པས་ད་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས་ཕྱོགས་སོ་སོ་ནས་གཟབ་པར་བྱ་དགོས་པ་ཡིན། ཁོ་བོ་ལ་མཚོན་ན་བོན་གྱི་ཆོས་དང་གང་ཟག་ལ་སྡང་ཞུགས་བྱས་པ་ཞིག་ནམ་ཡང་དྲན་རྒྱུ་མི་འདུག་གོ །ཁྱད་པར་དུ་ད་ལྟ་རང་རེ་རྣམས་མཐུན་བསྒྲིལ་བྱ་དགོས་པའི་དུས་ཡིན་གྱི། ཁ་བྲལ་བྱ་བའི་དུས་མ་ཡིན་པས་བན་བོན་མཐུན་བསྒྲིལ་རྡོག་རྩ་གཅིག་དྲིལ་གྱིས་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་དང་འདི་དང་ཕྱི་མའི་ཕན་བདེ་བསྒྲུབ་པ་ལ་འབད་བརྩོན་བྱ་བ་འདི་ལས་གལ་ཆེ་བ་ཅི་ཡང་མི་འདུག་པས་མཐུན་བསྒྲིལ་གཞི་རྩར་འཛིན་པ་ལས་གྲུབ་མཐའི་ཚིག་གི་བརྗོད་ཚུལ་ཕྲན་བུ་རེ་ལ་བརྟེན་ནས་ཆགས་སྡང་སྣ་ཚོགས་པ་མི་སྤེལ་བར་སྙིང་ནས་ཞུའོ། །
ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས། སྟོན་པ་གཤེན་རབ་སྤྱན་རས་གཟིགས་དབང་ཡིན།།ཞེས་གསུངས་པ་དེར་རྒྱུ་མཚན་རྣོན་པོ་ཞིག་འདུག། བོད་གངས་ཅན་གྱི་ལྷ་སྐལ་སྤྱན་རས་གཟིགས་ཡིན་པ་དང་བོད་ཀྱི་གདོད་མའི་ཆོས་ལུགས་ཀྱང་བོན་ཡིན་པས་སོ།། ང་ནི་བོན་ལ་དགའ། བོན་ལ་དུང། རྒྱ་ཡུལ་གྱི་དགོན་སྡེ་ཁག་ཏུ་སྟོན་པའི་སྐུ་བརྙན་གྱི་ཐུགས་ཀར་གཡུང་དྲུང་གི་རི་མོ་བཀོད་པ་དེར་ཡང་བསམ་ཞིབ་བྱེད་ན། ཚུལ་བློས་བཤད་པ་དེ་ལ་བདེན་ཤོས་ཆེ། ཟླ་བ་ལྟ་བུའི་ཆོས་ལུགས་དོའུ་སི་ཟེར་བའི་བོན་གྱི་གྲུབ་མཐའ་དེ་ནི་བོད་ནས་རྒྱ་ནག་ཏུ་དར་བ་ཞིག་མ་ཡིན་ཏེ། ཁུང་ཙི་དང་དུས་མཉམ་པའི་ལོའུ་ཀྱུན་ཟེར་བ་ཞིག་གིས་དར་བར་བྱས་ཤིང་། དེ་ནི་སྟོན་པ་གཤེན་རབ་དང་རྒྱུད་གཅིག་ཡིན་པར་རྗེ་ལྕང་སྐྱ་རོལ་བའི་རྡོ་རྗེས་གསུངས།
བླ་མ་ལག་པ་རིང་པོ་ཅན། །
བན་བོན་གཉིས་ཀྱི་རྩོད་རྙོག་གི །
སྒམ་ཆུང་འདི་འདྲ་ལེགས་སྐྱེས་སུ། །
ཕུལ་ལ་བདག་གིས་དགའ་བ་སྒོམ། །
རྫ་ཚེ་ལའོ། །
ཆེན་པོ་རྒྱའི་ལུགས་ཀྱི་ལོ་གསར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་སྙན་ཚིག་མེ་ཏོག་གི་ཆུན་པོ་ཞེས་བྱ་བར།
མི་བཟད་ཡེ་ཤེས་སྣང་བའི་སྤྲིན་ཆེན་ལས། །
སྣ་ཚོགས་རེ་བསྐོང་ཐུགས་རྗེའི་སྒྱུ་འཕྲུལ་ཅན། །
མཁྱེན་པའི་ཉི་མ་འབར་བའི་འཇམ་དབྱངས་དེས། །
སྐྱེ་རྒུའི་འཇིག་རྟེན་ཀུན་ཏུ་ཤིས་གྱུར་ཅིག །་
་་་་་་་་་་་་་་་་་་་སྔོན་ཚེ་ཁྲི་ཕྲག་བགྲང་བྱའི་ཆུ་གཏེར་ནང༌། །
ཆོས་ནོར་འདོད་པ་ཐར་པའི་རིན་ཆེན་གྱིས། །
མ་སྨད་དགེ་ལེགས་དངོས་པོས་ཡོངས་བཟུང་བའི། །
གྲགས་པའི་བ་དན་མཁའ་ཡི་མུ་ཁྱུད་ཉིད། །
གཞི་འཛིན་སྤྱི་ལ་དབང་བའི་གླེང་རྟགས་སུ། །
རྣམ་བཤད་མི་སྟོང་ལྡན་པའི་མཁས་པ་ལ། །
གནའ་བོའི་ཤེས་རིག་ལྡན་པའི་རྒྱལ་ཁབ་ཅེས། །
གཅིག་མཐུན་གཏམ་གྱི་ཅོད་པན་ཅིར་ཡང་གསལ། །
བདེན་གསུང་ཐུབ་པ་དམ་པའི་བཀའ་ལས་ཀྱང༌། །
རྒྱ་དང་ཆེན་པོ་རྒྱ་ཡི་ཡུལ་ཉིད་ན། །
དཔལ་ལྡན་འཇམ་པའི་དབྱངས་ནི་རབ་འགྲུབ་འགྱུར། །
ཞེས་སོགས་ཡང་དང་ཡང་དུ་བཀའ་བསྩལ་ཏེ། །
ཁྱད་འཕགས་གནས་ཆེན་རི་བོ་དྭངས་བསིལ་དང༌། །
གྲུ་འཛིན་ལ་སོགས་གྲགས་ཅན་རི་བོ་བཞི། །
ཆུ་ཀླུང་རབ་མེད་བཞི་དང་གྲོང་ཆེན་བཞི། །
མི་དབང་གཏན་དུ་སྡོད་པའི་ཕོ་བྲང་གཉིས། །
ཟུར་དང་ཉེ་བར་གྲོང་ཁྱེར་གྲངས་མང་ལ། །
མི་ཁྱིམ་བྱེ་བ་ཕྲག་བརྒྱའི་མཐའ་བསྟེན་ཏེ། །
སྟོབས་ཀྱི་འཁོར་ལོ་ཆེན་པོ་རབ་བསྒྱུར་བའི། །
འགྲན་ཟླ་མེད་པའི་མངའ་ཐང་སྟོབས་སུ་གྱུར། །
ཐུབ་བསྟན་ཉིན་བྱེད་སྲིད་འདིར་མ་ཤར་བའི། །
ཆེས་ཆེར་སྔ་མོའི་དུས་ནས་མི་མཆོག་ཆེ། །
རྟེན་འབྲེལ་ལམ་བཟང་སྟོན་པ་བྱོན་གྱུར་ཅིང༌། །
འགྲོ་བློའི་རྣམ་དཀར་སྨིན་པར་བྱས་སོ་སྐད། །
རྣམ་བཤད་ཕུལ་དུ་ཕྱིན་པ་ཁུང་ཙཱི་དང༌། །
དངོས་གྲུབ་རྙེད་པའི་གྲུབ་ཐོབ་ཆི་གུང་ཞབས། །
བསྟན་པའི་བདག་པོ་སྡེ་སྣོད་གསུམ་པ་སོགས། །
ཕུལ་བྱུང་མཁས་པའི་སྐྱེས་བུ་ཅིར་ཡང་བྱོན། །
རིགས་གསུམ་མགོན་དང་ཀུན་ཏུ་བཟང་པོ་ཡི། །
བྱིན་རླབས་སྣང་བ་ཐོབ་པའི་སྐལ་ལྡན་ནི། །
ཇི་སྙེད་འགྲོ་བའི་ཁམས་འདི་མ་ཟད་པར། །
འཛད་པ་མེད་པའི་གནས་ཀྱི་ཡོན་ཏན་འབར། །
སྡོང་བོ་བརྒྱན་པའི་སློབ་དཔོན་རྣམ་བཞི་སོགས། །
བསྟན་པ་མངོན་པར་གསལ་བའི་དཔའ་བོ་དང༌། །
ཞི་ལྷག་ཏིང་འཛིན་གྲུབ་པའི་བསམ་གཏན་པས། །
དབེན་པའི་དགའ་ཚལ་ཀུན་ཏུ་ཉམས་དགར་བྱས། །
རང་བྱུང་ལྷུན་གྱིས་གྲུབ་པའི་ཡུལ་ལྗོངས་དང༌། །
རྣམ་དཔྱོད་རྩལ་གྱིས་བསྐྲུན་པའི་བཟོ་བཀོད་སོགས། །
སྲིད་ན་སྙན་པ་འབར་བའི་དངོས་པོ་འབུམ། །
དབྱིག་འཛིན་དབྱིག་གི་སྙིང་པོ་ལྟ་བུར་ཡོད། །
་་་་་་་་་་་་་་ཅེས་སོགས་དང་མཇུག་རྩོམ་ཏུ་༼འདི་ཡང་རེ་ཞིག་རང་གི་ངང་ཚུལ་བཏང་སྙོམས་སུ་བྱས་ཏེ་འཇིག་རྟེན་ཀུན་ཏུ་དགའ་བའི་སྨྲ་བ་ལ་སེམས་མཉམ་པར་བཞག་ནས་གངས་ཅན་གྱི་གཞོན་ནུ་ཚེ་རིང་བཀྲ་ཤིས་ཞེས་བྱ་བས་གྲོང་ཁྱེར་ཆེན་པོ་སྤོས་ལྡན་གྱི་བཙོན་ཁང་དུ་ཕྱི་ལོ་༢༠༠༤ཟླ་༡ཚེས་༡ཉིན་བྲིས།༽ཞེས་གསལ། འདིར་སངས་རྒྱས་མ་བྱོན་པའི་སྔོན་ནས་རྟེན་འབྲེལ་སྟོན་པ་ཡོད་ཚུལ་སོགས་འཁོད་ཡོད་པ་རྒྱ་ནག་ཆོས་འབྱུང་གི་འཆད་ཚུལ་རེད། སྐབས་ང་རྒྱ་མིའི་བཙོན་ཁང་ན་ཡོད་བཞིན་རྒྱའི་ལོ་སར་སྐབས་རྒྱ་མི་ལ་བསྟོད་པ་ཡག་ཐག་ཆོད་ཅིག་བྲིས་ཡིན། འདི་ནི་ངའི་བློ་སྦྱོང་གི་ཆ་ཤས་ཡིན་ཟེར་ན་ཆོག་སྲིད།
མགོ་འདོག་བྱས་འདུག་ཟེར་ན་ཡང་མ་དགའ་བ་མི་བྱེདཧཧཧ
ངོ་མ་བཤད་ན་ལོ་སར་དེའི་ཉིན་ངའི་ཟ་མ་ན་རྒྱུན་ལྡན་ལྟར་འབྲས་སྐྱ་དང་ཕྱེ་ཐོ་སྐྱ་བོ་ཙམ་མོ། །དེའི་ཕྱིར་མཇུག་རྩོམ་དུ་ཡང་རང་གི་ངང་ཚུལ་བཏང་སྙོམས་སུ་བྱས་ཏེ་ཞེས་བྲིས་པ་ཡིན། ད་མི་བཤད།
མདོར་ན་འདིས་ཀྱང་རྒྱའི་ཆོས་ཕྱོགས་དང་འབྲེལ་བའི་ལོ་རྒྱུས་ཉུང་ངུ་ཞིག་སྟོན་ཏོ།།
ངའི་སྐབས་དེ་དུས་ཀྱི་རྩོམ་ཡིག་ཕྱོགས་སྒྲིག་ཅིག་བོད་དུ་ངའི་གྲོགས་པོ་འགས་དེབ་བཟོས་འདུག་སྟེ། མ་དག་པ་མང་དྲགས་ནས་ལྟ་ཉན་ཞིག་མི་འདུག
བོན་པོ་ལགས་ཀྱིས་ང་ལ་སླར་ཡང་བཀའ་བཀྱོན་གནང་ན་ཐང་མོད་ངའི་སེམས་འདི་ར་མ་ལུགས་ཤིག་རེད་ལགས། ང་དགའ་ཤོས་ཀྱི་དཔེ་ཆ་གཅིག་ཀྱང་འབྲི་གུང་གི་དགོངས་འགྲེལ་རིག་འཛིན་ཆོས་གྲགས་ཀྱི་དེ་ཡིན། ལུང་རེ་ཡང་ཞུས་ཐོབ་འཆད་སྤེལ་ཚང་མ་བྱས་ཡིན། ཁོང་གིས་ས་ཐོབ་ཡོན་ཏན་འབྱུང་ཚུལ་མུ་དྲུག་ཡོད་ཟེར་བ་སོགས་མང་པོ་ཞིག་དེང་སང་གི་ཚན་རིག་དང་བསྟུན་བདེ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད་རེད།
ཀློང་ཆེན་པས་སྐབས་འགར་ལམ་རྟགས་ཀྱི་མཚན་མ་དང་ལྡན་ན་ལམ་ལ་གནས་པས་མ་ཁྱབ་ཀྱང་ལམ་རྒྱུད་ལ་སྐྱེས་ན་དེའི་ཡོན་ཏན་དང་ལྡན་པས་ཁྱབ་ཀྱང་གསུངས། ཟག་འབྲས་ལྷག་བཅས་ཀྱི་དགོངས་རྒྱ་རལ་པ་དང་རིག་པ་ནང་གསལ་དང་སྐུ་ཕྱིར་གསལ་དུ་མངོན་པར་ཡང་གསུངས་མོད། འགལ་བར་ནི་མ་མཐོང་།
ཡིན་ན་ཡང་ཉིད་ཀྱིས་གང་དགོངས་མི་ཤེས།
འོན་ཀྱང་གངས་ཅན་བླ་མ་ལ་ཐུག་ན་ངས་དང་པོ་ཁོས་ག་རེ་བཤད་ཀྱི་འདུག་ལྟ་གི་ཡིན། ཁོས་དགོངས་གཅིག་གི་ལུང་འདྲ་དྲངས་ན་ངས་ཧཧཧཧཧཧཧཧ
༢༽སྐྱབས་བཅོལ་བ་འདིས་རྫ་ཆུ་ཁའི་ལག་རིང་ཟེར་སྟངས་ལ་ལྟས་ན་ངའི་མཆེད་གྲོགས་རྙིང་པ་ནང་མའི་ནང་མ་ཞིག་ཡིན་ས་རེད།
དེང་སང་མང་གཙོ་འམ་དམངས་གཙོ་ཡིན་སྟབས་ཕྱོགས་གཉིས་ཀས་བཤད་པ་ལ་གསན་དགོས། དེས་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་བྲིས་པའི་རྩོམ་འདི་ལ་་་་མཁན་པོ་ཚུལ་བློ་ལ་རྒོལ་ལན་དུ་ཕུལ་བ་ལུང་རིག་ཚད་མའི་རྔ་སྒྲ་་་་ཞེས་པ་ཞིག་འདིར་འདུག་པས་གཟིགས་པར་འཚལ།
http://www.himalayabon.com/article/research/discuss/20100928346.html
རྫ་ཚེ་རིང་བཀྲ་ཤིས་ལགས་ཁྱེད་ཀྱིས་་་བོན་པོ་་་ལགས་དང་་བོན་་་ལགས་གཉིས་ནོར་བ་ཡིན་ན་པ་འདྲ།
ངས་རེ་བ་གཅིག་ལ་ད་ལྟ་བགྲོ་གླེང་འདི་མགོ་བཙུགས་མཆན་ཉིས་བརྒྱ་ལ་ཉེ་བའི་བར་དུ་ང་ཚོས་སྤྱོད་པ་ཡག་དྲགས་པས་ཡིན་དང་དྲ་བདག་གི་འགན་འཁུར་ལེགས་པས་ཡིན་མི་ཤེས་ཀྱང་གང་ཟག་སྒེར་ལ་སྐྱོན་བརྗོད་དང་། ཚིག་ངན་ཉུང་ཉུང་ལས་ཐོན་མེད་པར་ཞི་འཇམ་དང་ལྡན་པ་ཞིག་བྱུང་ཡོད་པས་མུ་མཐུད་ནས་ཀྱང་ཕན་ཚུན་ལྟ་གྲུབ་ཀྱི་བཞེད་པ་སོགས་ཀྱི་སྐོར་ལ་བཀའ་མོལ་གནང་བ་ལས་ཕྱོགས་གཅིག་བཟུང་ནས་ཕྱོགས་གཞན་ལ་ཀུན་སློང་འཁྲུགས་པའི་རྐྱེན་དུ་འགྱུར་སྲིད་པའི་ཚིག་བརྗོད་གང་ཉུང་གནང་རོགས།
དྲ་གྲོགས་ཚོར་རེ་བ་ཡིན།
༄༅། །ངལ་གསོ་བའི་གཏམ། གང་གི་རིགས་པའི་་ཐོགས་མདའ་ཡིས། །རྒོལ་ངན་རྩྭ་སྦུར་བསྲེགས་མཛད་པ། །འཇམ་པའི་རྡོ་རྗེ་དགེ་ལེགས་དཔལ། །རིགས་པའི་རལ་གྲི་ལག་ཏུ་གཏོད། །བོད་ཀྱི་རྒྱལ་ཁབ་བོན་དང་འབྲེལ། །ཆེན་པོའི་རྗེ་ནས་འབངས་ཀྱི་བར། །བོན་ལུགས་ཆུ་དང་རླན་གཤེར་བཞིན། །ལྷན་སྐྱེས་གཤིས་སུ་་འཐུལ་ནས་ཡོད། །འོན་ཀྱང་བན་བོན་ཁྱད་པར་ནི། །ལོ་རྒྱུས་ལྟ་གྲུབ་ཁྱད་ཆོས་ལས། །འདྲ་བ་རེ་གཉིས་དཔེར་དྲངས་ནས། །གཅིག་ཏུ་སྒྲུབ་པར་འོས་མ་ཡིན། །ཟ་ཉལ་འགྲོ་དང་འདུག་པ་ནི། །སེམས་ཅན་ཕལ་ཆེར་མཚུངས་མོད་ཀྱང་། །གཡག་དང་སྤྲེའུ་ཁྱད་པར་ནི། །བ་སྤུ་ཁོ་ནས་ཕྱེ་བ་མིན། །མང་པོས་བཀུར་ཞིང་ཆེན་པོར་གྲགས། །མཁས་པར་རློམ་པའི་་སྐྱེས་བུ་ཡིས། །ང་རྒྱལ་གཏམ་དང་ཁེངས་སྐྱུང་ཚིག །རང་སྐྱོན་གཡོགས་པའི་ལག་ཆར་སྤྱོད། །ལུག་ལྤགས་ཀྱོན་པའི་སྤྱང་ཀུ་དང་། །གཟིགས་ལྤགས་བཀབ་པའི་བོང་བུ་གཉིས། །ཁེ་བཟང་ཁོ་ན་དོན་གཉེར་སྟེ། །བསྟན་པ་བཤིག་པའི་སྟྭ་རེ་ཡིན། །བན་བོན་རང་ཚུགས་འཛིན་པ་ལ། །གུས་པ་ཉིད་ལས་རྒོལ་བྱ་མིན། །གཏན་ཚིགས་ཐམས་ཅད་རྗེས་འགྲོ་ཅན། །རིགས་པར་མི་གུས་བློ་ལྡན་སུ། །གུས་པ་ཞི་བདེའི་རྩ་བ་སྟེ། །གུས་པ་མཐུན་སྒྲིལ་འབྱུང་བའི་རྐྱེན། །བན་བོན་གཉིས་ལ་གུས་ཙམ་གྱིས། །མགོ་གཉིས་པ་རུ་ག་ལ་འགྱུར། །རང་གཞན་གྲུབ་མཐའ་མ་ཤེས་ཤིང་། །གཏན་ཚིགས་ལྟར་སྣང་ལ་བརྟེན་ཏེ། །གྲུབ་མཐའི་ཆུ་བོ་དཀྲུགས་པ་ཡི། །ས་སྟེང་གང་འདིར་ཡིད་རེ་སྐྱོ། །རིགས་པའི་དབང་པོའི་སེངྒེའི་སྒྲས། །ཚད་ལྟར་སྣང་ཡང་ལྷག་ལྡན་པའི། །ཇི་བཞིན་དོན་རྟོགས་ཡོད་མ་ཡིན། །གསུངས་འདི་སྤྱི་བོས་མཆོད་བྱ་ཡིན། །ད་ནི་གནས་མིན་བརྒལ་རྟགས་ཀྱིས། །རིན་ཆེན་དུས་ཚོད་ཆུད་ཟ་བས། །རེ་ཞིག་རང་གི་མལ་ས་ནས། །བག་ཡངས་ལྷོད་པོར་གནས་པར་སྨོན། ། ཨ་ལ་ལ་ལ། ད་ནི་རོ་ཁ་འདི་འཛིན་མ་ཐུབ་ན་ལུང་པ་འུར་དིར་རེར་འཇོག་ལས་ཆེ། །དགེ་བའི་བཤེས་གཉེན་དམ་པ་དམུ་དགེ་བསམ་གཏན་རྒྱ་མཚོའི་ཞལ་ནས། །གྲོགས་དགེ་བའི་བཤེས་རྣམས་བདེ་མོ་ཀྱིས། །དུས་ཡང་ཡང་མཇལ་བའི་སྨོན་ལམ་ཡོད། བྱང་ཆུབ་སེམས་ཀྱིས་བདག་རྒྱུད་ཕྱུག་པར་ཤོག །
བཀའ་ཐང་ན། སྟོན་པ་གཅིག་ལ་བསྟན་པ་གཉིས་མི་འབྱུང།།རྒྱལ་ས་གཅིག་ལ་རྒྱལ་པོ་གཉིས་མི་འབྱུང།།ཞེས་དང། མཛོད་ལས། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན།།ཞེས་སོགས་ཀྱིས་རྣམ་འདྲེན་བཞི་པའི་བསྟན་པ་གནས་སྐབས་དང། བོན་པོ་ནང་པ་ཡིན་ནམ་ཕྱི་རོལ་པ་ཡིན་སྙམ་ན། མཁས་པ་ལ་ལས། ཕྱི་རོལ་པ་ཡིན་པར་གསུངས་པ་དང། འགའ་ཞིག་གིས་ནང་པ་ཡིན་གསུངས། ལས་དགེ་སྡིག་ཁས་ལེན་པ། སྐྱེ་བ་སྔ་ཕྱི་ཁས་ལེན་པ། ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་ཁས་ལེན་པའི་བོན་པོ་ཚང་ནང་པ་ལོས་ཡིན། ནང་པ་ཡིན་ན་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་ཁྱབ་པ་ཡོད་དམ་མེད། ཡང་ན་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཁྱབ་པ་ཡོད་དམ་མེད། དཔྱད་དཀའ་པ་ཞིག་མང་པོ་ཞིག་འདུག་ན་རྣམ་དཔྱོད་ཅན་གྱིས་དཔྱད་དགོས་པར་མཐོང། ལྟ་བའི་ཆ་ནས་ཕྱི་ནང་གི་ཁྱད་པར་ཕྱེ་ན་མ་གཏོགས། ཧུན་དུའི་ལྷ་གྲལ་དུའང་འཇིགས་བྱེད་དང་བདེ་མཆོག་འདྲ་བ་སོགས་འདུག་མང་པོ་འདུག་ན་དེ་དག་ནང་པའི་ལྷ་མིན་ཅེས་བཤད་ན་སྐུར་འདེབས་སུ་འགྲོ་ཉེན་ཆེ་བར་འདུག དཔེར་ན། འཕགས་པ་སྤྱན་རས་གཟིགས་རྒྱུད་སྡེ་བཞི་གའི་ལྷ་གྲལ་དུ་ཡོད་པ་ལྟར། སྤྲུལ་བསྒྱུར་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་ལས། སྲིད་ལས་བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བ་རྟག་ཏུ་སྟོན་མཛད་པའི།།སྒྱུ་མ་ཇི་བཞིན་ཁྱོད་ཀྱི་སྤྱོད་ལ་བློ་དང་ལྡན་རྣམས་ངོ་མཚར་འགྱུར།།ཞེས་གསུངས་པ་ལྟར་རོ།། དེས་ན་སྟོན་པ་གཤེན་རབ་སྤྱན་རས་གཟིགས་ཡིན་ལ་ཁོང་གི་རྗེས་འཇུག་པ་བོན་པོ་ཚང་ཡང་ནང་པའི་གྲས་སུ་བཞག་ན་གང་འདྲ།
བཀའ་ཐང་ན། སྟོན་པ་གཅིག་ལ་བསྟན་པ་གཉིས་མི་འབྱུང།།རྒྱལ་ས་གཅིག་ལ་རྒྱལ་པོ་གཉིས་མི་འབྱུང།།ཞེས་དང། མཛོད་ལས། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན།།ཞེས་སོགས་ཀྱིས་རྣམ་འདྲེན་བཞི་པའི་བསྟན་པ་གནས་སྐབས་དང། བོན་པོ་ནང་པ་ཡིན་ནམ་ཕྱི་རོལ་པ་ཡིན་སྙམ་ན། མཁས་པ་ལ་ལས། ཕྱི་རོལ་པ་ཡིན་པར་གསུངས་པ་དང། འགའ་ཞིག་གིས་ནང་པ་ཡིན་གསུངས། ལས་དགེ་སྡིག་ཁས་ལེན་པ། སྐྱེ་བ་སྔ་ཕྱི་ཁས་ལེན་པ། ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་ཁས་ལེན་པའི་བོན་པོ་ཚང་ནང་པ་ལོས་ཡིན། ནང་པ་ཡིན་ན་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་ཁྱབ་པ་ཡོད་དམ་མེད། ཡང་ན་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཁྱབ་པ་ཡོད་དམ་མེད། དཔྱད་དཀའ་པ་ཞིག་མང་པོ་ཞིག་འདུག་ན་རྣམ་དཔྱོད་ཅན་གྱིས་དཔྱད་དགོས་པར་མཐོང། ལྟ་བའི་ཆ་ནས་ཕྱི་ནང་གི་ཁྱད་པར་ཕྱེ་ན་མ་གཏོགས། ཧུན་དུའི་ལྷ་གྲལ་དུའང་འཇིགས་བྱེད་དང་བདེ་མཆོག་འདྲ་བ་སོགས་འདུག་མང་པོ་འདུག་ན་དེ་དག་ནང་པའི་ལྷ་མིན་ཅེས་བཤད་ན་སྐུར་འདེབས་སུ་འགྲོ་ཉེན་ཆེ་བར་འདུག དཔེར་ན། འཕགས་པ་སྤྱན་རས་གཟིགས་རྒྱུད་སྡེ་བཞི་གའི་ལྷ་གྲལ་དུ་ཡོད་པ་ལྟར། སྤྲུལ་བསྒྱུར་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་ལས། སྲིད་ལས་བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བ་རྟག་ཏུ་སྟོན་མཛད་པའི།།སྒྱུ་མ་ཇི་བཞིན་ཁྱོད་ཀྱི་སྤྱོད་ལ་བློ་དང་ལྡན་རྣམས་ངོ་མཚར་འགྱུར།།ཞེས་གསུངས་པ་ལྟར་རོ།། དེས་ན་སྟོན་པ་གཤེན་རབ་སྤྱན་རས་གཟིགས་ཡིན་ལ་ཁོང་གི་རྗེས་འཇུག་པ་བོན་པོ་ཚང་ཡང་ནང་པ་ཡིན།
ཁུང་ཙི་孔子དང་ལའོ་ཙི་老子བོན་དང་འབྲེལ་བ་ཡོད་པའི་བཤད་སྒྲོས་ཀྱི་འབྱུང་ཁུངས་ནི་ཐུའུ་བཀན་ཡིན་པ་ལས་བོན་གྱི་གཞུང་ལུགས་གང་དུའང་དེ་འདྲ་མེད། བོན་གྱི་ལོ་རྒྱུས་ནང་གི་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཟེར་བ་འདི་ཁུང་ཙི་孔子མིན། མཚན་ཟུར་གྱི་ཀོང་ཙེ་ཟེར་བ་དེ་རྒྱལ་སྲས་ཀྱི་དོན་ཡིན་ཏེ་རྒྱ་སྐད་དུ་公子ཟེར་བ་རེད། རྒྱའི་ལོ་རྒྱུས་ནང་གི་ཁུང་ཙི孔子དང་འདི་གཉིས་ཀྱི་ལོ་རྒྱུས་ཀྱང་གཏན་ནས་འདྲ་ཐབས་མེད་ལ་སྐྱེ་སའང་མི་འདྲ་བ་ཡིན། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་འཁྲུངས་ཡུལ་གྱི་རྒྱ་འདི་ད་ལྟ་རྒྱ་ནག་འདི་མ་རེད། དེའི་ཚུལ་ཤེས་འདོད་ན་འོལ་གླིང་གི་བཤད་པ་ཁག་ལ་གཟིགས་པར་འཚལ།
དྲྭ་གྲོགས་ཚོས་བགྲོས་གླེང་ལྷུག་པོར་གནང་བར་རྗེས་སུ་ཡི་རངས་དང་སླད་མར་ཡང་མུ་འཐུད་ནས་ཁ་བརྡ་དྲྭ་རྒྱས་བཅས་པའི་མཐའ་བཞི་ལས་མ་བརྒལ་བའི་བགྲོས་གླེང་གནང་ན་ལེགས།
མཐའ་བཞི་ནི།
སྐྱེ་བོ་སྒེར་པ་ལ་དམོད་ཚིག་འདེབས་པ་དང།
ཕན་ཚུན་འཐབ་་འཛིང་བྱེད་པ་དང།
སྐྱེ་བོ་གཞན་གྱི་མིང་བེད་སྤྱད་ནས་མཆན་འབྲི་བ་དང།
སྐྱེ་བོ་གཞན་གྱི་གློག་འཕྲིན་གྱི་ཁ་བྱང་བེད་སྤྱད་ནས་མཆན་འབྲི་་བ་དང་བཞིའོ།
འོན་ཀྱང་མཐའ་བཞི་འདིར་མ་འདུས་པ་ནི།
ཆོས་ལུགས་གྲུབ་མཐའ་ཕན་ཚུན་དབར་ལ་སྐྱོན་མཚངས་འདོན་པ་དེ་འདིར་འདུས་མ་འདུས་ཤོད་དཀའ་བར་སྣང་ངོ།
ཆང་ཕབ་ཀྱིས་སློང།
ཞོ་རུ་མས་བསྣན།
འཐབ་མོ་ཚིག་གིས་སློང།
ཞེས་པ་ལྟར་མི་ཡོང་བའི་རེ་བ་ཡོད།
ཕྱི་ནང་གྲུབ་མཐའི་ཁྱད་པར་ནི།
སྐྱབས་འགྲོ་རྒྱུད་ལ་ཡོད་མེད་ལས།
རང་གི་གྲུབ་མཐའ་མ་ཡིན་པའི།
གྲུབ་མཐའ་ཐམས་ཅད་ཕྱི་རོལ་པར།
ཁས་སུ་འཆེ་བ་རིགས་པས་མིན།
དེ་ཡང་སྐྱབས་སུ་འགྲོ་བའི་ཡུལ།
བླ་མ་སངས་རྒྱས་བོན་ནམ་ཆོས།
སེམས་དཔའ་རིན་ཆེན་རྣམ་བཞི་ལ།
སྐྱབས་སུ་སུས་བཟུང་ནང་པའོ།
རང་ལ་ལྟོས་ཏེ་སངས་རྒྱས་ལས།
ལྷག་པའི་དྲིན་ཆེན་བླ་མ་ཉིད།
སྤང་རྟོགས་རྫོགས་སངས་རྒྱས་པའི་སྐུ།
ཐོབ་བྱ་མཐར་ཐུག་སངས་རྒྱས་ཉིད།
ལུང་རྟོགས་གང་རུང་བསྡུས་པ་ཡི།
བོན་ནམ་ཆོས་གང་བོན་དཀོན་མཆོག
བསྟན་འཛིན་སྐྱེས་བུ་གང་ཡིན་པ།
གཤེན་རབ་སེམས་དཔའ་དཀོན་པའི་མཆོག
རྨུ་ཐག་གི་བུ་རྒྱུད་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ། སྔོན་གྱི་བོན་དང་ཕྱིས་ཀྱི་བོན་གཉིས་ལ་ཁྱད་པར་བྱུང་ཡོད་པ་འདྲ། དེ་ནི་ཕྱོགས་གཅིག་ནས་ཆོས་ལུགས་གཞན་དང་གཞན་གཞན་གྱི་ཤུགས་རྐྱེན་སླེབས་ཡོད་ཚོད་འདུག སྟག་ཙང་ལོ་ཙཱ་བས་བོན་གྱི་ཐེག་པ་དགུ་པ་རྙིང་མའི་རྫོགས་ཆེན་དང་མཐུན་པར་གསུངས། ལྟ་བའི་འགྲོས་རྣམས་ཕྱིས་ཀྱི་རྫོགས་ཆེན་པས་ཟེར་ལུགས་དང་དབྱིབས་མཚུངས་པར་བལྟས་ན་བོན་ལུགས་ལ་རྫོགས་ཆེན་བསྲེས་པ་གོར་མ་ཆག གང་ལྟར་སྤུན་བརྒྱད་ལམ་བརྒྱད་ནས་ཁྱིམ་གཅིག་ཏུ་འཇུག་པ་ལྟར་མཐར་ཐུག་གི་ཐོབ་བྱ་གཅིག་ཏུ་གྲུབ། རྗེ་མི་ལས། མི་མངོན་ནམ་མཁའི་དབྱིངས་ཤིག་ན།།རྫོགས་པའི་ཞལ་རྫུན་མཁན།།དྲང་དོན་གྱི་བསླུ་བྲིད་གསུངས་གསུངས་ནས།།ངེས་པའི་དོན་ལ་རྟོགས་དུས་མེད།།
རྫ་ཚེ་རིང་བཀྲ་ཤིས་ནས་བོན་དང་བོན་པོ་ནོར་འདུག ང་བོན་ཡིན་པ་ལས་བོན་པོ་མིན། བོན་པོ་ཞེས་བོན་གྱི་གྲུབ་མཐའ་འཛིན་པ་པོ་ལ་གོ བོན་དང་ཆོས་གཉིས་དོན་གཅིག་རེད། དེས་ན་ར་མ་ལུག སྐྱ་མ་བན། བན་མ་བོན། ཞེས་པ་ལ་གོ་རྒྱུ་རྒྱ་ཆེན་ཡོད་པར་ཤེས་དགོས། རང་རང་གི་གང་འདོད་འདོད་བཤད་པ་དེ་ཚོ་སྣང་བ་རྒྱ་ཡན་ཞེས་གཞན་ལན་འདེབས་པ་ལས་དོན་དངོས་དེ་བཤད་ཐུབ་ཀྱིན་མི་འདུག གལ་ཏེ་རིག་འཛིན་ཆོས་གྲགས་ཀྱི་དགོངས་འགྲེལ་དང་འཕགས་པའི་སྤངས་རྟོགས་ཚན་རིག་གིས་གཞལ་ནུས་འདོད་པ་ཚན་རིག་གཞལ་ཚོད་མ་ཤེས་པ་ཤར་ཏག་རེད། མཁན་པོ་ཆོས་ཁྱབ་ཀྱིས་འཕགས་པའི་སྤོངས་རྟོགས་རྟོག་གེ་དྲེད་མོས་མཇལ་ཟེར་བ་དེ་དྲན་ན་ལེགས་སོ། དགོངས་གཅིག་ལ་ངེས་ཆ་ཡོད་འདོག་སྟོན་འདུག་པ་དགའ་མོད། མུ་སྟེགས་བོན་གྱི་བདེན་པ་མཐོང་སྐབས་མེད་ཅེས་པའི་འཐད་ན་ཇི་ལྟར་འགྲེལ་ཡོད་དྲན་གྱིན་འདུག་གམ། མ་ཚད་ཀརྨ་པ་མི་སྐྱོད་རྡོ་རྗེའི་དགོངས་གཅིག་འགྲེལ་ཆེན་སྐབས་སུ་ཚན་རིག་དང་མཐུན་པར་ག་ཚོད་བཤད་ཡོད་པར་ཤེས་ཀྱིན་ཡོད་དམ། ཧ ཧ། ཁ་ཤར་དང་ཀླུད་ནུབ་ལྟར་སྐབས་འདིར་ཀློང་ཆེན་པའི་དབྱིངས་ཐིག་འོད་གསལ་བཤད་པ་ནི་འགྲེལ་མེད་འབའ་ཞིག་གོ ལག་རིང་རྒྱང་ཡུལ་གྱི་ཆོས་འཆད་རིགས། ། ཁ་བརྡ་ཁ་ལ་བཤད་པ་མི་བདེ་ཡང་། །ཐོན་ལའོ་ཞེས་བཤད་པའི་ཁ་ཆེམས་ཞིག དྲན་ན་བན་བོན་ཁྱད་པར་དེ་ཡིས་འབྱེད། །
རྨུ་ཐག་གི་གསལ་བཤད་དེར་གོ་རྒྱུ་ཞིག་འདུག
ཀོང་ཙི་དང་ཁུང་ཙི་ནོར་ཡོད་སྲིད་པ་རེད། དཔེར་ན། ཏོན་མིན頓門ཞེས་པ་རྒྱ་སྐད་ལས་བྱུང་ཞིང་གཅིག་ཅར་འཇུག་པའི་སྒོ་ཞེས་པའི་དོན་ཡིན་པ་ལ་བོད་པ་དག་གིས་རྒྱ་སྐད་ཡིན་པ་མ་ཤེས་པར་འགྲེལ་པ་རྒྱག་པ་དང་། དེ་བཞིན་མ་ཧམ་མད་ཀླ་ཀློའི་སྐད་ཡིན་བཞིན་ལེགས་སྦྱར་གྱི་སྒྲ་དཔྱད་ནས་སྦྲང་རྩིའི་བློ་གྲོས་སུ་བསྒྱུར་བ་གསུངས་པ་ལྟ་བུ་མང་དུ་ཡོད་ས་རེད། ལར་བོན་གྱི་དྲ་ཚིགས་ཤིག་ཏུ་ཞིང་བོད་བརྡ་ཆད་ཤན་སྦྱར་ཞིག་ཀྱང་འདུག་པས་དེས་ཀྱང་སྐབས་སྐབས་ཐ་སྙད་ཀྱི་ཁུངས་མང་པོ་གསེད་སྐྲོལ་བྱེད་སྲིད་པ་རེད།
དེ་བཞིན་ཐའུ་བཀན་གྱི་གསུང་དེ་ངས་ཡིན་ཆགས་འདྲ་ཞིག་བྱས་པ་ཡིན་ཏེ། ད་ལྟས་ན་དེར་ཡང་བསམ་བློ་གཏོང་དགོས་པ་ཞིག་འདུག
ལེགས་བཤད་ལགས། ཉིད་ཀྱིས་སྔོན་གྱི་བོན་དང་ཕྱིས་ཀྱི་བོན་གཉིས་ལ་ཁྱད་པར་འདུག་ཟེར་བའི་སྔོན་གྱི་བོན་དེ་གང་ལ་ངོས་འཛིན། སྟོན་པ་གཤེན་རབ་ཀྱིས་སྲོལ་བཏོད་པའི་གཡུང་དྲུང་གི་བོན་ལ་ངོས་འཛིན་ན་ནི་དེ་འདྲའི་ཁྱད་པར་ཞིག་མེད། སྟོན་པ་གཤེན་རབ་ཀྱི་སྔོན་གྱི་བོན་ལ་ཟེར་བ་ཡིན་ན་དེ་ག་རང་རེད། འདིར་བོན་པོའི་ནང་དུ་མི་འདོད་མཁན་ཀྱང་ཡོད་མོད་ཁོ་བོས་བསམ་ངོར་ཁྱད་པར་ཆེན་པོ་ཡོད་འདུག་སྙམ་དུ་བསམ་པ་ཨ་འཐས་སུ་མཆིས། གཞན་ཡང་ཉིད་ཀྱིས་སྟག་ཚང་ལོ་ཙྭ་བའི་ལུང་གིས་རྒྱབ་རྟེན་བྱས་ནས་བོན་ལ་རྫོགས་ཆེན་གྱི་ཤན་ཞུགས་འདུག་ཟེར་བ་ནི་དེ་འདྲའི་བཤད་བདེ་བོ་ཞིག་མ་རེད། ལུང་རེ་ནི་ཀུན་ལ་དྲངས་རྒྱུ་ཡོད། རྫོགས་ཆེན་གྱི་ལུགས་འདི་བོན་གྱིས་རང་གི་གྲུབ་མཐའི་སྙིང་པོ་ལྟ་བུར་འཛིན་པ་ལས་དེར་ཡིན་མིན་གྱི་རྩོེད་པ་གང་ཡང་མེད། བན་དྷེའི་ལུགས་ལ་དེ་ལྟར་མ་རེད། གཞན་ཡང་དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་མང་པོས་རྫོགས་ཆེན་འདི་བོན་པོ་ལས་རྙིང་མས་བཤུས་པའི་ཚུལ་མང་དུ་བཤད་ཀྱིན་འདུག་སྟེ། དེར་ཉིད་ཀྱིས་ལོས་ཡིན་ཟེར་རྒྱུ་མ་རེད། དེ་བས་ད་ནི་རྐུན་མ་བདག་པོ་དང་བདག་པོ་རྐུན་མར་གྱུར་པའི་དུས་སྙིགས་མ་འདི་འདྲ་ཞིག་ཚེས་པར་ལེ་བདའ་བ་ལས་ཐབས་ཅི་ཡོད།
ཧ་ཧ་ཧ། རྫོགས་པ་ཆེན་པོ་འདི། བདག་མེད་བོན་དང་རྙིང་མ་གཉིས་པོས་རྐུན་མ་ཕར་བཙུགས་ཚུར་བཙུགས་བྱེད་བགྱིད་འདུག་གོ བོན་པོ་དངོས་གནས་དང་། རྙིང་མ་བ་དངོས་གནས་རྣམས་གཉིད་ཁུག་ནས་མ་བསྡད་ན་མི་ཡག་གམ། ཧོ་ཧོ་ཧོ། །
རྫོགས་པ་ཆེན་པོའི་སྐོར་ལ་མཆན་བུ་འདེབས་མཁན་ཚོའི་ནང་ན་གནའ་བོའི་སངས་རྒྱས་ཆོས་ལུགས་པ་སངས་རྒྱས་སྦས་པའི་སྐོར་མཁྱེན་མཁན་ཡོད་དམ། དམ་པ་ཁོང་གིས་རྫོགས་ཆེན་སྐོར་གྱི་བསྟན་བཅོས་མཛད་ཡོད་དམ། ཁོང་གི་སྲས་ཀྱི་ཐུ་བོ་ནི་གཉན་དཔལ་དབྱངས་ཞུ་བ་དེ་ཡིན་ནམ། བེེ་རོ་ཙ་ནས་ཕར་སྒྱུར་མཛད་པར་གྲགས་པའི་རིག་པའི་ཁུ་བྱུག་ཅེས་པའི་བསྟན་བཅོས་དེའི་ལྟ་བའི་ཆུ་འགོ་སངས་རྒྱས་སྦས་པ་ལ་ཐུག་ཡོད་དམ། མཁྱེན་མཁན་རེ་ཡོད་ན་ལན་ཞིག་འདེབས་རོགས་ཞུ།
དྲི་མེད་ལྷག་བསམ་ལགས། དུས་རབས་བཅུ་བཞིའི་ནང་་་རྗེ་བློ་བཟང་གྲགས་པས་་་ལྷ་སའི་ཇོ་ཁང་གི་་་ཇོ་བོའི་སྐུ་འདྲ་་་དེ་ལ་བསྒྱུར་བཅོས་་ཆེན་པོ་ཞིག་བཏང་་པའི་ལོ་རྒྱུས་འདུག་པས་དེ་འདྲ་བའི་་་་སྐུ་འདྲ་རྙིང་པ་བྱིན་རླབས་ཅན་་་ཞིག་ལ་ཁོང་གིས་བསྒྱུར་བཅོས་་ཆེན་པོ་བཏང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་གང་ཡིན་ནམ། ང་ལ་དོག་པ་གཉིས་ཡོད་པ་ནི་་་གཅིག་ནི་བོན་གྱི་སྟོན་པ་གཤེན་རབ་དགུང་ལོ་བརྒྱད་ཅན་གྱི་སྐུ་འདྲ་ཞིག་རེད་ཟེར་བཤད་སྲོལ་ཡོད་པ་དང། གཉིས་ནི་ཡང་ན་རྒྱ་ནག་གི་ཧ་ཤང་་ཚང་གི་རྒྱ་མའི་སྐུ་འདྲ་ཞིག་མིན་ན་བསམ་པ་ཡོད་པས་ཁྱེད་ལ་དགོངས་ཚུལ་གང་ཡོད་དམ།
“ཙོང་ཁ་པས་ཁོག་གི་གཟུངས་འཇུག་བླངས། ཐུགས་གི་གཡུང་དྲུང་གཏོར། ཞལ་ལ་བཟོ་བཅོས་བྱས་པ་ཤར་ཏག་རེད། མ་ཚད་ཚན་རིག་པས་ཀྱ་ང་སྐུ་དེ་ལོ་སུམ་སྟོང་སོང་པ་རེད་བཤད་ཀྱིན་འདུག” ཅེས་པ་འདི་ནི། འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་ཙོང་ཁ་པ་ལ་སྒྲོ་བཏགས་དང་། ཚན་རིག་པའི་མིང་དང་། ཚན་པའི་མིང་བཏོན་བྱ་རྒྱུ་མེད་པའི་ཧམ་བཤད་ཉིས་བརྩེགས་ཡིན་པར་ངེས་སོ། ། བོན་པོ་ཡིན་ཡ་རབ་ཡིན་པས་ག་ལ་ཁྱབ། ང་ཡང་བཤད་ཐལ་ཤོར་བ་མིན་ནམ། ཧི་ཧི། ཧ་ཧ། ཧོ་ཧོ།
རྙིང་མ་བ་དང་བོན་པོ་དངོས་དང་བཏགས་གང་ལྟར།
མཐར་ཐུག་རྫོགས་པ་ཆེན་པོའི་ལྟ་བ་རང་བྱུང་ཡེ་ཤེས་ཀྱི་སྟེང་ན་འདོད་དང་མི་འདོད་ཁྱད་པར་སྤུ་ཙམ་མེད།
ངོ་ཐོག་བཤད་ན་རྙིང་བོན་གཉིས་དབར་ལ་རྩོད་གཞི་འབྱུང་དོན་གང་ཡང་མེད།
འོན་ཀྱང་རྙིང་མ་བ་རྣམས་ཀྱིས་བོན་ལ་སྡང་གཟུག་ཆེན་པོ་བྱེད་ཀྱི་མེད་དམ་སྙམས་པའི་དྭོགས་པ་ཞིག་ཤར་སྲིད།
རྙིང་བོན་གཉིས་ནས་རྫོགས་ཆེན་གྱི་དགག་ཡིག་ལ་དེ་ཙམ་གྱིས་ནུས་པ་ཐོན་པའི་ལན་འདེབས་ཤིག་བྱུང་ཡོད་དམ་ཅེས་ན་ཕལ་ཆེར་བྱུང་མེད་ཅེས་བཤད་ནའང་མ་འགྲིག་པ་མེད་སྙམ།
དཔེར་ན།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཀྱང།
རྫོགས་ཆེན་མིང་བཏགས་ཆོས་ལོག་མང་དུ་དར་ཅེས་དང།
ཁོང་གི་ཡང་ཚ་ཞི་བ་འོད་ཀྱིས་ཀྱང་མི་འདོད་པའི་ཚི་ཟུར་ཞིག་སླེབ་བཞིན་ཡོད།
འགོས་ཁུག་པ་ལྷས་བཙས་དང།ཆག་ཆོས་རྗེ་དཔལ་གཉིས་ཀྱིས་འབྱམ་ཡིག་ནང་དུ།
(རྫོགས་ཆེན་ནི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་ཞིག་མ་ཡིན་ནོ)་ཞེས་ཀྱང་བརྗོད་ཡོད།
ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་བརྩམས་པའི་སྡོམ་གསུམ་རབ་དབྱེའི་ནང་དུ།
བཀའ་རྒྱུད་པའི་ཕྱག་རྒྱ་ཆེན་པོའི་ཆོས་ནི་རྒྱ་ནག་གི་རྫོགས་པ་ཆེན་པོའི་ཆོས་དང་ཆ་འདྲ་བ་ཡིན་ཚུལ་དང།
རྙིང་མ་བའི་རྫོགས་པ་ཆེན་གྱི་ཆོས་དེ་ཡང་བོད་ཀྱི་བཙན་པོའི་རྒྱལ་རབས་ཐོར་རྗེས་བོད་ཀྱི་སྐྱེ་བོ་རྣམས་ཀྱིས་རྒྱ་ནག་མཁན་པོ་ཡི་ལུགས་ལ་གཞིགས་ནས་གསར་གཏོད་བྱས་བྱས་སོ་ཞེས་གསུངས་སོ།
གོང་བཤད་ཀྱི་དཔྱད་རྩོམ་དེ་(བསམ་གཏན་མཁར་རྨེའུ་ཡི་མདའ་དང་འཕང་ཅེས་པའི་དེབ་ལས་གསལ་ལོ།
འདི་ལྟར་གྱི་ལུང་འདྲེན་བྱེད་པའང་ཆོས་ལུགས་ནང་ཕན་ཚུན་དབྱེན་དཀྲུགས་སུ་མི་དགོངས་པར་ང་ཚོས་ངེས་པར་དུ་ལོ་རྒྱུས་དངོས་དང་དཔེ་གཞུང་གི་བརྗོད་བབ་ལ་བརྟེན་ནས་ཞིབ་འཇུག་བྱེད་དགོས་པ་ལས།
བྱི་ལ་ཡི་ཕྱི་ས་སྐུང་བ་ལྟར་བྱེད་པས་ཕན་ཐོགས་གང་ཡང་མེད།
རྨུ་ཐག་གི་བུ་རྒྱུད་ལགས། ༼ཨ་རྫོགས་སྙན་ གསུམ་ལས་རྫོགས་ཆེན་ནི་བཞོད་སྟོན་དངོས་གྲུབ་གྲགས་པས༼ རྫོགས་ཆེན་ཡང་རྩེ་ཀློང་ཆེན༽ཞེས་པའི་དཔེ་ཆ་གཏེར་ནས་བཞེས་རྗེས་དར་བར་གྲགས། བོན་ལུགས་ཀྱི་བསྟན་རྩིས་ལྟར་ན་གཞུང་དེ་དར་བའི་དུས་ནི་སྤྱི་ལོ༡༠༨༨ལ་ཡིན། དེ་ལྟའི་བོན་ལུགས་ཀྱི་མ་ལག་དེར་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནང་དུ་སེམས་སྡེ་ ཞེས་ཟེར་བ་ཡིན། དེར་བརྟེན། བོན་ལུགས་ཀྱི་ནང་དོན་དང་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་རྙིང་མ་བའི་རྫོགས་ ཆེན་གཞུང་དབར་འབྲེལ་ལམ་ཞིག་མཆིས་སོ། །༽ ཞེས་མཁར་རྨེའུ་བསམ་གཏན་ནས་ལུང་འདྲེན་བྱས་པ་ལྟར་ན། བོན་ལུགས་ཀྱི་རྫོགས་ཆེན་ནི་རྙིང་མའི་རྫོགས་ཆེན་གྱི་ནང་གསེས་ཀྱི་སེམས་བདེ་ཟེར་བ་དེ་ཡིན་ཚུལ་དང། སྤྱི་ལོ་༡༠༨༨་ལོར་དེ་བོན་ལུགས་ཁྲོད་གསར་དུ་དར་ཁྱབ་བྱུང་བར་བརྗོད་འདུག་ལ་དེར་རྒྱུ་མཚན་འདུག་ཏེ། འོག་ཏུ་འཆད་པར་འགྱུར་བའི་ལོ་རྒྱུས་དེ་དག་ལ་ཞིབ་ཏུ་དཔྱད་ན་བོད་དུ་དར་བའི་བོན་ལུགས་སྔ་ཕྱི་དེ་དག་ལ་ཆོས་ལུགས་གཞན་གྱི་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་གསལ་བར་འགྱུར་བའི་ཕྱིར། བཻ་ཌཱུར་དཀར་པོ་ལས། ཞང་ཞུང་ཡུལ་ན་བོན་འདུལ་བར།།དགོངས་ཏེ་གཤེན་རབ་མི་བོར་སྤྲུལ།།བོན་གྱི་མཛད་པ་བཅུ་གཉིས་བསྐྱངས།།ཐེག་པ་རིམ་པ་དགུ་རུ་གསུངས། གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེ།།གཤིན་པོ་རྣམས་ཀྱི་དུར་སྒོ་བཅད།།འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད།། ཞེས་པ་ལྟར་ཞང་ཞུང་གི་ཡུལ་དུ་གཤེན་རབ་མི་བོར་སྤྲུལ་ནས་བོན་གྱི་མཛད་པ་བཅུ་གཉིས་བསྐྱངས་ཏེ། བོད་དང་རྒྱ་གར། རྒྱ་ནག་སོགས་ཡུལ་གྲུ་མང་པོར་བོན་གྱི་ཆོས་ལུགས་དར་ཁྱབ་བྱུང་བའི་ཁྲོད། བོད་དུ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་ཁྲི་ཐོག་རྗེ་བཙན་བར་ལོ་ཉི་ཤུ་རྩ་དྲུག་རིང་ལ་ཤོད་ལོན་ཞེས་བྱའི་ཡུལ་དུ་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་ཞིག་འདྲེས་ལོ་བཅུ་གསུམ་གྱི་བར་དུ་བོད་ཁམས་ཐམས་ཅད་དུ་ཁྲིད་ནས། མི་མ་ཡིན་གྱི་ནུས་པ་ལ་བརྟེན་ནས་ཡུལ་འདི་དང་འདི་ལྟ་བུ་ན་ལྷ་འདྲེ་འདི་དང་འདི་ལྟ་བུ་ཡོད་པས་ཕན་གནོད་འདི་དང་འདི་ལྟ་བུ་བྱེད་པར། དེ་ལ་གསོལ་མཆོད་དང། ཡས་སྟགས་གཏོང་ལུགས་སྣ་ཚོགས་ཤེས་པ་ཞིག་བྱུང་བ་དང། དེ་དུས་ཀྱི་བོན་རྣམས་ལ་མར་འདྲེ་སྲི་གནོན་པ་དང། ཡར་རྒན་གྱི་ལྷ་མཆོད་པ། བར་ཁྱིམ་གྱི་ཐབ་འདོན་པ་གསུམ་ཙམ་ལས། བོན་ལུགས་ཀྱི་ལྟ་བ་སོགས་ཀྱི་ཐ་སྙད་མ་བྱུང་བ་དང། དེ་ལ་༼བརྡོལ་བོན༽་ཟེར་བ་ཡིན། དེའི་རྗེས་རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་བཙན་པོའི་གྲི་བཤིད་བོད་ཀྱི་བོན་པོ་རྣམས་ཀྱིས་བྱེད་མ་ཤེས་ནས། ཁ་ཆེ་དང་བྲུ་ཤ། ཞང་ཞུང་གསུམ་ནས་བོན་པོ་གསུམ་གྲི་བཤིད་ལ་བོས་པ་ལ། གཅིག་གིས་མེ་ལྷ་བསྒྲུབས་པ་ལ་བརྟེན་ནས། རྔ་ཞོན་ནས་ནམ་མཁའ་ལ་འགྲོ་བ་དང་བྱ་སྒྲོས་ལྕགས་གཅོད་པ་སོགས་ཀྱི་ནུས་པ་སྟོན། གཅིག་གིས་མོ་བཏབ་ནས་ལེགས་ཉེས་ཀྱི་གཏན་ལ་འབེབས། གཅིག་གིས་གཤིན་པོ་འདུར་བ་དང་གྲི་འདུལ་བ་ལ་སོགས་པ་གཤིད་ཀྱི་བྱེ་བྲག་རྣམས་ཤེས། དེ་ཕན་ཆད་དུ་བོན་ལ་ལྟ་བ་འདི་ཡིན་བྱ་བ་མེད། དེ་ཚུན་ཆད་ནས་བོན་གྱི་ལྟ་བ་ཞིག་བཟུང་བ་ནི་མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་པ་དེ་ལ་༼འཁྱར་བོན༽་ཟེར། དེའི་རྗེས་སུ་པན་ཌི་ཏ་ཤམ་ཐབ་སྔོན་པོ་ཅན་གྱིས་ཆོས་ལོག་གཏེར་དུ་བཅུག་ནས་ཁོ་རང་གིས་བཏོན་པ་བོན་དང་འདྲེས་པ་ལ་༼བསྒྱུར་བོན་དང་པོ ༽་དང། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོན་རྣམས་ཆོས་ལ་འཇུག་དགོས་པའི་བཀའ་ཁྲིམས་བྱས་ཏེ་རྒྱལ་བའི་བྱང་ཆུབ་ཟེར་བ་ལ་ཆོས་ཉོན་བྱས་པས་ཁོས་མ་འདོད་པ་ལ། རྒྱལ་པོས་ཁྲིམས་བཅད་པས་ཁོ་ཁྲོས་ཏེ་བོན་དང་བསྡེབས་ནས་སངས་རྒྱས་ཀྱི་གསུང་རབ་འགའ་ཞིག་བོན་དུ་བསྒྱུར། དེ་རྒྱལ་པོས་གསན་ནས། དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་བ་རྣམས་ཀྱི་སྐེ་ཆོད་གསུངས་ནས་མང་པོ་ཞིག་གི་སྐེ་བཅད་པས། བོན་རྣམས་སྐྲག་ནས་བསྒྱུར་འཕྲོ་དང་བཅས་གཏེར་དུ་སྦས་པ་རྣམས་ཕྱིས་སུ་བཏོན་པ་ལ་བོན་གཏེར་རམ་༼བསྒྱུར་བོན་བར་བ༽་ཟེར། གླང་དར་གྱིས་བསྟན་པ་བསྣུབས་རྗེས་གཙང་ཉང་སྟོད་ནས་གཤེན་རྒུ་ཀླུ་དགའ་ཞེས་བྱ་བས། དབུས་ཀྱི་བོན་གནས་ཤིག་ཏུ་སངས་རྒྱས་ཀྱི་བཀའ་མང་པོ་བོན་དུ་བསྒྱུར་ཏེ། ཡུམ་རྒྱས་པ་ལ་ཁམ་ཆེན། ཉི་ཤུ་རྩ་ལྔ་པ་ལ་ཁམ་ཆུང། གཏན་ལ་དབབ་པ་ལ་བོན་མདོ། གཟུངས་གྲྭ་ལྔ་ལ་ཀླུ་འབུམ་དཀར་ཅེས་བཏགས། བརྡ་དང་ཐ་སྙད། བརྗོད་བྱ་ཆོས་དང་མི་འདྲ་བ་སྣ་ཚོགས་བྱས་ཏེ། མཚོ་ལྔ་འདྲེའུ་ཆུང་གི་བྲག་ལ་གཏེར་དུ་སྦས། ཕྱིས་སུ་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན། དེའི་རྗེས་སུའང་ཁྱུང་བོ་བོན་ཞིག་སོགས་ཀྱིས་ཀྱང་དེ་འདྲ་མང་དུ་བསྒྱུར། དེ་ལ་༼བསྒྱུར་བོན་ཐ་མ༽་ཟེར། བསྒྱུར་བོན་སྔ་ཕྱི་བར་གསུམ་དེ་དག་ལ་ཆབ་དཀར་ཟེར་ཏེ་འབྲས་བུའི་བོན་ཅེས་བཏགས། གང་ལྟར་གོང་བརྗོད་འདི་དག་ལས་ཅི་ཞིག་ཤེས་ཐུབ་ཟེར་ན། བོན་ལུགས་ལ་ནང་ཆོས་ཀྱི་ལྟ་བ་དང་དེའི་ནང་ནས་རྙིང་མའི་ལྟ་གྲུབ་ཀྱི་ཤན་ཞུགས་པ་སྨོས་མི་དགོས་པ་ཞིག་རེད་ལ། རྙིང་མའི་རྫོགས་ཆེན་ལའང་བོན་ལུགས་ཀྱི་ཤན་ཞུགས་པ་ལྟ་ཅི་སྨོས།
གོང་གི་ཡིག་ནོར་ཀླུ་འབུམ་དཀར་ཅེས་བཏགས་། ༼ཀླུ་འབུམ་དཀར་ནག་ཅེས་བཏགས༽ཞེས་པར་བཅོས་དགོས།
ལེགས་བཤད་ལགས་ཀྱིས་རང་ཕྱོགས་ཁོ་ནའི་ལུང་གི་ཕུང་པོ་ཞིག་སྤུངས་ཏེ་འདིར་བསྣམས་ཕེབས་པ་འདི་ཡིས་ཁྱེད་ཀྱི་འདོད་པ་ཁེངས་པའི་གྲུབ་འབྲས་ཤིག་ཐོན་པ་དཀའ།
ལུང་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ།
གར་དྲངས་དྲངས་ཡིན་པའི་ཕྱིར།
ཅེས་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་གནང་འདུག།
དེ་ལྟའི་ལུང་རིགས་ཀྱིས་ཕ་རོལ་གྱི་འདོད་པ་དང་ལྟ་གྲུབ་སོགས་གང་ཡང་འགོག་མི་ནུས།
ལུང་དེ་ལ་མ་ཁྱབ་ཅེས་པའི་འདོད་ལན་འདེབ་ཆོག་པ་རེད།
མུ་སྟེགས་པ་ལ་རྩོད་དུས་ནང་པས་རང་གི་ལུང་གི་ཕུང་པོ་རི་བོ་ལྟར་སྤུངས་ཏེ་འགོག་པར་འདོད་ཀྱང་ཁོས་ལུང་དེ་དག་ལ་རྟ་རྔའི་སྤུ་རྩེ་ཙམ་དུ་འང་བརྩི་རྒྱུ་མ་རེད།
དེ་ལས་རིགས་པས་འགོག་ཐུབ་ན་རིགས་པ་ཁས་མི་ལེན་ཟེར་མཁན་ཁག་པོ་རེད།
དེ་ལྟར་ན་དགེ་འདུན་ཆོས་འཕེལ་གྱི་ཚད་མ་མེད་པར་སྒྲུབ་པའི་རིགས་པ་དེ་ཚོར་སློབ་སྦྱོང་བྱེད་དགོས་པར་སྣང།
དེ་ཡང་དག་པ་གཙང་མ་ཡིན་ཏེ།
ང་ཡི་ཨ་མའི་ཕོར་པ་ཡིན་པའི་ཕྱིར།
ཅེས་པ་དང་སྒོ་ཀུན་ནས་མཚུངས་སོ།
ལ་སྟོད་བུས། ལུང་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ། གར་དྲངས་དྲངས་ཡིན་པའི་ཕྱིར། ཅེས་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་གནང་འདུག། ཅེས་པའི་ཚིག་ཉམས་ལ་དཔགས་ན་མི་ཕལ་བ་ཞིག་གི་སྐད་ཆ་ཡིན་པ་ལས་དེ་ནི་སངས་རྒྱས་གཤེན་རབ་མི་བོས་གསུངས་པ་ཞིག་ཨེ་ཡིན། གལ་ཏེ་ཡིན་ན་གཤེན་རབ་མི་བོའི་བཀའ་ལུང་ཡིག་ཐོག་ཏུ་གཏན་ལ་ཕབས་པའི་གླེགས་བམ་ཡོད་དགོས་པ་མ་ཡིན་ནམ། ། གཡག་སྣ་ཁུ་ཚུར་གྱི་དཔེ་ལྟར་ང་ལ་བཙན་སོང། གཞན་ཞིག་ལ་ནོར་བ་མིན་འགྲོ །ངས་གོ་ཐོས་ལྟར་ན་རྗེ་ཙོང་ཁ་བས་ཀྱང་དེ་འདྲ་ཞིག་བཤད་ཡོད་ཚོད་འདུག གཅིག་བྱས་ན། ཆུ་མགོ་གངས་ལ་ཐུག་པ་གཤེན་རབ་མི་བོ་ཡིན་འགྲོ ། ཡོད་ཚད་སྟོན་པ་གཤེན་རབ་ཀྱི་ཐུགས་རྗེའི་རྣམ་རོལ་དུ་འཆར་ཞིང་ཏིལ་ལ་ཏིལ་དམར་ཐིམ་པ་བཞིན་འུ་གཉིས་ཀྱིས་ཁུངས་གཏུགས་སའི་ལུང་ཚིག་གཅིག་ཀྱང་བརྙེད་ཐུབ་རྒྱུ་ཁག་པོ་རེད། རིགས་པའི་ལམ་པོ་ཆེར་ཞུགས་པའི་ངའི་རེ་འདོད་ཀྱི་གཏད་སོ་དེ་འདྲ་ཞིག་གཏན་ནས་མིན། ངའི་དོགས་པ་དཔྱད་གཞིར་བཀོད་པ་ལས་ཕ་རོལ་བོ་འགོག་འདོད་ཀྱི་ཀུན་སློང་དེ་བས་ཀྱང་ང་ལ་མེད་དོ། ལུང་ནི་བདེན་པའི་དོན་ཅན་ཡིན་མིན་གྱི་རྩོད་པའི་གཞིའམ་དཔྱད་གཞིར་བཀོད་ཆོག་ཏེ། སྟོན་པ་གཤེན་རབ་ཀྱི་ཐུགས་སྲས་ཤཱཀྱ་ཐུབ་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟགས་ལ་ང་ཡི་བཀའ།།བླངས་པར་བྱ་ཡི་གུས་ཕྱིར་མིན།།ཞེས་གསུངས་པ་ལྟར། གུས་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀྱིས་གང་གསུངས་སྒྲ་ཇི་བཞིན་པར་བཟུང་ན་མི་རུང་སྟེ། དེ་ནི་རང་རློམ་མགོ་འཁྲེགས་ཅན་གྱི་སྲོལ་ཡིན་པ་ལས་མཁས་པ་རྣམ་དཔྱོད་ཅན་གྱི་སྲོལ་ཡིན་རྒྱུ་མ་རེད། བོད་གངས་ཅན་གྱི་ལྗོངས་སུ་གནའ་སྔ་མོ་ནས་བོན་ལུགས་ཀྱི་སྐོར་ལ་མཁས་པས་གསུང་ཚུལ་སྣ་ཚོགས་ཤིག་མཆིས་པ་ལས། ཐ་ན་གནའ་རྫས་དཔྱད་ཞིབ་རིག་པ་ཚོས་ས་འོག་གཏེར་རྫས་ལས་ཐོན་པའི་ཅ་དངོས་དེ་དག་ལའང་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པ། བོན་ཡིག་དང་བརྙན་རིས་དུ་མ་མཇལ་རྒྱུ་ཡོད་ཟེར།
བཻ་ཌཱུར་དཀར་པོ་ལས། ༼༼གླང་དར་གྱིས་བསྟན་པ་བསྣུབས་རྗེས་གཙང་ཉང་སྟོད་ནས་གཤེན་རྒུ་ཀླུ་དགའ་ཞེས་བྱ་བས། དབུས་ཀྱི་བོན་གནས་ཤིག་ཏུ་སངས་རྒྱས་ཀྱི་བཀའ་མང་པོ་བོན་དུ་བསྒྱུར་ཏེ། ཡུམ་རྒྱས་པ་ལ་ཁམ་ཆེན། ཉི་ཤུ་རྩ་ལྔ་པ་ལ་ཁམ་ཆུང། གཏན་ལ་དབབ་པ་ལ་བོན་མདོ། གཟུངས་གྲྭ་ལྔ་ལ་ཀླུ་འབུམ་དཀར་ཅེས་བཏགས། བརྡ་དང་ཐ་སྙད། བརྗོད་བྱ་ཆོས་དང་མི་འདྲ་བ་སྣ་ཚོགས་བྱས་ཏེ། མཚོ་ལྔ་འདྲེའུ་ཆུང་གི་བྲག་ལ་གཏེར་དུ་སྦས། ཕྱིས་སུ་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན། དེའི་རྗེས་སུའང་ཁྱུང་བོ་བོན་ཞིག་སོགས་ཀྱིས་ཀྱང་དེ་འདྲ་མང་དུ་བསྒྱུར། དེ་ལ་༼བསྒྱུར་བོན་ཐ་མ༽་ཟེར།༽༽ བཻ་ཌཱུར་དཀར་པོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་་་དུས་རབས་བཅུ་བདུན་་་པའི་ནང་བརྩམས་ཞིག་ཡིན་པ་འདྲ། གཤེན་ཆེན་ཀླུ་དགའ་ནི་་་དུས་རབས་བཅུ་གཅིག་་་པའི་ནང་བྱུང་བའི་བོན་གྱི་བླ་ཆེན་ཞིག་ཡིན་པ་དང་དུས་སྐབས་དེར་ཁོང་གིས་བོན་གཏེར་བཏོན་པའི་ལོ་རྒྱུས་ཡོད་པ་རེད། དེས་ན་བཻ་ཌཱུར་དཀར་པོ་དང་་་གཤེན་ཆེན་ཀླུ་དགའི་བར་་་མི་ལོ་བདུན་བརྒྱ་་་ཙམ་གྱི་བར་ཁྱད་ཡོད་པ་ཞིག་རེད་འདུག། མི་ལོ་བདུན་བརྒྱའི་རྗེས་ནས་བྲིས་པའི་ལོ་རྒྱུས་འདི་ལ་བདེན་ཆ་ག་ཚོད་ཡོད་མི་ཤེས། བོན་ལུགས་ལྟར་ན་གཤེན་ཆེན་ཀླུ་དགའི་གཏེར་དཔེ་རྣམས་ནི་་་བོད་རྒྱལ་གྲི་གུམ་་་གྱི་དུས་སུ་སྦས་པ་ཞིག་ཡིན་པར་འདོད་པ་དང། ཁོང་ལ་གཏེར་གྱི་དངོས་གྲུབ་ཡོད་པའི་སྲུང་མའི་ལུང་བསྟན་བྱུང་བ་ཐོག་མ་ནི་་་དགུང་ལོ་བཅུ་གསུམ་་་ཐོག་ཡིན་པར་བཤད་འདུག། དེ་རྗེས་་དབུས་གཙང་དང་ཞུ་གཡས་འཐབས་པས་་་ཁོང་གི་གཅེན་པོ་གེ་ཁོད་བཀྲོངས་པ་་་ཕོ་ཤེད་འགྲན་ནས་སྐེད་པ་དགུང་ལོ་བཅོ་བརྒྱད་ནས་སྒུར་བ་་་ཡབ་གྲོངས་བ་་་ཡུམ་བཞེས་པ་སོགས་རྐྱེན་དང་བར་ཆད་མང་པོས་མཚམས་བཅད་ནས་ཕོ་རྒོད་བྲེལ་བ་དང་ཟིང་ཆ་ཆེ་བའི་དུས་ཚོད་རེད་འདུག་པས་དེ་འདྲ་བའི་་་དཔེ་ཆ་མང་པོ་་ཀློག་རྒྱུ་་་སྦྱངས་རྒྱུ་་་བསྒྱུར་རྒྱུའི་་་དུས་ཚོད་གཅིག་རགས་ཡོད་པའི་བཟོ་མིན་འདུག། གཏེར་བཞེས་པའི་དུས་ནི་ཕལ་ཅེར་དགུང་ལོ་ཉི་ཤུའི་ཡར་སྟོད་ཙམ་ཞིག་ལ་ཡིན་ས་རེད། ད་དུང་བཻ་ཌཱུར་དཀར་པོའི་ཚིག་ལྟར་ན་་་དབུས་ཀྱི་བོན་གནས་ཤིག་ཏུ་་་་གསུངས་པ་ནི་ངེས་པ་ཧ་ཅང་རང་མེད་པའི་གཏམ་དུ་ཟད་པས་རྩོམ་པ་པོས་ཚོད་རྩིས་རང་བྱས་པ་ཡིན་པ་འདྲ། དེར་མ་ཚད་བླ་མ་ཁོང་གི་མཚན་ལ་་་ཀླུ་་་ཡོད་དགོས་པ་ནི་་་་ཀླུ་འབུམ་་་གྱིས་ཞབས་རིམ་བྱས་ནས་ཁོང་ཆུང་དུས་ཁ་གསོས་པས་ན་མཚན་ཟུར་ལ་་ཀླུ་་བྱུང་བ་རེད་ཟེར་བཤད་སྲོལ་ཡོད་པ་རེད། ཁོང་གི་ཁྱིམ་ཚང་ལ་ནི་འཚོ་བའི་དཀའ་ངལ་ཆེ་ཚམ་ཡོད་པའི་གནས་སྟངས་ཤིག་བཤད་འདུག། ད་་ཀླུ་འབུམ་་ཡོད་བཞིན་དུ་་་གཟུངས་གྲྭ་ལྔ་ལ་ཀླུ་འབུམ་དཀར་ཅེས་བཏགས་་་ཅེས་པ་ཡང་ངེས་མེད་ཚོད་རྩིས་རང་བྱས་པའི་བཟོ་འདྲ་འདུག། དེར་མ་ཟད་གཤེན་སྒུར་ཀླུ་དགའ་་་གཙང་ཉང་སྟོད་་ནས་ཡིན་མིན་ཡང་བརྟག་པའི་གནས་སུ་མཐོང། དེ་རིང་འདི་ཙམ་མོ།།།
ལེགས་བཤད་ལགས།
ངས་གོང་དུ་ལུང་དྲངས་པ་དེ་ཕོ་ཚོད་དང་འོལ་ཚོད་གྱིས་ལུང་འཁྱེར་བ་ཞིག་ག་ལ་ཡིན།
ཁྱེད་ལ་གཟིགས་ཁོམ་དང་གཟིགས་འདོད་ཀྱི་བསྐལ་པ་མེད་ན་ངས་དཔེ་མིང་དཔེ་ཨང་དང་བཅས་པ་ཞུ་ཆོག
(གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་)ཡིས་༢༠༠༥་ལོར་དཔར་སྐྲུན་བྱས་པའི།
(ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་འགྲེལ་བ་འཕྲུལ་གྱི་མེ་ལོང་དགུ་སྐོར)ཅེས་པའི་ཤོག་གྲངས་༥༥་ལས།
[ལུང་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ་གར་དྲང་དྲང་དུ་འོང་པར་རིགས་པའི་རྒྱབ་བརྟེན་མེད་ན་ཡིད་མི་ཆེས་སོ]
ཞེས་གསལ་ཡོད།
ངོས་ནས་ཁྱེད་རང་རྣམ་དཔྱོད་ཅན་དང་ལུང་གིས་ཕྱུག་པ་ཞིག་རེད་ཅེས་སྔར་བསྟོད་ར་བཏངས་ཟིན་མོད།
འདི་འདྲ་ཤོད་དུས་དོགས་པ་ཞིག་སྐྱེ་ཡོང་གི་འདུག
གཡག་སྣ་ཁུ་ཚུར་དང། ལུང་དེར་མི་ཕལ་པ་ཞིག་གི་སྐད་ཆ་ཡིན་ཚུལ། བོན་ཡིག་དང་བརྙན་རིས་དུ་མ་འཇལ་རྒྱུ་ཡོད་ཟེར། ཞེས་མི་འདོད་པའི་རྣམ་འགྱུར་བསྟན་པ་སོགས་ལ་ལྟས་ན་ད་དུང་གཡག་ཞར་གྱིས་རྩ་བཟའི་དཔེ་ལྟར་མིན་པར་རང་གཞན་གྱི་དཔེ་ལུང་ཕྱོགས་ཡོངས་སུ་གཟིགས་དགོས་པའི་བསྐུལ་མ་ཞིག་ཐལ་སོང།
འདི་ལྟ་བུས་ཐོག་མར་གཅིག་གཅིག་མག་མག་ཟེར་ནས།
དེ་ནས་འཇིག་རྟེན་མགོན་པོ་ལས་སོགས་དང་།དེ་ནས་ཐུའུ་ཀན་གྱིས་དང་།དེ་ནས་བདུད་འཇོམས་དང་དེ་ནས་རིམ་བཞིན་སྔར་གྱི་མཁའ་འགྲོ་ག་གེ་མོའི་སྙན་རྒྱུད་དམ་དགོངས་གཟིགས་སོགས་གང་ལྟར་ཁུངས་མེད་པའི་བོན་གྱི་སྐོར་ལ་བཤད་གཡམ་དེ་དག་ལ་བོན་གྱི་གཞུང་ལུགས་ནས་འགོག་རྒྱུ་ཡོད་ཚེ་འགོག་ཐུབ་ངེས་ལས།
དེ་མིན་སྔར་གྱི་རང་ཕྱོགས་ཀྱི་ལུང་རི་བོའི་གཏོས་ལྟར་སྤུངས་ཏེ་འཁྱེར་ཏེ་ཕེབས་ཀྱང་ཕ་རོལ་པོས་ཁས་མ་བླངས་ཤིང་ཁྱབ་ལོག་ལུང་པ་གང་འདྲག་ཤོང།
ཟེར་དུས་དཀའ་སེ་མིན་ནམ་སྙམས།
དྲྭ་རྒྱར་འདིར་ཞུགས་མཁན་རྣམས་ལ་ཆེད་གསོལ།
བོན་པོའི་རྫོགས་ཆེན་དང་རྙིང་མའི་རྫོགས་ཆེན་གཉིས། གཅིག་དང་ཐ་དད་རེད་ཅེས་དོགས་སློང་མང་པོར་མཛད་ཚུལ་བལྟས་ནས་ང་ལའང་དྲི་བ་འདི་འདྲ་ཞིག་བྱུང་།
འོ་ན་བོན་པོའི་ལུགས་ཀྱི་དབུ་མ་དང་ཀླུ་སྒྲུབ་ལུགས་ཀྱི་དབུ་མ་གཉིས། གཅིག་པ་ཡིན་ནམ་ཐ་དད་རེད། དེ་དྲི་བ་གཅིག་ཡིན།
དེ་བཞིན་ཆོས་ཀྱི་གྲགས་པའི་ཚད་མ་དང་བོན་པོའི་ལུགས་ཀྱི་ཚད་མ་གཉིས། གཅིག་པ་ཡིན་ནམ་ཐ་དད་རེད། དེ་དྲི་བ་གཉིས་པ་ཡིན།
གཞན་ཡང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང༌། ལམ་བསླབ་པ་རིན་པོ་ཆེ་རྣམ་གསུམ་ཉམས་ལེན་བྱས་པ་ལ་བརྟེན་ནས། ཐེག་པ་ཆེན་པོ་ལམ་ལྔ་ས་བཅུའི་ཡོན་ཏན་མཐར་ཕྱིན་ཏེ་འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཐོབ་པ་བོན་གྱིས་ཀྱང་འདོད་པས།
འོ་ན་བོན་པོ་ཐམས་ཅད་ནང་པ་ཡིན་ཞེས་འདོད་དགོས་སམ་ཡང་ན་ནང་པ་ཐམས་ཅད་བོན་པོ་ཡིན་ཞེས་འདོད་དགོས།
ད་ལྟ་འདིར་བོན་པོའི་རྫོགས་ཆེན་དང་ནང་པའི་རྫོགས་ཆེན་གཉིས། གཅིག་པ་ཡིན་ནམ་ཐ་དད་རེད་ཅེས་དྲི་བ་དམིགས་བསལ་འདོན་པ་དང་ལོགས་སུ་བཀར་ནས་དོགས་སློང་མཛད་པ་ནི། ཆོས་ཀྱི་སྙིང་པོ་རྫོགས་པ་ཆེན་པོ་ལ་སྨ་འབེབས་འདོད་པའི་ཀུན་སློང་དང་དམིགས་ཡུལ་ཡོད་པའི་བྱེད་སྤྱོད་ཞིག་ལས་དྲང་བདེན་དང་ལྷག་བསམ་ཡོད་པའི་དཔྱད་གཏམ་ཞིག་གཏན་ནས་མ་རེད།
ལ་སྟོད་བུ་ ལགས་ཀྱི་ གསུང་ མཐའ་བཞི་ སྟེ་། གཤམ་འོག་ འདི་ལ་ དྲ་བདག་ཚོས་ དགོངས་པ་ གསར་པ་ཅིག་ བཞེས་ཐུབ་ན་ མི་ལེགས་སམ། དྲ་རྒྱ་ཡར་རྒྱས་ཡོང་བར་ཤོག
མཐའ་བཞི་ནི།
སྐྱེ་བོ་སྒེར་པ་ལ་དམོད་ཚིག་འདེབས་པ་དང།
ཕན་ཚུན་འཐབ་་འཛིང་བྱེད་པ་དང།
སྐྱེ་བོ་གཞན་གྱི་མིང་བེད་སྤྱད་ནས་མཆན་འབྲི་བ་དང།
སྐྱེ་བོ་གཞན་གྱི་གློག་འཕྲིན་གྱི་ཁ་བྱང་བེད་སྤྱད་ནས་མཆན་འབྲི་་བ་དང་བཞིའོ། མཆན་བུ་༡༩༢ལསོ། །
ང་ཚོའི་བོད་མི་རིགས་ཀྱི་རིག་གཞུང་ནི་རི་རབ་ལས་དཔང་མཐོ་བ་དང་རྒྱ་མཚོ་ལས་གཏིང་ཟབ་པ་ཡིན་དུས་དེའི་ངོ་བོ་དང་ཁྱད་ནུས་ཞིབ་འཇུག་བྱ་རིན་ཡོད་པ་ལོས་ཡིན། ཚུལ་ཇི་ལྟར་དང་འཕེལ་རྒྱས་ཇི་ལྟར་བྱུང་ཚུལ་རྒྱུས་མངའ་ཡོད་པ་དང། ལོ་རྒྱུས་སྨྲ་བའི་མཁྱེན་སྤྱན་མངའ་བ་དག་གི་ཡིག་འཇོག་ལ་ངེས་བར་བློ་གཟུ་བོར་གནས་བས་ལྟ་དགོས་པ་ཡིན། དེ་མིན། འདི་ནི་བདེན་གྱི་གཞན་ནི་གཏི་མིག་གོ་ཞེས་བྱ་བའི་ངང་དུ་གཉིད་ལ་ཡུར་ནས་བསྡད་ན་རྗེས་ལུས་མ་ཡིན་ནམ། ས་དགེ་ཀར་རྙིང་བོན་དང་བཅས་པའི་གྲུབ་མཐའ་དེ་ཚོ་ནི་ཡེ་རྫོགས་ཀུན་ཏུ་བཟང་པོ་ཡིན་ས་མི་འགྲོ། ཐོས་བསམ་གྱིས་གཏན་ལ་ཕབས། ཉམས་མྱོང་ཅི་རིགས་ལས་འབུས་པ་ཞིག་གོ ད་བལྟས་ནས་སོང་ན་འུ་ཚོའི་བརྒལ་བརྟག་ནི་གཡག་རྒན་ཤིག་གིས་ཟོས་པ་ལྟར་རེད་མི་འདུག ། དགེ་ཆོས་ཀྱིས། གལ་ཏེ་རང་རང་སོ་སོས་ཐག་ཆོད་ན།།འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།།ཞེས་པ་ལྟར་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཤེས་པ་རྣམས་ཚད་མ་ཡིན་ན་འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ་ཞེས་བརྗོད་པ་དང་མཚུངས་པས་ང་ཚོ་ལ་ཚད་མ་ཟེར་བ་འདི་མེད་ཟེར་རྒྱུ་ཡིན་ནམ།
ལེགས་བཤད་ཀྱེ། ཐུའུ་བཀན་གྱིས་རང་བཟོ་བྱས་པའི་བྱིས་པ་གཉིད་ལ་བསྐུལ་བའི་སྒྲུང་དེར་ལོ་རྒྱུས་ཀྱི་རིན་ཐང་ཡོད་པར་བལྟ་བའི་ཁྱོ་ཀྱི་རྣམ་དཔྱོད་འདི་ཅི་བས་རྣོ། རྡོལ་འཁྱར་བསྒྱུར་གསུམ་གྱི་བཤད་ཡམས་འདི་ཐུའུ་བཀན་གྱིས་རང་གི་བླ་མ་སྐྱོབས་པ་མགོན་པོར་ཁག་དཀྲིས། སྐྱོབས་པ་མགོན་པོའི་གསུང་འབུམ་གང་དུའང་དེ་རྙེད་རྒྱུ་མེད་པ་ལ་ད་དུང་འདི་ལྟར་ཨུ་ཚུགས་ཀྱིས་རྒྱབ་རྟེན་དུ་དྲངས་འོང་བ་ནི་རིགས་པ་སྨྲ་བའི་རྒྱན་དུ་མི་མཛེས་ཏེ། ལུང་གི་རྗེས་འབྲང་འདི་རིགས་པ་སྨྲ་བའི་གྲལ་དུ་མི་ཚུད་པས་སོ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྫོགས་ཆེན་གྱི་དཔེ་དང་མེ་དང་ཆུ་ལ་བཅུག་ཅིང་ཉམས་ལེན་པ་རྣམས་གསོན་བསྲེག་བྱས་པ། རྗེ་ཙོང་ཁ་པ་ཆེན་པོས་དགག་པ་མཛད་པའི་ཚུལ་སོགས་ལ་སོམས་ཤིག་དང་དེ་བཅོམ་ལྡན་འདས་ཀྱི་ལུགས་ཡིན་མིན་གསལ་པོར་འགྱུར་ངེས། གཞན་ཡང་རང་རེ་བོད་ཀྱི་བན་དྷེར་ཁས་འཆེ་བ་རྣམས་ལས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་སུས་ཀྱང་རྫོགས་ཆེན་ཟེར་བ་ཞིག་ཁས་མི་ལེན། དེས་ན་རང་རེ་རྣམས་ངེས་པར་སྐལ་པ་བཟང་པོར་འདུག་ཨང་། གཞན་ཡང་མཆན་པ་ཞིག་གིས་བོན་གྱི་དབུ་མ་དང་ཀླུ་སྒྲུབ་ཀྱི་དབུ་མ་འདྲའམ།
ཡེ་ཤེས་སྣང་བ་ལགས། ཁྱོད་ཀྱི་དྲི་བ་གཉིས་ཀ་ལ་ ༼ཐ་དད་རེད།༽ཅེས་ལན་འདེབས་རྒྱུ་ཡིན།
དྲི་བ་གསུམ་པར། ནང་པ་ཐམས་ཅད་བོན་པོ་མ་རེད་ཅེས་ཁ་ཚོན་མི་ཆོད་ལ་བོན་པོ་ཐམས་ཅད་ཀྱང་ནང་པ་རེད་ཅེས་ཀྱང་ཁ་ཚོད་མི་ཆོད། དང་པོ། ནང་པ་ཐམས་ཅད་བོན་པོ་ཡིན་ན་བོན་པོ་ལ་ཤིན་ཏུ་ནས་སྡང་ཟུག་ཆེ་ཞིང་བོན་གྱི་བསྟན་པ་བཤིག་པའི་ནང་པོ་དེ་དག་ཀྱང་བོན་པོ་ཡིན་དགོས། ཡང་བོན་པོ་ཐམས་ཅད་ནང་པོ་ཡིན་ན་སྔོན་སྟོན་པ་གཤེན་རབ་མི་བོ་མ་བྱོན་གོང་གི་བོན་པོ་དམར་ཐབས་ལ་དགའ་བ་རྣམས་ཀྱང་བོན་པོ་ཡིན་དགོས།
ལེགས་བཤད་ལགས། སོ་སོ་སྐྱེ་བུའི་རྒྱུད་ཀྱི་ཤེས་པ་ཡིན་ན་ཚད་མ་མ་ཡིན་པའི་ཁྱབ་ཟེར་རྒྱུ་ཡིན་ནམ། དེ་ལྟར་ཡིན་ན་རྡོ་སྦས་དགེ་བཤེས་ཀྱི་གསུང་འབུམ་ལ་ལན་ཅིག་གཟིགས་པར་ཞུ།
དྲི་བ་གཉིས་ཡོད།
གཅིག།གོང་དུ་བོན་ཟེར་བ་ཞིག་གིས་”དྲང་པོ་བཤད་ན་རྒྱ་ནས་ཁྱེར་ཡོང་བ་ཡང་མ་རེད། བལ་ནས་བླངས་པ་ཡང་མ་རེད། མི་ལོ་སུམ་སྟོང་ལྷག་སོང་བའི་སྟོན་པ་གཤེན་རབ་དགུང་ལོ་བརྒྱད་ཅན་གྱི་སྐུ་འདྲ་ཞིག་རེད། ཙོང་ཁ་པས་ཁོག་གི་གཟུངས་འཇུག་བླངས། ཐུགས་གི་གཡུང་དྲུང་གཏོར། ཞལ་ལ་བཟོ་བཅོས་བྱས་པ་ཤར་ཏག་རེད། མ་ཚད་ཚན་རིག་པས་ཀྱ་ང་སྐུ་དེ་ལོ་སུམ་སྟོང་སོང་པ་རེད་བཤད་ཀྱིན་འདུག”
དེ་ན་།ཚན་རིག་པ་སུས་དེ་འདྲ་གསུང་གིན་འདུག།ལོ་རྒྱུས་ཀྱི་དཔང་རྟགས་གང་ན་ཡོད།དཔེ་དེབ་གང་གི་ནང་དུ་བཏོན་འདུག།ཚན་རིག་པ་དེའི་མིང་ལ་ཅི་ཟེར།
གཉིས།
རྨུ་ཐག་གི་བུ་རྒྱུད་ཟེར་བ་ཞིག་ནས་འདི་ལྟར།
“ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྫོགས་ཆེན་གྱི་དཔེ་དང་མེ་དང་ཆུ་ལ་བཅུག་ཅིང་ཉམས་ལེན་པ་རྣམས་གསོན་བསྲེག་བྱས་པ”སོགས་ཀྱི་ལོ་རྒྱུས་གང་ན་ཡོད།ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བཙུགས་པའི་རྡོ་རིང་སྟེང་དུ་ཡི་གེ་ཁྱོད་ཀྱི་མཐོང་མྱོང་ངམ།དེ་ནི་ཐོག་མར་མཐོང་མཁན་དང་ཞིབ་མཇུག་བྱ་མཁན་མཁར་རྨེའུ་བསན་གཏན་མ་རེད།དབྱིན་ཇིའི་མི་ཞིག་རེད།དེས་ག་རེ་གསུང་གིན་འདུག།
ཉིད་ཀྱིས་བཤད་པ་བཞིན།རིགས་པས་ལམ་ནས་རྩོད།དོན་མེད་དུ་ཁུངས་ལུང་མེད་པའི་འཆལ་གཏམ་མ་སྒྲོག།
མཆན༢༠༨ནང། ཀླུ་འབུམ་་་གྱིས་ཞབས་རིམ་་་ཞེས་པར་་་ཀླུ་འབུམ་་་གྱི་ཞབས་རིམ་་་བཅོས་རོགས།
ཡེ་ཤེས་སྣང་བ་ལགས།
༡་(འོ་ན་བོན་པོའི་ལུགས་ཀྱི་དབུ་མ་དང་ཀླུ་སྒྲུབ་ལུགས་ཀྱི་དབུ་མ་གཉིས། གཅིག་པ་ཡིན་ནམ་ཐ་དད་རེད། དེ་དྲི་བ་གཅིག་ཡིན།)
ཐ་དད་རེད་ལྡོག་པ་སོ་སོ་བ་རེད།
ལུགས་སོ་སོ་བ་ཡིན་པའི་ཕྱིར།
༢(དེ་བཞིན་ཆོས་ཀྱི་གྲགས་པའི་ཚད་མ་དང་བོན་པོའི་ལུགས་ཀྱི་ཚད་མ་གཉིས། གཅིག་པ་ཡིན་ནམ་ཐ་དད་རེད། )
དེ་ཡང་ཐ་དད་རེད་ལྡོག་པ་ཐ་དད་ཡིན་པའི་ཕྱིར།
བོན་པོའི་ལུགས་ཀྱི་ཚད་མ་དང་ཆོས་ཀྱི་གྲགས་པའི་ཚད་མ་ཞེས་ཟེར་དུས་ཅི་འདྲ་ཞིག་ལ་བརྗོད་འདོད་པ་ཡིན་ནམ།
སྤྱིར་ཚད་མ་ཟེར་བར་བཀའ་ཚད་མ་ལུང་ཚད་མ་རིག་པ་ཚད་མ་བཅས་ཡོད་པ་རེད།
ཡང་བློ་རྟགས་སྐབས་ཀྱི་ཚད་མ་ཞེས་པ་ནི་རང་གི་འཇུག་ཡུལ་དེ་ཉིད་སྔར་མ་རྟོགས་ཤིང་གསར་དུ་རྟོགས་པའི་མི་བསླུ་བའི་བློ་ཞིག་ལ་འཇོག་པ་རེད།
བོན་པོའི་ལུགས་ཀྱི་ཚད་མའི་ཁུངས་ནི་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་པ་རེད།
དེ་རྗེས་རིམ་བཞིན་ཞང་ཞུང་དང་བོད་ལས་སོགས་སུ་དར་བར་ལོ་རྒྱུས་ལས་གསལ་ཡོད་འདུག
༣(གཞན་ཡང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང༌། ལམ་བསླབ་པ་རིན་པོ་ཆེ་རྣམ་གསུམ་ཉམས་ལེན་བྱས་པ་ལ་བརྟེན་ནས། ཐེག་པ་ཆེན་པོ་ལམ་ལྔ་ས་བཅུའི་ཡོན་ཏན་མཐར་ཕྱིན་ཏེ་འབྲས་བུ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཐོབ་པ་བོན་གྱིས་ཀྱང་འདོད་པས།
འོ་ན་བོན་པོ་ཐམས་ཅད་ནང་པ་ཡིན་ཞེས་འདོད་དགོས་སམ་ཡང་ན་ནང་པ་ཐམས་ཅད་བོན་པོ་ཡིན་ཞེས་འདོད་དགོས།)
ཨ་ཙི་དེ་འདྲའི་ཐུགས་ཆུང་ཆུང་ལ།
དེ་ལྟར་ན་ནུབ་ཕྱོགས་པས་ཐོས་བསམ་སྒོམ་གསུམ་བྱས་ཏེ་མཁས་པར་གྱུར།
ཤར་ཕྱོགས་པས་ཀྱང་ཐོས་བསམ་སྒོམ་གསུམ་བྱས་ཏེ་མཁས་པར་གྱུར།
ད་འོ་ན་ནུབ་ཕྱོགས་པ་ཐམས་ཅད་ཤར་ཕྱོགས་པའི་མཁས་པར་གྱུར་པ་རེད་དམ།
ཡང་ན་ཤར་ཕྱོགས་པ་ཐམས་ཅད་ནུབ་ཕྱོགས་ཀྱི་མཁས་པར་གྱུར་བ་རེད་དམ།
དེ་ནི་ཁྱེད་ཀྱི་ཞེ་འདོད་ལྟར་ལན་དུ་ཕུལ།
མ་གཞི་ནས་ནང་པ་དང་བོན་པོ་ཞེས་བརྗོད་དུས་གང་འདྲ་འདུག་གམ།
ནང་པ་དང་ནང་པའི་གྲུབ་མཐའ་སྨྲ་བའི་མཚན་ཉིད་ལ་དཔྱད་དགོས།
ནང་དོན་ལ་བརྟག་དགོས།
རིགས་པས་དཔྱད་དགོས།
ཕ་རོལ་པོའི་གཞུང་དོན་ལ་གཟིགས་དགོས།
དེ་ནས་དགག་བཞག་གི་རིགས་པ་དེ་དག་སྤྲོས་ན་དགེ་མཚན་ཆེ་ཞིང་རང་གཞན་གཉིས་ཀ་ལ་བློ་བསྐྱེད་འཐོབ་ངེས།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com