གོང་དཀར་ངག་རྣམ།
ཚོགས་ཆོས་ཆེན་མོའམ་ཐུབ་པ་དགོངས་གསལ་ཆེས་སྙན་པར་གྲགས་པའི་བསྟན་བཅོས་དེ་ཉིད་ཀྱི་མཇུག་བསྡུ་བའི་ཚིགས་བཅད་ནང་། སྤྱོད་པ་རྒྱ་ཆེན་ཤིན་ཏུ་རྒྱས་པའི་མདོ།། ལྟ་བའི་དེ་ཉིད་ཤེས་རབ་ཕ་རོལ་ཕྱིན།། མི་འགལ་གསལ་བར་སྟོན་པ་ཁོ་བོའི་གཞུང་།། རིགས་པ་བསྒྲུབས་པ་བླ་མའི་གསུང་བཞིན་བཤད།། བསྟན་བཅོས་འདི་ནི་བྱམས་ཆོས་སྡེ་ལྔའི་ནང་ཚན་མདོ་སྡེ་རྒྱན་གྱིས་བསྟན་པའི་ལམ་གྱི་རིམ་པ་རྩལ་འདོན་གནང་བ་ཞིག་ཡིན།
བོད་ཀྱི་བཀའ་གདམས་པའི་རིང་ལུགས་ནང་དུ་འདི་ལྟར་དད་པའི་གཞུང་དང་། ཏིང་ངེ་འཛིན་གྱི་གཞུང་། སྤྱོད་པའི་གཞུང་བཅས་གསུང་སྲོལ་ཡོད་པ་ལས་མདོ་སྡེ་རྒྱན་དང་བྱང་ས་ལྟ་བུ་ནི་ཏིང་ངེ་འཛིན་གྱི་གཞུང་དུ་བཞེད་པ་ལྟར་འདིར་ཡང་དེ་ལྟར་ཁས་བླངས་པ་ཉེས་པ་དང་འགལ་བ་གང་ཡང་མེད། འོན་ཏེ། གཞུང་འདི་དབུ་སེམས་གང་གི་གཞུང་ཡིན་མིན་ལ་མི་འདྲ་སྟེ་ཆོས་རྗེ་ས་པཎ་གྱིས་དབུ་མའི་གཞུང་དུ་བཞེད་པར་སྙམ་པ་དང་། དགེ་ལྡན་ཕྱོགས་ནས་བྱམས་ཆོས་སྡེ་ལྔ་ལས་ཆོས་དང་ཆོས་ཉིད་རྣམ་འབྱེད་དང་། མདོ་སྡེ་རྒྱན་བཅས་གསུམ་གྱིས་ནི་གདུལ་བྱའི་བསམ་པ་ལ་ལྟོས་པའི་དོན་དམ་པ་ཙམ་ཞིག་བསྟན་པ་ལས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་དོན་དམ་པ་གསལ་བར་མ་མཛད་པར་བཞེད་པས་དབུ་མའི་གཞུང་དུ་མི་འདོད།
འཕགས་པ་ཐོགས་མེད་ཀྱིས་ཀྱང་བསྟན་བཅོས་གསུམ་པོ་འདི་དག་གི་རྗེས་སུ་འབྲངས་ཏེ་མདོ་སྡེ་དགོངས་འགྲེལ་དུ་ཡོད་པའི་དྲང་ངེས་འབྱེད་པའི་ཚུལ་དང་མཐུན་པར་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་ལ་སོགས་པའི་རྣམ་པར་རིག་པ་ཙམ་གྱི་བསྟན་བཅོས་བརྩམས་པའི་སྒོ་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བར་གསལ། དེ་ལྟ་ནའང་སྲོལ་དེ་ནི་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་ཡིན་གྱི་སློབ་དཔོན་རང་ཉིད་སེམས་ཙམ་པར་བསམ་རྒྱུ་མེད་དེ། རྒྱུད་བླ་ཐོགས་འགྲེལ་དུ་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབས་ཤིང་། དེར་སྟོང་ཉིད་ཕྲ་མོ་ཤིན་ཏུ་རྒྱས་པར་བསྟན་པའི་ཕྱིར་རོ།།
འོ་ན་རྒྱལ་སྲས་ཀྱི་ལམ་བཟང་དེ་གང་དག་ཡིན་ནམ་ཞེ་ན། སྤྱིར་ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གི་ལམ་གང་ལའང་ཐབས་ཤེས་ཟུང་འབྲེལ་དགོས་པ་ནི་བུ་སྐྱེད་པ་ལ་ཕ་མ་གཉིས་ཀ་དགོས་པར་འདྲ་བ་དང་གཉིས་སུ་མེད།
ལྷག་པར་ཐེག་ཆེན་པར་ཁས་འཆེ་བ་དག་གིས་ནི་ཤེས་རབ་ཀྱི་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡོད་པ་ཙམ་མིན་པར་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས་ཏེ། སྲིད་པའི་མཐར་མི་ལྷུང་བ་ཙམ་ཉན་རང་ལ་ཡོད་པའི་ཕྱིར་དང་། བྱང་སེམས་ཀྱི་ལམ་གྱི་དགག་བྱའི་གཙོ་བོ་དེ་ཞི་བའི་མཐར་ལྷུང་བ་དེ་ཡིན་པའི་ཕྱིར། འདིར་ནི་ཇི་སྐད་དུ། མདོ་སྡེ་རྒྱན་ལས། རིགས་དང་ཆོས་ལ་མོས་པ་དང་།། དེ་བཞིན་དུ་ནི་སེམས་བསྐྱེད་དང་།། སྦྱིན་ལ་སོགས་པ་བསྒྲུབ་པ་དང་།། སེམས་ཅན་རྣམས་ཡོངས་སྨིན་བྱེད་དང་།། ཞིང་ནི་ཡོངས་སུ་དག་པ་དང་།། ཞི་གནས་མྱ་ངན་འདས་པ་དང་།། བྱང་ཆུབ་མཆོག་དང་སྟོན་པའོ།། ཞེས་གསུངས་པ་ལྟར་ཐོག་མར་སྐལ་བ་དང་ལྡན་པའི་གཞི་རིགས་ངེས་པར་བྱེད་པ་ནས་མཐར་ཐུག་འབྲས་བུ་ཕུན་ཚོགས་འགྲུབ་པའི་ཚུལ་བར་གྱི་ལམ་རྣམས་ལ་གོ།
བོད་ཀྱི་མཁས་པས་མཛད་པའི་གཞུང་འདི་དང་མཉམ་མེད་དྭགས་པོ་ལྷ་རྗེའི་ཐར་པ་རིན་པོ་ཆེའི་རྒྱན་ལྟ་བུས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་ཚུལ་དེར་འཇུག་པར་ཐོག་མར་རིགས་ཀྱི་རྣམ་གཞག་བསྟན་པ་འདིར་གནད་འགག་ཆེན་པོ་ཡོད་པའི་ཚུལ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དཔེ་འཁྲིད་དགེ་རྒན་རྣམ་པའི་ཞལ་དྲོན་མོ་ལས་གོ་རྒྱུ་བྱུང་བ་དང་། དེ་དག་གིས་རྗེ་བཙུན་བྱམས་པ་མགོན་པོའི་གཞུང་བཟང་འདི་ལྟ་བུར་གཞི་མར་བྱས་ཏེ་གསུང་གི་ཡོད་པའི་ངེས་པ་རྙེད། རང་གིས་རྨོངས་ཚོད་ཀྱིས་བསམས་ནའང་དེར་ལམ་གྱི་གནད་འགག་ཅིག་ཡོད་སྣང་ཤར།
ཁུངས་ལུང་ནི། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ།། ཅེས་དང་། རིགས་པའམ་རྒྱུ་མཚན་ནི། ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པའི་སྒོ་ནས་སྲིད་པའི་མཐའ་ལ་མི་གནས་པ་དང་། སྙིང་རྗེས་ཞི་བ་མྱང་འདས་ཀྱི་མཐའ་ལ་མི་གནས་པ་སྟེ་སྲིད་མཐའ་དང་ཞི་མཐའ་འགོག་བྱེད་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པ་དེ་བདག་ཅག་ལ་སོགས་པ་གང་ཟག་དམན་པ་དག་གིས་འབད་པ་བྱས་ཀྱང་ཐོབ་པར་ཅང་འགྱུར་རམ་སྙམ་པ་ལ། འབད་པས་བསྒྲུབས་ན་མི་གནས་པའི་མྱང་འདས་དེ་ཅིས་མི་ཐོབ་སྟེ། སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རྒྱུ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར།
དེ་བཞིན་རྗེ་བཙུན་བྱམས་མགོན་གྱིས་རྒྱུད་བླ་མའི་བསྟན་བཅོས་དེ་གནས་བདུན་གྱི་སྒོ་ནས་འཆད་པར་མཛད་ཅིང་། དེ་ལྟར་བདུན་དུ་གྲངས་ངེས་པའི་རྒྱུ་མཚན་དུ་རང་གི་འཐོབ་བྱའི་འབྲས་བུ་མཐར་ཐུག་གི་དབང་དུ་བྱས་ནས་དཀོན་མཆོག་གསུམ། སྒྲུབ་བྱེད་ཀྱི་རྒྱུ་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་སུ་ངེས་པ་ལས་དང་པོ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་། གཉིས་པ་ནི་གང་ཟག་གཞན་རྒྱུད་ལ་གྲུབ་ཟིན་པའི་བྱང་ཆུབ་དང་། ཡོན་ཏན། འཕྲིན་ལས་གསུམ་གྱིས་འགྲུབ་པའི་ཕྱིར། དེའི་རྒྱུ་མཚན་ནི། ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་དེ་སྦྱོང་བྱེད་ཆོས་ལ་བརྟེན་ནས་མཐར་འབྲས་བུ་དཀོན་མཆོག་གསུམ་འགྲུབ་ཅིང་། གང་ཟག་གཞན་སངས་རྒྱས་ནས་ཆོས་འཁོར་བསྐོར་ཏེ་རང་རྒྱུད་ཀྱི་སྒྲིབ་པ་སྦྱོང་ནུས་པར་གསུངས་པ་ལྟར་ཐེག་ཆེན་གྱི་ལམ་ལ་ཐོས་བསམ་བྱེད་པར་ཐོག་མར་ད་ལྟའི་ཁམས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་ཉེར་ལེན་གྱི་ཇི་ལྟར་བྱེད་ཚུལ་ཤེས་རྒྱུ་དེ་གལ་ཆེ་བ་སྟེ།
མདོར་ན་ད་ལྟའི་སེམས་བདེན་གྲུབ་ཀྱིས་སྟོང་བ་འདི་ཉིད་དག་པ་གཉིས་ལྡན་གྱི་ཆོས་ཉིད་ཀྱི་སྐུར་འགྱུར་རུང་དང་། དེའི་རྟེན་ཆོས་ཤེས་པ་དེའི་རྫས་རྒྱུན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཇི་ལྟར་འགྱུར་རུང་བར་ཤེས་དགོས་རྒྱུ་གནད་དམ་པའོ།། དེ་ནས་རིགས་ཀྱི་རྗེས་སུ་སྐྱབས་འགྲོ་གསུང་བའི་རྒྱུ་མཚན་བཤད་ན། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། དང་པོར་མངོན་པར་མཐོ་བའི་ཆོས།། ཕྱིས་ནི་ངེས་པར་ལེགས་འབྱུང་བ།། གང་ཕྱིར་མངོན་པར་མཐོ་ཐོབ་ནས།། རིམ་གྱིས་ངེས་པར་ལེགས་པ་འོང་།། ཞེས་དང་། དབུ་མ་བཞི་བརྒྱ་པར། བསོད་ནམས་མིན་པ་དང་པོར་བཟློག། བར་དུ་བདག་ནི་བཟློག་པ་དང་།། ཐ་མར་ལྟ་ཞིག་ཀུན་བཟློག་པ།། གང་གིས་ཤེས་དེ་མཁས་པ་ཡིན།། ཞེས་གསུངས་པ་ལྟར་སྤྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་གདུལ་བྱ་ལམ་ལ་བཀྲི་སྟངས་སྣ་ཚོགས་ཤིག་གསུངས་ཡོད་ཀྱང་། འདིར་ནི་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་རྣམས་སྐྱེས་བུ་ཆེན་པོའི་ལམ་གྱི་སྔོན་འགྲོར་འཁྲིད་དགོས་པའི་སྐབས་ཡིན་པས་ཐོག་མར་དལ་འབྱོར་དོན་ཆེ་དང་། ལས་འབྲས་མི་བསླུ་བ། ངན་འགྲོའི་སྡུག་བསྔལ་མི་བཟོད་པ་བཅས་བསམ་པ་དང་། དེ་ལས་སྐྱོབ་པའི་ནུས་པ་ནི་དཀོན་མཆོག་གསུམ་འབའ་ཞིག་ལ་མ་གཏོགས་མེད་པའམ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟན་པའི་ཆེད་དུ་སྐྱབས་འགྲོ་གཉིས་པར་བསྟན་སྙམ།
དེ་ནས་གསུམ་པར་སེམས་སྐྱེད་ཀྱི་ཆོས་སྐོར་གསུང་བའི་རྒྱུ་མཚན་ནི། སྐྱབས་འགྲོ་ལ་འཇིག་རྟེན་པའི་སྐྱབས་འགྲོ་དང་། དེ་ལའང་བློ་འཇིག་རྟེན་པ་དང་། ཡུལ་འཇིག་རྟེན་པའི་སྐྱབས་འགྲོ་གཉིས། འཇིག་རྟེན་ལས་འདས་པའི་སྐྱབས་འགྲོ་ལའང་ཐུན་མོང་དང་ཐུན་མོང་མིན་པ་གཉིས་ཀྱི་རྣམ་གཞག་གསུངས་པས་འཇིག་རྟེན་པ་རྣམས་ཀྱིས་ཚེ་འདི་ཕྱིའི་རང་དོན་ཕྲ་མོ་འཐོབ་པའི་ཆེད་དུ་གཙོ་བོ་འཇིགས་པ་འདོད་པའི་ཐོག་ནས་སྐྱབས་འགྲོ་བྱེད་པ་དང་། ཐུན་མོང་བ་ཉན་རང་གིས་རྒྱུ་དེ་གཉིས་ཀྱི་ཐོག་ཏུ་གཙོ་བོ་དད་པ་བསྣན་ཏེ་སྐྱབས་འགྲོ་བྱེད། ཐུན་མོང་མིན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུ་གསུམ་གྱི་སྟེང་དུ་གཙོ་བོ་སྙིང་རྗེ་བསྣན་ཏེ་སྐྱབས་སུ་བྱེད་པའི་ཚུལ་མི་འདྲ་བ་ལས་ཐེག་པ་རང་རང་གི་ཚོགས་ཀྱི་ལམ་དུ་ཐོག་མར་ཞུགས་པའམ་སེམས་སྐྱེད་ཚུལ་མི་འདྲ་བ་འོང་།
དེ་ལྟའང་སྐབས་འདིར་ཐེག་དམན་གྱི་སེམས་སྐྱེད་ཚུལ་མི་གསུངས་པར་ཐེག་པ་ཆེན་པོའི་སེམས་སྐྱེད་ཚུལ་ཏེ་སེམས་ཙམ་པའི་ལུགས་ཀྱི་སེམས་སྐྱེད་ལུགས་དང་། དབུ་མ་པའི་ལུགས་ཀྱི་སེམས་སྐྱེད་ལུགས་གཉིས་རྒྱས་པར་བསྟན་ཡོད། དེ་ཡང་སྔ་མའི་ལུགས་ནི། མགོན་པོ་བྱམས་པའི་བཀའ་སྲོལ། སློབ་དཔོན་ཐོགས་མེད་ཀྱི་རྗེས་སུ་འབྲང་བ། བྱང་ཆུབ་སེམས་དཔའི་ས་ལས་བྱུང་བ་སྡོམ་པ་ཉི་ཤུ་པའི་ལུགས་དང་། ཕྱི་མའི་ལུགས་ནི། འཕགས་པ་འཇམ་དཔལ་གྱི་བཀའ་སྲོལ། སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བ། ཕལ་པོ་ཆེ་ལས་བྱུང་བ་སྤྱོད་འཇུག་གི་ལུགས་ཏེ་དེ་གཉིས་ཀྱི་སེམས་སྐྱེད་པའི་ལུགས་སོ་སོར་མཛད། འདིར་དགོངས་པ་རྒྱ་ཆེ་བཞེས་དགོས་པ་ཞིག་ཡོད་པ་ནི། དགེ་ལྡན་པའི་མཁས་པ་གཞན་རྣམས་ཀྱིས་ཇི་ལྟར་བཞེད་མི་ཤེས་ཀྱང་པཎ་ཆེད་བསོད་གྲགས་ལྟ་བུས་ནི་དབུ་སེམས་ཀྱི་ལུགས་སོ་སོར་ཡོད་ཀྱང་སེམས་སྐྱེད་ལུགས་མི་འདྲ་བར་མི་བཞེད་པར་འདྲ་སྟེ།
དེ་ཉིད་ཀྱིས་མཛད་པའི་སྡོམ་གསུམ་ནོར་བུའི་བྱི་དོར་དུ། རང་གི་ལུགས་ནི། ཇོ་བོས་སེམས་སྐྱེད་ཀྱི་ཆོ་ག་དང་། བྱང་སྡོམ་གྱི་ཆོ་ག་སོ་སོར་མཛད་ཅིང་། དེ་ཉིད་ཀླུ་སྒྲུབ་དང་ཐོགས་མེད་དང་། ཞི་བ་ལྷ་གསུམ་གའི་ལུགས་ཡིན་པར་ལམ་སྒྲོན་འགྲེལ་པར་གསུངས་པས་དབུ་སེམས་སོ་སོ་བའི་འདོད་པར་སྦྱར་མི་དགོས་ལ། ཞེས་གསུངས་འདུག དེའི་རྗེས་སུ་སྦྱིན་སོགས་ཕར་ཕྱིན་དྲུག་གསུངས་དགོས་དོན་ནི། ཡན་ལག་འདི་དག་ཐམས་ཅད་ནི།། ཐུབ་པས་ཤེས་རབ་དོན་དུ་གསུངས།། ཞེས་ཕར་ཕྱིན་སྔ་མ་ལྔ་པོར་སློབ་པའི་དགོས་དོན་སྙིང་པོ་དེ་ནི་སྤྲོས་བྲལ་དབུ་མ་ཆེན་པོ་རྟོགས་པར་བྱེད་པའི་ཆེད་དུ་ཡིན། དེ་ཡང་ཐོག་མར་དེ་དག་སོ་སོའི་ཐུན་མོང་མིན་པའི་བྱེད་ལས་གང་ཡིན་སྙམ་ན། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ།། བཟོད་པས་མདངས་ལྡན་བརྩོན་པས་བརྗིད།། བསམ་གཏན་གྱིས་ཞི་བློ་ཡིས་གྲོལ།། ཞེས་གསུངས།
ཐེག་པ་ཆེན་པོ་བ་ཞིག་གིས་སེམས་ཅན་གྱི་དོན་དུ་བརྩེ་བ་སྙིང་རྗེ་ཆེན་པོ་ཞིག་བསྐྱེད་པའི་འོག་ཏུ་དེ་དག་གི་སྡུག་བསྔལ་སེལ་དགོས་ལ་དེའི་ཚུལ་ཡང་སྨོན་པའམ་བསམ་པ་བཟང་པོ་ཙམ་གྱིས་མི་ཆོག་པར་སྒྲུབ་པ་ཉམས་སུ་ལེན་ལ་འཇུག་དགོས་ཏེ། རིག་པའི་དབང་ཕྱུག་གིས། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར།། ཐབས་རྣམས་ལ་ནི་མངོན་སྦྱོར་མཛད།། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ།། དེ་འཆད་པ་ནི་དཀའ་བ་ཡིན།། ཞེས་གསུངས་པའི་ཕྱིར། སྡུག་བསྔལ་སེལ་བའི་ཐབས་ཤེས་པར་བྱེད་པའི་ཚེ་ཡང་ཐབས་ཤེས་ཡ་བྲལ་དུ་འགྲོ་བ་དང་། ཐབས་ནོར་བ་རྭ་ལས་འོ་མ་བཞོ་བ་ལྟ་བུ་དང་། མ་ནོར་ཡང་མ་ཚང་བ་ཆུ་སོགས་རྐྱེན་སྣ་རེས་འབྲས་བུ་མྱུ་གུ་མི་འགྲུབ་པ་ལྟར་རོ།།
སྦྱིན་པ་བཏང་བ་ལས་བྱུང་བའི་ལོངས་སྤྱོད་འབྲས་བུ་རྣམས་ཀྱང་ཚུལ་ཁྲིམས་ལས་ཉམས་པར་བྱས་ན་ལོངས་སྤྱོད་དེ་བདེ་འགྲོའི་རྟེན་ལ་མ་སྨིན་པར་ངན་འགྲོའི་ལུས་སུ་སྐྱེ་བར་གསུངས་པས། དེའི་ཆེད་དུ་སྦྱིན་པ་གཏོང་བ་པོས་ཚུལ་ཁྲིམས་སྲུང་དགོས་ཏེ། འཇུག་པར། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོང་ངན་ནའང་།། སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལས་བྱུང་།། ཞེས་གསུངས་པའི་ཕྱིར། ཚུལ་ཁྲིམས་སྲུང་བར་གཞན་གནོད་གཞི་དང་བཅས་པ་ལས་ལོག་པ་དགོས་པས། གནོད་བྱེད་ལ་ཇི་མི་སྙམ་པ་སྟེ་ལན་མི་སློག་པའི་བཟོད་པ་དགོས། བརྩོན་འགྲུས་ནི་རྒྱལ་སྲས་ཀྱི་སྤྱོད་པ་སྤྱིའི་ཉམས་ལེན་ལ་དགོས་པའི་ཡོན་ཏན་ཡིན། དེ་ནས་ཐ་མ་གཉིས་དགོས་པ་ནི། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།། ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ཏེ།། ཐོག་མར་ཞི་གནས་བཙལ་བྱ། ཞེས་དང་། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་གྱུར་གྱི།། སྒོམ་པ་ལྷག་མ་དེ་དོན་ཡིན།། དེ་བཞིན་སྤྱོད་འཇུག་ཆེན་མོ་ལས། ཡན་ལག་འདི་དག་ཐམས་ཅད་ནི།། ཐུབ་པས་ཤེས་རབ་དོན་དུ་གསུངས།། དེ་ཡི་ཕྱིར་ན་སྡུག་བསྔལ་དག། ཞི་བར་འདོད་པས་ཤེས་རབ་བསྐྱེད།། ཅེས་གསུངས་པ་ལྟར་སྡུག་བསྔལ་གྱི་རྩ་བ་ཉོན་མོངས་ཀྱིས་བྱས་པ་དང་། དེའི་རྩ་བ་ནི་གཏི་མུག་བདག་འཛིན་གྱིས་བྱས་པ་དེ་ཞི་བར་ཞི་གནས་ཀྱི་ཏིང་ངེ་འཛིན་དང་། དེ་ནས་བདག་མེད་རྟོགས་པའི་ཤེས་རབ་སྐྱེད་དགོས་པ་ལྟར་རོ།།
ཕར་ཕྱིན་མཐའ་མ་ཤེས་རབ་ཕར་ཕྱིན་གྱི་སྐབས་འདིར་ཆོས་རྗེ་ས་པཎ་གྱིས་འཁྲུལ་བའི་ཤེས་རབ་དགག་པ་དང་། མ་འཁྲུལ་བའི་ཤེས་རབ་བསྒྲུབ་པའོ།། ཞེས་དོན་གནད་ཆེན་པོ་གཉིས་ཀྱི་ཐོག་ནས་དགག་བཞག་མཛད་འདུག དེའི་ནང་ནས་གཅིག་ནི་རྒྱ་ནག་ཧ་ཤང་གི་ལུགས་སྤོང་བ་དེ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ལ་བལྟ་ཉེས་ན།། ཤེས་རབ་ཆུང་རྣམས་ཕུང་བར་འགྱུར།། ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་།། རིག་སྔགས་ལོག་པར་བསྒྲུབ་པ་བཞིན།། སྔགས་དང་སྨན་གྱི་སྟོབས་ལ་བརྟེན་པའི་མན་ངག་ཇི་བཞིན་སྦྲུལ་བཟུང་ན་ནི་རྒྱ་གར་ནང་ནོར་གྱི་ཕུང་པོ་འགྲུབ་པར་བརྩི་བ་དང་། མན་ངག་ཇི་ལྟ་བ་བཞིན་མ་བྱས་ན་རིག་སྔགས་སྒྲུབ་པ་པོ་ཕུང་བར་བྱེད་པའམ་དེ་ལ་གནོད་འཚེ་ཡོང་བ་དཔེར་བཀོད་ནས། དོན་ལ་སྟོང་པའི་གོ་བ་ཡིད་ལ་བྱེད་པའི་ཚེ་ཀུན་རྫོབ་སྨྲས་ཚེ་དོན་དམ་ལས་ཉམས་པ་དང་། དོམ་དམ་བདེན་པས་ཀུན་རྫོབ་འགོག་པར་རྟག་ཆད་གང་རུང་གི་མཐར་ལྷུང་བཞིན་དུ་དབུ་མར་སྨྲ་བའི་སྲོལ་ལུགས་འདི་ནི་རང་སྡེ་ཙམ་མིན་པར་ཧ་ཤང་རྗེས་འབྲང་དང་བཅས་པས་ཀྱང་འདོད་པར་སྙམ་སྟེ།
མཐའ་བྲལ་དབུ་མའི་རིགས་པས་བརྟགས་ན་ཕྱོགས་སྔ་སྨྲ་བ་པོ་དེ་དག་ཐམས་ཅད་ཀྱི་ལྟ་བ་མཐའ་གཉིས་ཀྱི་གཡང་ས་གང་རུང་དུ་ལྷུང་བ་ལས་མ་འདས་པའི་ཕྱིར།
སྐབས་འདིར་རྨོངས་འཆར་ཞིག་བྱུང་བ་ནི། རྒྱ་ནག་ཏུ་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་དེ་འདྲ་ཞིག་ཇི་ལྟར་རྒྱས་མིན་ལ་བསམ་སྐབས་དེ་སྔ་རྒྱ་ནག་ཏུ་དབུ་མ་པ་ལས་སེམས་ཙམ་པའི་ལྟ་བ་ཤུགས་ཆེར་དར་བ་དང་། སེམས་ཙམ་པའི་ནང་ནས་ཀྱང་སེམས་ཙམ་རྣམ་རྫུན་པའི་གྲུབ་མཐའ་ལས་རིམ་བཞིན་དེ་ཉིད་དབུ་མར་རློམ་ཚུལ་ཞིག་བྱུང་བ་ཡིན་སྙམ། གང་ཡིན་ཟེར་ན། སེམས་ཙམ་རྣམ་རྫུན་པའི་ལྟ་བའི་ནང་རྣམ་པ་མི་བདེན་པར་ཤོད་པས་དོན་ལ་རྣམ་པ་མི་བདེན་པ་དང་། དེ་ལྟར་འཛིན་པའི་རྐྱེན་གྱིས་སྡུག་བསྔལ་འབྱུང་བར་གསུང་དུས་ཅི་ཡང་ཡིད་ལ་མི་བྱེད་པ་ཉིད་ལམ་དུ་འཛིན་པའི་གོལ་སར་འཆོར་ཉེན་ཡོད་པས་སོ།།
འོན་ཀྱང་། འདིའི་སྐོར་ཞིབ་ཅིང་ཕྲ་བ་གླེང་རྒྱ་ནག་གི་ཆོས་འབྱུང་དང་རྒྱལ་རབས་ཀྱང་ཏོག་ཙམ་ཤེས་དགོས་པས་མ་འོངས་པའི་འདིའི་སྐོར་གྱི་དཔྱད་གཞི་བཙལ་ཏེ་དཔྱད་རྩོམ་སྤེལ་རྒྱུ་གལ་ཆེ།
དེ་མིན་ཕྱོགས་གཅིག་ནས་བྱུང་བཤད་ཡམས་ཀྱིས་གཞུང་ལུགས་མི་མཛེས་པའི་རྐྱེན་དུ་འགྱུར་ཡང་སྲིད་པས་སོ།། འདི་ཡན་ཆད་ནི་སྔོན་བྱུང་བ་རྒྱ་ནག་གི་ལུགས་ཡིན་པ་དང་། དེ་ནས་དེའི་རྗེས་སུ་འབྲང་བ་ཕྱི་རབས་པའི་ལུགས་དང་། དེང་སང་གྲགས་པ་སེམས་ཙམ་རྣམ་མེད་ཀྱི་སྒོམ་ལ་ཕྱག་རྒྱ་ཆེན་པོར་འདོད་པའི་ལུགས་དང་། ཞེས་པའི་ས་བཅད་གཉིས་པོ་འདིར་ཞིབ་པར་བལྟ་དགོས། རྒྱུ་མཚན་ནི་རྒྱ་ནག་ཧ་ཤང་གི་དཀར་པོ་ཆིག་ཐུབ་ཀྱི་ཆོས་ལུགས་དེ་སློབ་དཔོན་ཀ་མ་ལ་ཤཱི་ལས་ཕམ་པར་མཛད་པའི་རྗེས་སུའང་ཕྱག་རྒྱ་ཆེན་པོའི་ཐ་སྙད་བཏགས་མིན་ལ་མ་ལྟོས་པར་དེའི་རྗེས་སུ་འབྲངས་ཏེ་ལུགས་ངན་པ་དེ་སྨྲ་མཁན་བྱུང་ཡོད་ཚོད་འདུག
འདི་དག་ལ་ཆོས་རྗེ་ས་པཎ་གྱིས་དགག་སྒྲུབ་ལེགས་པར་མཛད་ཡོད་པ་སྟེ། འདི་དག་གི་ཞེ་འདོད་ངོ་མ་ནི། གོལ་ས་གསུམ་དང་ཤོར་ས་བཞི།། སྤངས་ཏེ་གཉུག་མ་བསྒོམ་པར་བྱ།། བྲམ་ཟེ་སྐུད་པ་འཁལ་བ་ལྟར།། སོ་མ་མ་བཅོས་ལྷུག་པར་བཞག། གོང་དུ་རྒྱ་ནག་ཧ་ཤང་གིས་འདོད་པའི་དཀར་པོ་ཆིག་ཐུབ་ཀྱི་ཆོས་ལུགས་ལས་ཁྱད་པར་ཅུང་ཟད་ཐོན་པར་བྱས་ཡོད་པ་ནི། གང་ལ་ཡང་རྣམ་པར་མི་རྟོག་པ་དེ་ལམ་གྱི་གོལ་སར་འཇོག་པ་དེ་ཉིད་ཡིན་པ་དང་། ཁྱད་པར་དེ་ཙམ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་ཐ་སྙད་བཏགས་པ་ལས་གཞན་རྒྱུ་མཚན་གང་ཡང་མེད་པའི་ཚུལ་རྣམས་འདིའི་ཐད་ཀྱི་དགག་བཞག་རྣམས་ལ་གཟིགས་ན་ཤེས་སླའོ།།
ཡང་ལ་ལས་ཤཱནྟི་པའི་སེམས་ཙམ་རྒྱན་སོགས་ཁུངས་སུ་བྱས་ཏེ་དེ་ནས་གསུངས་པའི་རྩེ་གཅིག སྤྲོས་བྲལ། རོ་གཅིག སྒོམ་མེད་ཅེས་རྣལ་འབྱོར་བཞི་ལ་ཕྱག་རྒྱ་ཆེན་པོའི་མིང་གི་བསྙད་ཀྱང་སྨྲ་ན་ཡང་། གོང་དུ་ཧ་ཤང་རྗེས་འབྲང་བ་དག་གི་འདོད་པ་འགོག་པའི་ཚུལ་ལྟར་སྤྱིར་སྡེ་སྣོད་གསུམ་ནས་ཕྱག་རྒྱ་ཆེན་མོ་མ་གསུངས་ཤིང་། རྒྱུད་སྡེ་ནས་གསུངས་པའི་ཕྱག་རྒྱ་ཆེན་པོ་ཡང་དེ་མིན་པ་དང་། མདོར་ན་ཕར་ཕྱིན་ཐེག་པའི་སྐབས་སུ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་ཞེས་པ་ཙམ་ལས་མ་གསུངས་པས་ཕྱག་རྒྱ་ཆེན་པོ་ནི་སྔགས་ལུགས་ཀྱི་བརྡ་ཆད་ཐུན་མོང་མིན་པ་ཞིག་ཏུ་བཞེད་དགོས་པ་འདྲ། མདོར་ན་འདི་ཐམས་ཅད་རྟག་ཆད་ཀྱི་མཐའ་གཉིས་ལས་ཆད་ལྟར་ཞེན་ཤུགས་ཆེ་བ་ལས་གཞན་གང་ཡང་མིན། འདིར་སེམས་ཙམ་རྣམ་མེད་ཀྱི་རྣལ་འབྱོར་བཞིར་ཕྱག་རྒྱ་ཆེན་པོར་འདོད་པ་ཡང་རྣལ་འབྱོར་བཞི་པ་སྒོམ་མེད་དང་སེམས་ཙམ་རྣམ་མེད་ཅེས་པའི་རྣམ་པ་མེད་པ་ཉིད་ཀྱི་གོ་བ་གཅིག་ཏུ་འཁྲུལ་བ་ལས་ལྟ་བ་དེ་འདྲ་དར་འཕེལ་བྱུང་བར་སྙམ་མོ།།
མུ་འགོད་ཞུ་རྩིས་ཡོད་་་་་་་་་་་་་་་།
རྩོམ་ཡིག་འདི་འདྲ་སྤེལ་བར་དགའ་ཡོད།
་་་་་་་་་་ སྐབས་འདིར་རྨོངས་འཆར་ཞིག་བྱུང་བ་ནི། རྒྱ་ནག་ཏུ་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་དེ་འདྲ་ཞིག་ཇི་ལྟར་རྒྱས་མིན་ལ་བསམ་སྐབས་དེ་སྔ་རྒྱ་ནག་ཏུ་དབུ་མ་པ་ལས་སེམས་ཙམ་པའི་ལྟ་བ་ཤུགས་ཆེར་དར་བ་དང་། སེམས་ཙམ་པའི་ནང་ནས་ཀྱང་སེམས་ཙམ་རྣམ་རྫུན་པའི་གྲུབ་མཐའ་ལས་རིམ་བཞིན་དེ་ཉིད་དབུ་མར་རློམ་ཚུལ་ཞིག་བྱུང་བ་ཡིན་སྙམ།
གང་ཡིན་ཟེར་ན། སེམས་ཙམ་རྣམ་རྫུན་པའི་ལྟ་བའི་ནང་རྣམ་པ་མི་བདེན་པར་ཤོད་པས་དོན་ལ་རྣམ་པ་མི་བདེན་པ་དང་། དེ་ལྟར་འཛིན་པའི་རྐྱེན་གྱིས་སྡུག་བསྔལ་འབྱུང་བར་གསུང་དུས་ཅི་ཡང་ཡིད་ལ་མི་བྱེད་པ་ཉིད་ལམ་དུ་འཛིན་པའི་གོལ་སར་འཆོར་ཉེན་ཡོད་པས་སོ།། ་་་་་་་་
དཀར་པོ་ཆིག་ཐུབ་འདི་དང་ཧ་ཤང་གི་ལུགས་ཐ་དད་ཡིན་པ་འདྲ། ཧ་ཤང་གི་ལྟ་སྒོམ་གསལ་བའི་ཡིག་ཆའི་ནང་དུ་དཀར་པོ་ཆིག་ཐུབ་ཀྱི་ཐ་སྙད་སྦྱར་བ་མ་མཐོང་། དཀར་པོ་ཆིག་ཐུབ་འདི་ཕྱིས་སུ་བཀའ་བརྒྱུད་པའི་ཁྲོད་དུ་དར་བ་མིན་ནམ་སྙམ།
མཆན་བུ་འདེབས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།