བཀྲ་ཤིས།
ཕུལ་བྱུང་གི་མཁས་པ་ནོར་བྲང་ཨོ་རྒྱན་ལགས་ཀྱིས་བརྩམས་གནང་མཛད་པའི་(གངས་ཅན་རིག་བརྒྱའི་སྒོ་འབྱེད་ཆོས་ཀྱི་རྣམས་གྲངས་མཐོང་ཚད་ཀུན་ལས་བཏུས་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཆེན་མོ།) ཞེས་བྱ་བ། བསྡུས་མིང་ལ་(ཆོས་རྣམས་ཀུན་བཏུས་)ཞེས་པའི་བོད་ཀྱི་ཚིག་མཛོད་ངོ་མཚར་རྨད་དུ་བྱུང་བ་ཞིག ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད་ལ། ཚིག་མཛོད་དེ་ནི་ད་ལྟའི་བར་དུ་བོད་ཀྱི་ཆོས་ཀྱི་རྣམ་གྲངས་ཆེ་ཤོས་སམ་གྲ་རྒྱས་ཤོས་དེ་ཡིན་པ་རེད། ཚིག་མཛོད་དེའི་ནང་དུ་རིག་པའི་གནས་ལྔ་སྤྱི་དང་ཁྱད་པར་དུ་ནང་ཆོས་ཀྱི་གཞུང་ནས་བཤད་པའི་ཆོས་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ་ཞིག་དཀའ་ལས་ལ་མ་ལྟོས་པར་བསྡུ་རུབ་བྱས་ཏེ་གངས་ལྗོངས་མི་རབས་གསར་བ་དག་གི་རིག་པའི་སྒོ་འཕར་འབྱེད་པའི་ལེགས་སྐྱེས་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན། ཚིག་མཛོད་འདི་རྩོམ་པ་པོ་ལ་མཚོན་ན་དེང་སང་ཆོས་མེད་སྨྲ་བ་དམར་ཤོག་ཚོགས་པའི་རྗེས་ཟློས་ཅུང་ཟད་བྱས་པ་ལ་མཁས་པའི་འུད་སྒྲོག་པའི་བྱབ་ཆུང་དག་དང་མི་འདྲ་བར་བོད་ཀྱི་རིག་པའི་གནས་ལྔ་སྤྱི་ལ་མཁྱེན་པའི་སྤྱན་རས་ཡངས་པའི་གནའ་དེང་ཤེས་ཡོན་གཉིས་ལྡན་གྱི་བོད་མི་བྱས་རྗེས་ཅན་མཁས་པ་ཆེན་པོ་ནོར་བྲང་ཨོ་རྒྱན་རེད། ཁོང་གིས་གསུངས་གསལ་ལ་༼ཆོས་རྣམ་ཀུན་བཏུས་འདིའི་ནང་ཆོས་ཀྱི་རྣམ་གྲངས་སྡེ་ཚན་གཅིག་ནས་སྡེ་ཚན་ལྔ་སྟོང་བཞི་བརྒྱ་རྩ་གསུམ་བར་ཡོད་པའི་ནང་འགའ་ཞིག་ལ་ལྡབ་པ་དང་བཅས་ཁྱོན་ཆོས་ཀྱི་རྣམ་གྲངས་ཀུན་བཏུས་ཆེན་མོ་འདིར་ཤེས་བྱའི་དབྱེ་བའམ་དོན་ཕྲན་ཆིག་འབུམ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བཞི་ཞེ་གསུམ་ལས་གྲུབ་པ་རྩ་བའི་ཆོས་ཀྱི་རྣམ་གྲངས་ཆིག་ཁྲི་ཉིས་སྟོང་བརྒྱ་དང་བདུན་བཅུ་དོན་དྲུག་ཡོད་སྐོར་དང་། ཡན་ལག་གི་དོན་ཕྲན་སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་ལས་གྲུབ་པ་ལན་ལག་གི་ཆོས་ཀྱི་རྣམ་གྲངས་བདུན་བརྒྱ་བདུན་ཅུ་སྐོར། རེའུ་མིག་སྣ་ཚོགས་གྲངས་བཅུ་བདུན་བཅས་ཡོད་ཅིང་། (ཆོས་རྣམ་ཀུན་བཏུས་)འདིར་ཁྱོན་ཡིག་འབྲུ་ས་ཡ་དྲུག་ཟིན་པའོ། ༽ཞེས་བཀོད་འདུག དེ་ལྟ་བུའི་རྩོམ་དེབ་འདིའི་ནང་དོན་གྱི་ཆ་ནས་བལྟས་ན་ཤིན་ཏུ་ཁུངས་དག་པ་དང་ལུང་ཚིག་རེ་རེ་བཞིན་གང་ནས་བཏུས་པའི་ལུང་ཁུངས་ཤོག་གྲངས་ཚུན་ཆད་གསལ་བོ་བྲིས་ཡོད་པ། དེ་བཞིན་ཆོས་ལུགས་ཕྱོགས་ལྷུང་ལྟ་བུའི་སྐྱོན་གྱིས་མ་བསླད་པ། རིག་པའི་གནས་ལྔ་སྤྱི་ལ་མཐོང་རྒྱ་ཧ་ཅང་ཆེ་བ་བཅས་ཀྱི་ཁྱད་ཆོས་བརྗོད་ན་མི་ཚར་བའི་གསུང་རྩོམ་ཞིག་རེད། འོན་ཀྱང་། ཆེས་བློ་ཕངས་པ་ཞིག་ལ་ལྡི་ལིར་ཡོད་པའི་བོད་ཀྱི་དཔེ་དེབ་ཁང་ཟེར་བས་(ཆོས་རྣམ་ཀུན་བཏུས་)བསྐྱར་པར་བྱས་ཏེ་རིན་གོང་ཧ་ཅང་ཆེ་དྲག་པའི་ཚོང་བསྒྱུར་བྱེད་ཀྱི་ཡོད་པ་རེད། དེབ་ཆེན་གསུམ་ཡོད་པའི་ཚིག་མཛོད་ཚར་གཅིག་ལ་ཧིན་སྒོར་གཅིག་ཁྲི་བྱེད་ཀྱི་ཡོད་པ་ཧ་ལས་དགོས་པའི་གནས་ཚུལ་ཞིག་རེད། སྔོན་མ་ཡིན་ན་དུང་དཀར་ཚིག་མཛོད་ཆེན་མོ་བོད་གཞུང་ཤེས་རིག་ལས་ཁུངས་གིས་བསྐྱར་པར་བྱས་ཏེ་ཧིན་སྒོར་དྲུག་སྒོར་བརྒྱ་ལ་བཙོང་བ་རེད། དེ་ལ་བལྟས་ན་དུང་དཀར་ཚིག་མཛོད་དང་ (ཆོས་རྣམ་ཀུན་བཏུས་) གཉིས་ཀྱི་དབར་ལ་དེབ་ཆེན་གཅིག་ལ་ཆོས་རྣམ་ཀུན་བཏུས་ཆེ་བ་ལས་གཞན་འདྲ་འདྲ་རེད། དེར་བརྟེན་ཆེས་རིན་ཐང་དང་ལྡན་པའི་ཚིག་མཛོད་འདི་ཤེས་རིག་ལས་ཁུངས་ལྟ་བུ་ཞིག་གིས་བསྐྱར་པར་གནང་སྟེ་ཧིན་སྒོར་གཅིག་སྟོང་ཡས་མས་བྱས་ཏེ་ཚོང་འགྲེམས་བྱེད་ཐུབ་ན་བོད་ཀྱི་རིག་གཞུང་ཞབས་ཞུ་བླ་ན་མེད་པ་ཞིག་དང་། སློབ་སྦྱོང་ལ་དོན་གཉེར་ཡོད་པའི་བོད་ཕྲུག་མང་པོ་ཞིག་ལ་ཕན་པའི་གསོས་སུ་འགྱུར་ངེས་སོ།
༼ཆོས་རྣམ་ཀུན་བཏུས་༽ཀྱི་དཔེ་དེབ་འདི་ནི་ཧ་ལས་དགོས་པའི་ཚིག་མཛོད་ཕུན་སུམ་ཚོགས་པ་ཞིག་རེད། ལྡི་ལི་ནས་བསྐྱར་པར་བྱས་པ་དེ་རྒྱུ་ཆ་ཁྱོན་ནས་ཡག་པོ་མི་འདུག དྷ་རམ་ས་ལ་ལ་སླེབས་དུས་ནས་དེབ་ཀྱི་རྒྱབ་ཤ་འཐོར་ཡོང་གི་འདུག
དེང་སང་མང་པོ་ཞིག་གིས་ཆོས་ལུགས་དང་འབྲེལ་བ་མེད་པའི་རྩོམ་དེབ་ཁག་གི་མིང་ལ་ཆེ་གེ་མོའི་བརྩམ་ཆོས་གསུང་གི་འདུག་མོད། ཆོས་རྣམ་ཀུན་བཏུས་ནི་དེ་དང་མི་འདྲ་བར་ནོར་བྲང་ཨོ་རྒྱན་གྱི་བརྩམ་ཆོས་ཞེས་བརྗོད་ན་ཆོག་འདུག ཁོང་གིས་ཚིག་མཛོད་དུ་བཀའ་འགྱུར་བསྟན་འགྱུར་གྱི་ལུང་དྲངས་སྟངས་་དེ་ལ་གཅིག་བལྟས་ཡོང་དུས་དེང་སང་གི་མཁན་པོ་དགེ་བཤེས་མང་ཆེ་བ་ངོ་ཚ་དགོས་པ་ཞིག་བཟོས་འདུག
དུང་དཀར་ཚིག་མཛོད་ཆེན་མོ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་པར་བསྐྲུན་བྱས་པ་དེ་དེབ་ཀྱི་རྒྱུ་ཆ་དེ་ཙམ་བཟང་གྱི་མེད་རུང་གོང་ཁེ་བོ་ཧིན་སྒོར་དྲུག་བརྒྱ་བྱས་ཏེ་ཚོང་འགྲེམས་པ་བྱས་པ་རེད། དེས་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་བྱུང་སོང་།
དུང་དཀར་ཚིག་མཛོད་ལ་དེབ་ཆེན་གཉིས་ཡོད་པ་རེད། ཆོས་རྣམ་ཀུན་བཏུས་ལ་དེབ་ཆེན་གསུམ་འདུག སྟོད་ཆ། བར་ཆ། སྨད་ཆ། གསུམ་ཡོད་རེད།
ཆོས་རྣམ་ཀུན་བཏུས་ཉོ་དགོས་མཁན་ཡོད་ན། ལྡི་ལི་བོད་ཀྱི་དཔེ་དེབ་ཁང་གི་མྱུར་འཕྲིན་ཁ་བྱང་འདི་རེད། tiblibrary@yahoo.com ཁ་པར་ཨང་གྲངས་། 0091/9899874998
དེ་འདྲའི་གནས་སྟངས་བྱུང་རྐྱེན་ནི། དང་པོ། སྤྱི་སེམས་མེད་པའི་སྐྱོན་ཞིག་རེད་ལ། གཉིས་པ། ཆོས་བཀུར་མེད་པའི་སྐྱོན་ཞིག་ཀྱང་རེད། གསུམ་པ། ཕན་སེམས་མེད་པའི་སྐྱོན་ཞིག་རེད་ལ། བཞི་པ། ལྷག་བསམ་མེད་པའི་སྐྱོན་ཞིག་ཀྱང་རེད།
གང་ལྟར། དེ་འདྲའི་དབང་གིས་བོད་མི་རིགས་སྤྱི་ཡོངས་ཀྱི་མགོ་བོ་གྱེན་དུ་འཇོག་ཐུབ་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག
ཨ་ཁ་ཁ། དེ་འདྲའི་གོང་ཆེན་ཞིག
གོ་ཐོས་ལ་རྫོགས་ཆེན་གནའ་དཔེ་གསར་སྐྲུན་ཁང་གིས་སྤར་བའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་དེ་ཡང་ལྡི་ལི་ནས་གོང་ཆེན་ཞིག་བྱས་ནས་གཙོང་གི་འདུག་ཟེར། དེ་བདེན་པ་ཡིན་པ་ཧ་གོ་མཁན་རྣམས་ཀྱིས་འདིར་ཚོང་ཁང་གི་མིང་དང་རིན་གོང་ག་ཚད་བྱེད་ཀྱི་ཡོད་པ་འགོད་རོགས་ཞུ།
སྤར་དབང་ཡོད་པའི་ཡི་གེ་སོགས་གང་བྱུང་དུ་སྤར་བཤུས་དང་ཚོང་བསྒྱུར་བྱས་ན་ཁྲིམས་འགལ་རེད།
ཐུགས་རྗེ་ཆེ།