དགེ་བཤེས་འཇིགས་མེད་བློ་གྲོས།
༡༽ བོད་པའི་བློ་གྲོས་ལས་རྙེད་པའི་བདེ་ལམ།
བོད་བཙན་པོའི་དུས་སྐབས་སུ་དམག་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཉེ་འཁོར་ཁྱིམ་མཚེས་ཡུལ་གྲུར་དབང་ཤུགས་ཁྱབ་སྤེལ་མཛད་པའི་ལོ་རྒྱུས་ཡོད་ཀྱང་། ཆོས་རིག་དཔལ་ཡོན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཁྱིམ་མཚེས་ཡུལ་གྲུ་དང་མི་རིགས་གཞན་ལ་རིག་གཞུང་གིས་དབང་སྒྱུར་བྱས་པའི་ལོ་རྒྱུས་མེད་སྟབས། དམག་དོན་གྱི་སྟོབས་ཤུགས་ལ་བརྟེན་པའི་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་པ་དང་དུས་མཉམ་དུ་བོད་པའི་དབང་སྒྱུར་ནུས་པ་ཡང་ཉམས་རྒུད་དུ་གྱུར་ཡོད།
བོད་སིལ་བུའི་དུས་སྐབས་ནས་བཟུང་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཉེ་ཁོར་ཁྱིམ་མཚེས་ཡུལ་གྲུ་དང་མི་རིགས་གཞན་ལ་དབང་སྒྱུར་བྱེད་པའི་ནུས་པ་དང་གོ་སྐབས་ད་ལྟའི་བར་བྱུང་མེད་ཀྱང་རིག་གཞུང་གི་དབང་སྒྱུར་སྟོབས་ཤུགས་མངོན་གསལ་དོད་པོས་གོང་འཕེལ་དུ་ཕྱིན་པ་དཔེར་ན། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་རིག་གཞུང་ཧོར་སོག་གི་ཡུལ་གྲུར་ཁྱབ་སྤེལ་མཛད་པ་ཙམ་མིན་པར་བོད་པའི་བླ་མས་ཆེན་པོ་ཧོར་ཡུལ་གྱི་ཆོས་སྲིད་བླ་དཔོན་མཛད་པའི་ལོ་རྒྱུས་ཡོད་ལ། འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་བཙུགས་ཏེ་འབྲུག་པའི་ཆོས་སྲིད་བླ་དཔོན་མཛད་པའི་ལོ་རྒྱུས་དང་ཤུགས་རྐྱེན་ད་ལྟ་ཡང་རང་རེའི་མཐོང་ཡུལ་ན་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་བོད་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་རྨང་གཞི་ནས་རྩ་འཐོར་དུ་སོང་ཡང་ཆོས་དང་རིག་གཞུང་གི་ནུས་པས་བོད་དང་བོད་མིའི་ཚེ་སྲོག་བསྲུངས་ཤིང་། ད་ལྟ་སྣོད་བཅུད་ཀྱི་འཇིག་རྟེན་རྒུད་པའི་ལམ་དུ་ཕྱོགས་པའི་གཉན་འཕྲང་གི་དུས་སྐབས་འདིར་བོད་པའི་རྣམ་དཔྱོད་དང་བློ་གྲོས་ཀྱི་ལམ་སྟོན་ལ་བརྟེན་ནས་འཇིག་རྟེན་ཞི་བདེར་འཁྲིད་པའི་བདེ་ལམ་ཞིག་གི་སྐྱ་རིས་འཐེན་ཡོད། ལམ་བུ་དེ་ནི་དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆབ་སྲིད་ཀྱི་མངའ་དབང་རྒྱ་བསྐྱེད་བྱེད་ཕྱིར་འཛུགས་བསྐྲུན་བྱེད་བཞིན་པའི་ཞི་ཅིན་ཕིན་གྱི་རྒྱུད་གཅིག་ལམ་གཅིག་ (Belt and Road Initiative) ཏུ་གྲགས་པ་དང་མི་འདྲ་བར། ལམ་བུ་དེ་ནི་སྣོད་བཅུད་ཀྱི་འཇིག་རྟེན་རྒུད་པ་ལས་སྐྱོབ་ཕྱིར་གསར་གཏོད་མཛད་ཅིང་། དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༥ ཉིན་༸གོང་ས་སྐྱབས་མགོན་ཆེན་པོས་རྒྱལ་ས་ལྡི་ལིར་ཡོངས་གྲགས་གནང་བའི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལམ་བུ་དེ་རེད།
༢༽ ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་དྲན་ལྟར་སྲུང་བརྩི་ཞུ་འོས།
ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་ཕྲན་ཚེགས་ཙམ་ཡང་གཞན་དོན་དུ་མི་འགྱུར་བའི་སྐབས་མེད་པས་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུན་མོང་དང་ཐུན་མིན་གྱི་རླབས་ཆེན་མཛད་པར་གྲངས་ཀྱི་ཚད་གཟུང་ག་ལ་ཡོད། འོན་ཀྱང་འཇིག་རྟེན་མཐུན་སྣང་དུ་མགོན་པོ་གང་གིས་ཡོངས་གྲགས་གནང་བའི་ཐུགས་འགན་གྱི་གཙོ་བོ་བཞི་ལས། ཐེངས་འདིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་འཆར་སྣང་ཙམ་དུ་མ་ལུས་པར་དེང་རབས་ཀྱི་འགྲོ་ལུགས་ལྟར་ཚན་རིག་དང་མཐུན་པའི་ལམ་ནས་བསླབ་གཞིའི་དཔེ་དེབ་ཏུ་གཏན་འབེབས་དབུ་འབྱེད་བྱུང་ཞིང་། རྒྱལ་མཚམས་དང་མི་རིགས། ཆོས་ལུགས་སོགས་ཀྱི་དབྱེ་བ་མེད་པར་རྒྱལ་སྤྱིའི་ཁྱོན་དུ་སྒྲིག་འཛུགས་རང་བཞིན་གྱི་ཐོག་ནས་ལག་བསྟར་བྱེད་འགོ་ཚུགས་པ་ནི། མགོན་པོ་གང་གི་ཐུགས་འགན་ཆེན་པོ་བཞིའི་དང་པོ་འགྲོ་བ་མིའི་རིན་ཐང་དར་སྤེལ་གྱི་མཛད་པའི་ཆ་ཤས་གལ་ཆེ་ཤོས་ཤིག་ལེགས་འགྲུབ་ཀྱི་དབུ་ཚུགས་པ་ཡིན་པས། དཀའ་སྤྱད་དང་སྙིང་སྟོབས་ཀྱི་གོ་ཆ་བརྟན་པོས་རང་ཅག་འཛམ་བུ་གླིང་པའི་དམུ་རྒོད་ཀྱི་སྐྱེ་འགྲོ་རྣམས་ཞི་བདེའི་ལམ་ལ་འཁྲིད་པའི་རླབས་ཆེན་གྱི་མཛད་པ་དང་འབྲེལ་ནས་ཞུས་ན། དུས་སྐབས་འདི་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་དྲན་ལྟར་སྲུང་བརྩི་ཞུ་རིན་ལྡན་པ་ཞིག་ཅི་ལ་མིན།
༣༽ ༸རྒྱལ་དབང་གི་ཕ་ཆོས།
༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་པའི་སྣང་ངོར་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་ལྷ་ཚོགས་ཀྱི་བཀོད་པ་ཤར་ཏེ་ཡང་གསང་རྒྱ་ཅན་གྱི་ཆོས་སྐོར་ཐུགས་དམ་གྱི་གསང་མཛོད་དུ་བཞེས་པ་ནས་བཟུང་རྒྱ་ཅན་ཉེར་བཞིའི་བདག་ཉིད་ཅན་གྱི་ཆོས་སྐོར་འདི་ཉིད་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཕ་ཆོས་སུ་གྱུར་ཅིང་། སྐལ་ལྡན་ལས་འཕྲོ་ཅན་གྱི་སྐྱེས་བུ་དུ་མས་ཐུགས་ཉམས་སུ་བཞེས་པ་ལས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་བརྒལ་ཏེ་བདེ་ཆེན་གྱི་སར་གཤེགས་པའི་རྣམ་ཐར་ངེས་པར་ཡོད་དུ་སྲིད་ཀྱང་། འཁོར་ལོ་དང་རྡོ་རྗེ་ལ་སོགས་པའི་གསང་བའི་ཕྱག་རྒྱ་ཉེར་བཞིས་བཏབ་པས་ཆོས་སྐོར་འདི་ཉིད་འཇིག་རྟེན་སྤྱིའི་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པའི་གོ་སྐབས་བྱུང་མེད།
༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོས་གང་ཉིད་ནི་དག་སྣང་ལ་སོགས་པའི་ཐུན་མིན་རྣམ་ཐར་གང་ཡང་བསྟན་དུ་མེད་པའི་༸རྒྱལ་དབང་གི་སྐྱེ་གྲལ་ཞིག་ཡིན་པར་གསུངས་མོད། ཐུགས་ཚད་མེད་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པའི་དབང་གིས་སྲིད་གསུམ་གཉེན་དུ་གཟིགས་པའི་དག་པའི་སྣང་བར་གཅིག་ཏུ་འབྱམས་ཏེ་གསང་སྔགས་ཀྱི་དབང་རྗེས་གནང་བྱེད་པའི་ཚེ་བགེགས་གཏོར་ཙམ་ཡང་གསུང་སྟབས་མི་བདེ་བར་མཛད་པའི་༸རྒྱལ་དབང་གི་མཚན་འཛིན་གཅིག་བྱུང་བ་ནི་ད་ལྟ་རང་རེའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་པའི་༸རྒྱལ་མཆོག་འདི་པ་ཁོ་ན་ཡིན་ལ། སྲིད་གསུམ་གཉེན་དུ་གཟིགས་པའི་དག་སྣང་ལས་ལྷག་པའི་དག་སྣང་ཞིག་མདོ་རྒྱུད་གསུང་རབ་རྒྱ་མཚོའི་དགོངས་དོན་ལ་མ་གྲུབ། འདི་ལྟ་བུའི་དག་སྣང་ལ་བརྟེན་ནས་རིས་བྲལ་སྐྱེ་འགྲོ་རྣམས་ཞི་བདེའི་ལམ་བཟང་ལ་འཁྲིད་པའི་ཐབས་ཚུལ་ཞིག་ཐུགས་ལ་འཁྲུངས་ཏེ་རང་ཅག་འཛམ་བུ་གླིང་པ་སྤྱིའི་འཚོ་གནས་ཀྱི་སྙིང་པོར་གདམས་པར་མཛད་པ་ནི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོ་སྟེ། འདི་ནི་འཇིག་རྟེན་སྤྱིའི་མཐུན་སྣང་ལ་གྲུབ་པའི་༸རྒྱལ་དབང་གི་ཕ་ཆོས་ལྟ་བུར་ངོས་འཛིན་ཞུ་རིན་ལྡན་པ་ཞིག་ཡིན།
༤༽ སྐྱེ་དངོས་ཀུན་ལ་གཅེས་འཛིན་བྱེད་པའི་རྨང་གཞིའི་ཁྲིམས་ཡིག།
ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་འདི་ནི་བརྒྱུད་རིམ་གྱི་ཆ་ནས་ཐོག་མར་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་ཀྱིས་རྨང་གཞི་བྱས་ཤིང་། བར་དུ་ཆོས་ལུགས་མི་སྣ་དང་སེམས་ཁམས་ཚན་རིག་པ། འཕྲོད་བསྟེན་ཚན་རིག་པ་དང་ཤེས་ཡོན་ཉམས་ཞིབ་པ་སོགས་ཆེད་མཁས་མི་སྣ་བརྒྱ་ཕྲག་མང་པོའི་བློ་གྲོས་དང་ཉམས་མྱོང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་ལེགས་ཆ། དེང་རབས་ཚན་རིག་གི་ཤེས་ཡོན་དང་གྲུབ་དོན་སོགས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པོས་སྒྲོམ་བསླངས་པ་དང་། མཐར་དེང་རབས་ཤེས་ཡོན་གྱི་སྒྲིག་འཛུགས་ཚད་ལྡན་ཞིག་གི་གཏན་འབེབས་བརྒྱུད་རྒྱལ་སྤྱིའི་རང་བཞིན་གྱི་འདུ་འཛོམས་ཧ་ཅང་ཆེན་པོ་ཞིག་གི་ཐོག་དབུ་འབྱེད་གསལ་བསྒྲགས་བསྐྱངས་ཤིང་། ནང་དོན་གྱི་ཆ་ནས་འགྲོ་བ་མིའི་བློ་གྲོས་དང་བཟང་སྤྱོད་གཉིས་ཟུང་དུ་སྦྲེལ་ཏེ་རང་བྱུང་ཁོར་ཡུག་གི་བགྲོད་པ་དང་འཚམས་པར་ཇི་ལྟར་འཚོ་དགོས་པའི་ཐབས་ཚུལ་སྟོན་པ་ཡིན་པས། དོན་དངོས་སུ་གོ་ལ་འདིའི་ཐོག་གི་སྲོག་ལྡན་དང་སྲོག་མེད་ཀྱི་སྐྱེ་དངོས་ཀུན་ལ་གཅེས་སྐྱོང་ཇི་ལྟར་བྱེད་པའི་རྨང་གཞིའི་ཁྲིམས་ཡིག་ཅིག་ཏུ་གྱུར་ཡོད་ཕྱིར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ལས་ཀྱང་དོན་སྙིང་དང་རིན་ཐང་ཆེ་བ་ཞིག་ཡིན།
༥༽ དཀའ་ངལ་ལྔ།
༸གོང་ས་སྐྱབས་མགོན་ཆེན་པོས་འཛམ་གླིང་འདིའི་ཐོག་དཀའ་ངལ་ཆེན་པོ་ལྔ་ཡོད་པར་ངོས་འཛིན་མཛད། དེ་དག་ནི། ༡། ཁོར་ཡུག་ཉམས་རྒུད་དང་། ༢། མི་འབོར་འཕེལ་རྒྱས། ༣། དབུལ་ཕྱུག་གི་བར་ཁྱད། ༤། དམག་འཐབ་སོགས་འཚེ་བའི་བྱ་སྤྱོད། ༥། ཆོས་ལུགས་འཐེན་འཁྱེར་གྱི་འཐབ་རྩོད་བཅས་ཡིན། དཀའ་ངལ་འདི་དག་རེ་རེར་གོ་ལ་ཧྲིལ་པོ་གཏོར་བཤིག་གཏོང་བའི་ནུས་པ་ཡོད་པར་གཟིགས་ཀྱིན་ཡོད། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་གོང་གསལ་དཀའ་ངལ་ལྔ་པོ་དེ་སྙིགས་མ་ལྔ་དང་ཆོས་མཐུན་སྦྱར་ནས་བཤད་པ་མཛད་པར་འདྲ་འབྲེལ་ཙམ་མིན་པའི་མཚུངས་ཆོས་ཁྱད་པར་ཅན་ཡོད་ངེས། འོན་ཀྱང་ཆོས་ཕྱོགས་ནས་བཤད་ན་སྙིགས་མ་ལྔ་ནི་སྣོད་བཅུད་བྱེ་བྲག་པ་ཞིག་ཐོག་མར་གྲུབ་པ་དང་། བར་དུ་གནས་པ། མཐའ་མར་འགག་པའི་རིམ་པ་གསུམ་ལས་མཐའ་མར་འགག་པའི་དུས་རིམ་གྱི་རྣམ་འགྱུར་དུ་ངོས་འཛིན་དགོས་ཕྱིར་དངོས་པོ་རྣམས་ཀྱི་རང་བྱུང་སྐྱེ་འགག་གི་ཆོས་ཉིད་ལ་སངས་རྒྱས་ཀྱི་འཕྲིན་ལས་དང་སེམས་ཅན་གྱི་ལས། དེང་རབས་ཚན་རིག་གི་རིག་རྩལ་སོགས་གང་གིས་ཀྱང་བཅོས་སུ་མེད། དེ་ལྟ་ནའང་གོང་གསལ་དཀའ་ངལ་ལྔ་ནི་འགྲོ་བ་མིའི་མ་རུངས་པའི་སྤྱོད་ཚུལ་ལ་བརྟེན་ནས་ཐོད་བརྒལ་གྱི་ཚུལ་དུ་བྱུང་བ་ཞིག་ལས་འཛམ་གླིང་སྟོང་ལ་ཉེ་བའི་དུས་རིམ་ལ་སླེབས་ཟིན་པའི་རང་བྱུང་གི་འགྱུར་བ་མིན་པས་འགྲོ་བ་མིའི་བློ་གྲོས་དང་བཟང་སྤྱོད་ལ་བརྟེན་ནས་བསལ་ཐུབ་པའི་ནུས་པ་དང་གོ་སྐབས་ད་དུང་ལྷག་ཡོད།
༦༽ སྐུ་ཚེའི་འགྲུལ་བཞུད་ལས་རྙེད་པའི་བདེ་ལམ།
༸གོང་ས་སྐྱབས་མགོན་ཆེན་པོས་འཛམ་གླིང་ཕྱི་ཕྱོགས་སུ་འབྲེལ་བ་བྱུང་བའི་འདས་པའི་ལོ་ངོ་དྲུག་ཅུར་ཉེ་བའི་རིང་དེང་སྐབས་འཛམ་གླིང་ལ་ཁ་ལོ་སྒྱུར་བའི་ནུས་པ་གཙོ་བོ་འདོན་མཁན་ཆབ་སྲིད་དང་དཔལ་འབྱོར། ཚན་རིག་དང་འཕྲོད་བསྟེན་སོགས་ཀྱི་སྒྲིག་འཛུགས་ཁག་གི་མི་སྣ་དང་ཕན་ཚུན་མཇལ་འཕྲད་ཡང་ཡང་མཛད་དེ་འཇིག་རྟེན་འདིའི་བདེ་སྡུག་བླང་དོར་གྱི་ཐབས་ལམ་འཚོལ་སྒྲུབ་གནང་བ་བརྒྱུད། གོང་གསལ་དཀའ་ངལ་ལྔས་མཚོན་པའི་རང་བྱུང་མིན་པའི་དཀའ་རྙོག་ཕལ་མོ་ཆེ་མིའི་སྤྱི་ཚོགས་ནང་རྣམ་དཔྱོད་དང་ཤེས་ཡོན་གྱིས་མ་ལྡང་བའི་དབང་གིས་བྱུང་བ་མིན་པར་བྱམས་བརྩེ་སོགས་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་གྱིས་ཕོངས་པ་ལ་བརྟེན་ནས་བྱུང་བ་དང་། དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་དགོས་ན་འགྲོ་བ་མིའི་རིན་ཐང་ངམ་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་རྒྱུ་ལས་ཐབས་ལམ་གཞན་མེད་པའི་ཐུགས་ངེས་རྙེད་དེ། འགྲོ་བ་མིའི་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་གོང་འཕེལ་ཇི་ལྟར་གཏོང་ཚུལ་གསལ་སྟོན་མཛད་ཕྱིར་སྟོང་ལོ་གསར་པའི་ཚུལ་ཁྲིམས་ Ethics for the New Millennium དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ Beyond Religion སོགས་ཀྱི་རིག་པའི་གཞུང་ལུགས་བརྩམས་ཤིང་། ཤར་ནུབ་ཀྱི་ཡུལ་གྲུ་ཧ་ཅང་མང་པོར་ཞབས་ཀྱིས་བཅགས་ཏེ་ཆོས་དད་ཡོད་མེད་སོགས་ཀྱི་དབྱེ་བ་མེད་པར་རིས་བྲལ་མི་རིགས་ཀུན་ལ་གཅིག་གྱུར་ཏུ་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་དགོས་པའི་བསླབ་བྱ་གནང་། ད་ལྟ་མགོན་པོ་གང་ཉིད་དགུང་གྲངས་གྱ་བཞིར་ཕེབས་ཟིན་ཡང་ཕྱི་ནང་གི་མི་སྣ་མཇལ་འཕྲད་དང་དེ་དག་ལ་རང་རང་གི་ཁམས་མོས་དང་འཚམས་པའི་ཆོས་དང་འཇིག་རྟེན་གྱི་གདམས་ངག་ལམ་སྟོན་གྱི་མཛད་པ་མུ་མཐུད་སྐྱོང་བཞིན་ཡོད་ལ། དེ་རིང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་དཔེ་དེབ་དབུ་འབྱེད་ཀྱི་ཚོགས་ཐོག་ཏུ་རིས་བྲལ་སྐྱེ་འགྲོའི་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་གོང་སྤེལ་ལ་གཅིག་ཏུ་གཞོལ་བའི་སྐུ་གསུང་ཐུགས་ཀྱི་མཛད་པ་ནམ་མཁའ་ཇི་སྲིད་ཀྱི་བར་བསྐྱང་རྒྱུའི་ཞལ་བཞེས་བཟང་པོ་གནང་ཡོད།
༧༽ ཐུགས་འགན་དང་པོ་སྒྲུབ་པའི་རྩ་བ་དང་ཡན་ལག་གི་ཐབས་ཚུལ་དྲུག
འོ་ན་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་ལ་བརྟེན་ནས་དཀའ་ངལ་འདི་དག་ཇི་ལྟར་སེལ་དགོས་པ་ཡིན་ཞེ་ན། དེ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་ཐུགས་འགན་ཆེན་པོ་བཞི་གསུངས་པའི་དང་པོ་འགྲོ་བ་མིའི་རིན་ཐང་དར་སྤེལ་གཏོང་བ་བརྒྱུད་དཀའ་ངལ་དེ་དག་སེལ་དགོས་པར་བཞེད་ལ། ཐུགས་འགན་དང་པོ་འགྲོ་བ་མིའི་རིན་ཐང་དར་སྤེལ་གཏོང་ཚུལ་ལ་ཡང་ནང་གསེས་ཐབས་ཚུལ་མི་འདྲ་བ་གསུམ་གསུངས། དེ་དག་ནི། ༡། འཇིག་རྟེན་བཀོད་པ་པོ་འདོད་པའི་ཆོས་ལུགས་ཀྱི་བསླབ་བྱར་བརྟེན་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་དང་། ༢། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་ལུགས་ཀྱི་བསླབ་བྱར་བརྟེན་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས། ༣། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོར་བརྟེན་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་བཅས་ཡིན།
ཆོས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ལ་ཡང་། ༡། ཐུན་མོང་གི་ཉམས་མྱོང་དང་། Common Experience ༢། རྒྱུན་ཤེས། Common Sense ༣། ཚན་རིག་གི་གྲུབ་དོན་ Scientific Findings བཅས་དོན་ཚན་མི་འདྲ་བ་གསུམ་གསུངས་ཤིང་། དོན་ཚན་འདི་གསུམ་རྨང་གཞིར་བྱས་ཏེ་བཟང་སྤྱོད་གོང་འཕེལ་ཇི་ལྟར་གཏོང་ཚུལ་གསལ་སྟོན་མཛད་པའི་གཞུང་ལུགས་ནི་དེ་རིང་དབུ་འབྱེད་བསྐྱངས་པའི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་འདི་ཡིན།
ཆོས་ལུགས་ཀྱི་བསླབ་བྱར་བརྟེན་ནས་བཟང་སྤྱོད་གོང་འཕེལ་གཏོང་ཚུལ་ནི། དཔེར་ན། འཇིག་རྟེན་བཀོད་པ་པོ་འདོད་པའི་ཆོས་ལུགས་ལ་མཚོན་ན་སྣོད་བཅུད་སྤྱི་དང་ལྷག་པར་རང་རེ་འགྲོ་བ་མི་རྣམས་བྱམས་བརྩེའི་བདག་ཉིད་ཅན་གྱི་དཀོན་མཆོག་གཅིག་གིས་བཀོད་པའི་བུ་ཕྲུག་གཅིག་གྱུར་ཡིན་པས་ཁྱིམ་མི་གཅིག་གི་འདུ་ཤེས་ལ་བརྟེན་ནས་ཕན་ཚུན་བརྩེ་བས་འཚོ་དགོས་པ་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་ལུགས་ལ་མཚོན་ན་གཙོ་བོ་བྱ་སྤྱོད་བཟང་ངན་ལ་བརྟེན་ནས་འབྲས་བུ་བཟང་ངན་འབྱུང་བའི་རྒྱུ་འབྲས་རྟེན་འབྱུང་གི་ཆོས་ཉིད་ལ་བསམས་ཏེ་ཕན་ཚུན་བརྩེ་བས་འཚོ་དགོས་པར་གསུངས་པ་ལྟ་བུ་ཡིན།
སྤྱིར་ཆོས་ལུགས་ཕལ་མོ་ཆེས་བྱམས་བརྩེའི་རིན་ཐང་གལ་ཆེན་ཡིན་པའི་སློབ་གསོ་གཅིག་གྱུར་ཏུ་བྱེད་པ་ཙམ་དུ་མ་ཟད། ད་ལྟའི་བར་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་ཆོས་ལུགས་ཀྱིས་བསྲུངས་ཤིང་བཟང་སྤྱོད་ཀྱི་འགན་གཙོ་བོ་ཆོས་ལུགས་ཀྱིས་འཁྱེར་ཡོད། འོན་ཀྱང་ཆོས་ལུགས་ཀྱི་བསླབ་བྱ་ནི་ཆོས་ལུགས་བྱེ་བྲག་པ་སོ་སོའི་གདུལ་བྱ་ཉི་ཚེ་བ་ཙམ་ལ་ཁྱབ་པ་ལས་འགྲོ་བ་མི་སྤྱི་ལ་གཅིག་གྱུར་ཏུ་ཁྱབ་མི་ནུས་པ་དང་། ལྷག་པར་དུ་དེང་སྐབས་འཛམ་གླིང་གི་ཁ་ལོ་སྒྱུར་བའི་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་ཆོས་ལུགས་ཀྱི་ཤུགས་རྐྱེན་གཏན་དུ་བརླགས་ཟིན་པས་ད་ལྟའི་མི་རབས་གསར་པ་རྣམས་ལ་ཆོས་ལུགས་ཀྱི་བསླབ་བྱར་བརྟེན་ནས་བཟང་སྤྱོད་གོང་འཕེལ་གཏོང་བའི་གོ་སྐབས་དང་ནུས་པ་ཧ་ཅང་ཆུང་ངུ་ཞིག་ལས་མེད། ཆེས་ཐབས་སྐྱོ་བ་ཞིག་ནི་དེང་རབས་སློབ་གསོའི་ཁྱབ་ཁོངས་ནང་ཆོས་ཕྱོགས་ཀྱི་ནང་དོན་གསལ་བའི་ལྟ་སྤྱོད་ཀྱི་རྣམ་གཞག་སློབ་པའི་གོ་སྐབས་མེད་པ་ཙམ་དུ་མ་ཟད། ཆོས་ཕྱོགས་ཀྱི་ནང་དོན་མཚོན་པའི་ཐ་སྙད་ཙམ་བེད་སྤྱོད་བྱ་རྒྱུར་ཡང་སྟབས་མི་བདེ་བ་དང་འཛེམ་ཟོན་བྱེད་དགོས་ཀྱི་ཡོད། འདི་ནི་ཚན་རིག་པས་བསྐྲུན་པའི་འགྲོ་བ་མིའི་སེམས་རྒྱུད་ཀྱི་ཕྱིན་ཅི་ལོག་གི་རྨོངས་དད་ཧ་ཅང་ཆེན་པོ་ཞིག་རེད། དེས་ན་༸གོང་ས་༸སྐྱབས་མགོན་ཆེན་པོས་འཇིག་རྟེན་སྤྱི་ཡོངས་ལ་ཁྱབ་ཐུབ་པའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་སློབ་གསོ་ཞིག་དགོས་ན་དེ་ནི་ཆོས་ལུགས་དང་མི་རིགས། རིག་གཞུང་བྱེ་བྲག་པ་ཞིག་གི་ཁྱབ་ཁོངས་དང་སྤྱོད་སྒོ་ལས་བརྒལ་བའི་འཇིག་རྟེན་ཀུན་ཁྱབ་ཀྱི་རང་བཞིན་ཅན་ཞིག་དགོས་པ་དང་། དེ་ལ་དེ་རིང་ཡོངས་གྲགས་མཛད་པའི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་འདི་ལྟ་བུ་ཞིག་གཏན་འབེབས་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་པར་གཟིགས་ཡོད།
༨༽ རླབས་ཆེ་བའི་ཤེས་ཡོན་གྱི་གསར་བརྗེ།
དེང་རབས་ཀྱི་མི་རྣམས་ཐོན་རྫས་ཤིག་ཡིན་པར་མཚོན་ན་ལས་སྣོན་བྱེད་སའི་བཟོ་གྲྭ་ནི་སློབ་གྲྭ་ཁག་ཡིན། མིའི་སྤུས་ཀ་བཟང་ཞན་ཇི་འདྲ་ཡོང་མིན་སློབ་གྲྭའི་ནང་ཤེས་ཡོན་གང་འདྲ་ཞིག་སྤྲོད་མིན་ལ་རག་ལས་ཤིང་། དེང་རབས་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་ཕྱི་དངོས་པོའི་རིན་ཐང་ཁོ་ན་གལ་ཆེར་འཛིན་པའི་སློབ་གསོ་ལས་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་གལ་ཆེར་བརྩི་བའི་སློབ་གསོ་མེད་སྟབས་སློབ་གསོ་དེའི་འོག་ནས་འཚར་ལོངས་བྱུང་བའི་མི་རྣམས་ཀྱིས་ལེགས་ཉེས་དང་བཟང་ངན། རུང་མི་རུང་གི་རྣམ་གཞག་ཐམས་ཅད་ཕྱི་དངོས་པོའི་ཁེ་ཕན་དང་རིན་ཐང་གི་སྟེང་ནས་ཚད་འཇལ་བྱས་ཏེ། བདེ་སྡུག་བླང་དོར་གྱི་འཇུག་ལྡོག་ལོག་པར་ཞུགས་པ་ལས་ད་ལྟའི་དཀའ་ངལ་འདི་དག་འབྱུང་བཞིན་པར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོས་དཀའ་ངལ་འདི་དག་ལས་རྣམ་པར་རྒྱལ་བ་ལ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་བྱེད་དགོས་པ་ཙམ་དུ་མ་ཟད། བསླབ་གཞི་དེ་ཉིད་དེང་རབས་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་ཚུད་པར་བྱས་ཏེ་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཐུབ་པ་ཞིག་བྱེད་དགོས་པར་གཟིགས་ཡོད། ད་ལྟ་གཞི་ལམ་འབྲས་བུའི་རྣམ་གཞག་འཐུས་སྒོ་ཚང་བའི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་ཚད་ལྡན་ཞིག་གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་འཁྲིད་ལག་བསྟར་བྱེད་པའི་འགོ་ཚུགས་པ་ནི། ཕྱི་དངོས་པོའི་རིན་ཐང་ཁོ་ན་གལ་ཆེར་བརྩི་བའི་དེང་རབས་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་བྱུང་བའི་རླབས་ཆེ་བའི་ཤེས་ཡོན་གྱི་གསར་བརྗེ་ Revolution in Modern Education ཞིག་ཏུ་ངོས་འཛིན་ཆོག་པ་ཡིན།
༩༽ རྟེན་འབྲེལ་གྱི་ལྟ་གྲུབ་སོགས་ཁ་སྣོན་མཛད་པ།
ཕྱི་ལོ་ ༢༠༡༥ ལོར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ Emory University གི་ཆོས་ལུགས་སྡེ་ཚན་གྱི་སློབ་དཔོན་དང་སློབ་གྲྭ་དེའི་སྙིང་རྗེ་དང་སྒོམ་སྒྲུབ་ལྟེ་གནས་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གསུམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ཞིག་གང་མགྱོགས་ཕྱོགས་སྒྲིག་དགོས་པའི་བཀའ་ཕེབས་ལྟར། འདས་པའི་ལོ་ངོ་བཞིའི་རིང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཞུང་འབྲེལ་གྱི་ལས་གཞིའི་ངོ་བོར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་གཙོ་འགན་འཁུར་བའི་འོག་སྔར་ཡོད་སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོའི་ Social and Emotional Learning (SEL) ལེགས་ཆ་ཁག་རྨང་གཞིར་བྱས་པའི་སྟེང་སྙིང་རྗེ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སོགས་བཟང་སྤྱོད་ཀྱི་བསླབ་བྱ་དང་དེའི་རྒྱབ་རྟེན་དུ་འགྲོ་བའི་རྟེན་འབྱུང་གི་ལྟ་བ་སོགས་སྲོལ་རྒྱུན་ལྟ་གྲུབ་དང་ཚན་རིག་གི་གྲུབ་དོན་སོགས་ཀྱི་ལེགས་ཆས་བརྒྱན་ཏེ་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོ་ Social, Emotional & Ethical Learning (SEE Learning) ཞེས་པའི་བསླབ་གཞི་འདི་གཏན་འབེབས་མཛད་པ་ཡིན།
༡༠༽ སྤྱི་ཚོགས་དང་སེམས་མྱོང་གི་བསླབ་གཞི་ཐོན་རིམ་གཉིས་པ་ SEL 2.0།
སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོ་ནི་སེམས་ཁམས་རིག་པ་བ་ཌེ་ནཱིལ་གོལ་མན་ Daniel Goleman སོགས་ཀྱིས་གཏན་འབེབས་བྱས་པའི་བསླབ་གཞི་ཞིག་ཡིན་ཅིང་། འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ལ་ཉེ་བའི་རིང་རྒྱལ་སྤྱིའི་ཁྱོན་གྱི་སློབ་གྲྭ་ཧ་ཅང་མང་པོར་ལག་བསྟར་བྱས་ཏེ་གྲུབ་འབྲས་ཀྱང་གང་འཚམས་བཟང་པོ་ཐོབ་ཡོད། ནང་དོན་གཙོ་བོ་ནི་སློབ་ཕྲུག་ཚོས་རང་རྒྱུད་ཀྱི་ཞེ་སྡང་དང་ཁོང་ཁྲོ་སོགས་སེམས་ཚོར་རྣམས་ཀྱི་རང་བཞིན་ངོས་བཟུང་བའི་སྒོ་ནས་དེ་དག་ལ་སྟངས་འཛིན་ཇི་ལྟར་བྱེད་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་མི་དང་འབྲེལ་འདྲིས་ཇི་ལྟར་བྱེད་ཚུལ་སོགས་སློབ་མའི་སྤྱོད་ཚུལ་ཡར་རྒྱས་གཏོང་བའི་ཐབས་ཚུལ་སྟོན་པ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གོལ་མན་གཉིས་ ༡༩༨༠ གྱ་གྲངས་ནང་ཐུགས་འདྲིས་བྱུང་ཞིང་། ཁོང་གིས་སྲོལ་ཕྱེ་བའི་སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོའི་བྱུང་རིམ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་པ་དང་བཀའ་སློབ་ཀྱི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལྡན་པ་ཙམ་དུ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་འཕྲིན་ལ་བརྟེན་ནས་སློབ་གསོ་དེ་ཉིད་ཁེ་ན་ཌའི་མངའ་སྡེ་ British Columbia ནང་དར་འཕེལ་ཆེན་པོ་ཕྱིན་ཚུལ་གོལ་མན་གྱིས་བརྩམས་པའི་ Force for Good ཞེས་པའི་དཔེ་དེབ་ནང་ཧ་ཅང་གསལ་པོ་བྲིས་ཡོད། སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོའི་ཡབ་ཆེན་དུ་གྱུར་པའི་མཁས་པ་འདིས་ད་ལྟ་གསར་དུ་གཏན་འབེབས་བྱུང་བའི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོའི་སྒྲོམ་སློང་བར་ནུས་པ་ཧ་ཅང་ཆེན་པོ་བཏོན་པ་ཙམ་དུ་མ་ཟད། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིས་ SEE Learning སྤྱི་ཚོགས་དང་སེམས་མྱོང་གི་བསླབ་གཞིའི་ SEL ནང་ཆད་པའི་སྟོང་ཆ་ཧ་ཅང་ཆེན་པོ་ཞིག་ཁ་བསྐངས་པར་བརྟེན། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་འདི་ནི་སྤྱི་ཚོགས་དང་སེམས་མྱོང་གི་བསླབ་གཞི་ཐོན་རིམ་གཉིས་པ་ SEL 2.0 དེ་ཡིན་ཞེས་གདེང་འཇོག་ཧ་ཅང་ཆེན་པོ་གནང་ཡོད།
༡༡༽ བསླབ་གཞི་འདི་ཉིད་དར་འཕེལ་ལ་སྨན་པའི་རྒྱུ་རྐྱེན་འཕར་མ།
དེ་ལྟར་གོལ་མན་དང་། ལིན་ཌ་ Linda Lantieri། ཀིམ་བྷར་ལི་ Kimberly Schonert-Reich སོགས་སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོའི་ SEL ཀ་བ་ལྟ་བུར་གྱུར་པའི་མི་སྣ་འདི་དག་གིས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་གཏན་འབེབས་ལ་དོ་འཁུར་བླངས་པའི་ཐོག རང་ཉིད་གང་གི་ཁྱབ་ཁོངས་ནང་ཆེད་ལས་པ་ཡིན་པའི་སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོ་ཁོ་ན་དར་སྤེལ་དགོས་རྒྱུ་བའི་གུ་དོག་གི་ཞེན་ཁོག་མི་བྱེད་པར་གསར་དུ་གཏན་འབེབས་བྱུང་བའི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་དར་སྤེལ་ཡོང་རྒྱུར་སྒོ་གང་ས་ནས་འབད་པ་གནང་བ་ནི་ད་ལྟ་རྒྱལ་སྤྱིའི་ཁྱོན་དུ་དར་འཕེལ་འགྲོ་བཞིན་པའི་སེམས་ཁམས་ཡར་རྒྱས་ཀྱི་བསླབ་གཞི་གང་འཚམས་ཤིག་ཡོད་པ་དེ་དག་ཕན་ཚུན་འབྲེལ་མེད་ངང་ཁ་གྲམ་སྟེ་ནུས་པ་མཉམ་སྤུངས་མི་ཐུབ་པར་འགྱུར་ཉེན་གྱི་དཀའ་ངལ་བསལ་རྒྱུར་དགེ་མཚན་ཧ་ཅང་ཆེན་པོ་བྱུང་ཡོད་ལ། ཆེ་མཐོང་ལྡན་པའི་མི་སྣ་འདི་དག་གིས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་གཏན་འབེབས་ལ་མཉམ་ཞུགས་དང་གདེང་འཇོག་ཆེན་པོ་གནང་བ་ནི་སློབ་གསོ་འདི་ཉིད་དར་འཕེལ་ལ་སྨན་པའི་རྒྱུ་རྐྱེན་འཕར་མ་ཞིག་ཡིན།
༡༢༽ སྲས་བཅས་རྒྱལ་བ་དགྱེས་པའི་སྒྲུབ་པའི་མཆོད་པ།
བསླབ་གཞིའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཨེ་མོ་རི་གཙུག་ལག་སློབ་ཁང་གི་སློབ་དཔོན་གེ་རི་ཧོཀ་ Gary Huak གིས། ང་ཚོ་འདིར་འཛོམས་ཐུབ་པའི་རྐྱེན་གཅིག་པུ་ནི་༸གོང་ས་མཆོག་ཡིན་ཞེས་བཤད་པ་ལྟར། རྒྱལ་སྤྱིའི་ཁྱོན་དུ་སྙན་གྲགས་ལྡན་པའི་སེམས་ཁམས་ཚན་རིག་པ་དང་སློབ་གསོ་བ་ཧ་ཅང་མང་པོ་ཞིག་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་དང་དར་འཕེལ་གྱི་བྱ་བར་མཉམ་ཞུགས་ཐུབ་པ་བྱུང་ཞིང་། ཐེངས་འདིའི་ཚོགས་ཐོག་ཏུའང་རྒྱལ་ཁབ་མི་འདྲ་བ་ ༣༧ ནས་གྲགས་ཅན་སློབ་གསོ་བ་དང་ཤེས་ཡོན་གྱི་བསྟི་གནས་ཆེ་འབྲིང་ཆུང་གསུམ་གྱི་འཛིན་སྐྱོང་མི་སྣ། སློབ་ཕྲུག་སོགས་ཕྱི་ནང་གི་མི་སྣ་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་འགྲོ་བ་མིའི་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་གོང་འཕེལ་ཇི་ལྟར་གཏོང་ཚུལ་སྐོར་ཕན་ཚུན་བློ་གྲོས་བསྡུར་བའི་གོ་སྐབས་བྱུང་བ་ནི་དངོས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་འཕྲིན་ལས་ཀྱི་བྱིན་མཐུ་འབའ་ཞིག་ལ་བརྟེན་པ་ཀུན་གསལ་ཐོག རང་རེ་ཆོས་ལུགས་པ་ཞིག་གི་ངོས་ནས་བཤད་ན། སྙིགས་མའི་རང་མདངས་ཉིན་རེ་བཞིན་མངོན་མཚན་ཇེ་ཆེར་འགྲོ་བའི་དུས་མཐའ་འདི་འདྲར་སྐྱེ་འགྲོའི་སེམས་རྒྱུད་ལ་བསྟན་པའི་སྙིང་པོ་སྙིང་རྗེ་ཆེན་པོའི་ས་བོན་བསྐྲུན་པའི་རླབས་ཆེན་གྱི་བྱ་བ་འདི་འདྲ་ཞིག་སྒྲུབ་པར་ཕྱི་ནང་གི་མི་སྣ་འདི་འདྲའི་མང་པོ་ཞིག་མཉམ་འཛོམས་ཐུབ་པ་བྱུང་བ་ནི་བརྒྱུད་ནས་ཚད་མེད་སྙིང་རྗེའི་བདག་ཉིད་སྟོན་པ་བདེ་བར་གཤེགས་པའི་འཕྲིན་ལས་ཀྱི་འཇུག་པ་དུས་ཀྱི་མཐར་ཡང་ཆད་མེད་དུ་འཇུག་པའི་རྟགས་མཚན་བཟང་པོ་ཞིག་ཏུ་ཁོ་བོ་མཐོང་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོས་འགྲོ་བ་མིའི་ནང་སེམས་ཀྱི་བྱམས་བརྩེའི་ཡོན་ཏན་གོང་འཕེལ་གཏོང་བའི་མཛད་པ་འདི་ཉིད། རྗེ་བདག་ཉིད་ཆེན་པོས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པའི་ཐུགས་སྨོན་གྱི་དགོངས་པ་སྐོང་བའི་ཆ་ཤས་ཤིག་ཏུ་ཞལ་བཞེས་མཛད་པ་ལྟར། དེང་རབས་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་སྙིང་རྗེ་རྩ་བར་བྱས་པའི་མིའི་སེམས་རྒྱུད་ཀྱི་བཟང་པོའི་ཡོན་ཏན་གོང་སྤེལ་གྱི་བསླབ་གཞི་ཞིག་དབུ་འབྱེད་དང་ལག་བསྟར་འགོ་འཛུགས་ཐུབ་པ་བྱུང་བ་ནི་མཉེས་གཤིན་བྱམས་བརྩེའི་ཐུགས་ཀྱིས་འགྲོ་ཀུན་བུ་ལྟར་དགོངས་པའི་སྲས་བཅས་རྒྱལ་བ་དགྱེས་པའི་སྒྲུབ་པའི་མཆོད་པ་བླ་ན་མེད་པར་གཟུར་གནས་དཔྱོད་ལྡན་སུ་མི་འདོད།
༡༣༽ སྐྱེ་འགྲོ་ཐེག་ཆེན་གྱི་ལམ་ལ་བཀྲི་བའི་རྣམ་ཐར།
འགྲོ་ལ་གཅིག་ཏུ་ཕན་པར་དགོངས་པའི་བདག་ཉིད་ཆེན་པོ་རྣམས་ཀྱིས་སྐྱེ་འགྲོ་རྣམས་ཕན་བདེའི་ལམ་ལ་བཀྲི་བའི་ཚེ་གཟིངས་དང་ཟམ་པ་ལ་སོགས་པ་དངོས་པོའི་རྣམ་འགྱུར་སྣ་ཚོགས་སུ་སྤྲུལ་ཏེ་གནས་སྐབས་དང་མཐར་ཐུག་གི་དོན་མཛད་པ་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་ལྟར། །ཞེས་གསུངས་པ་ལྟར་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་བསྟན་ཏེ་སྲིད་པའི་འཇིགས་པ་ལས་སྐྱོབ་པ་དང་། བརྩེ་བ་སྙིང་རྗེ་ཆེན་པོའི་ལམ་བཟང་བསྟན་ཏེ་ཞི་བའི་འཇིགས་པ་ལས་སྐྱོབ་པའི་མཛད་པ་ནི་སྲས་བཅས་རྒྱལ་བ་རྣམས་ཀྱིས་བསྐལ་པ་དུ་མར་རབ་དགོངས་མཛད་པ་ལས་རྙེད་པའི་གཞན་ལ་ཕན་བདེ་སྒྲུབ་པའི་བླ་ན་མེད་པའི་ཐབས་ཚུལ་གཅིག་པུ་དེ་ཡིན་ལ། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་ནང་རྟེན་འབྲེལ་གྱི་ཆོས་ཉིད་རྨང་གཞིར་བྱས་ཏེ་བྱམས་བརྩེ་གོང་འཕེལ་གཏོང་ཚུལ་གསལ་སྟོན་མཛད་ཅིང་། དེ་ཡང་ཐོག་མར་ཕུང་པོའི་གྲུབ་ཆ་ལ་བརྟེན་པའི་མ་བུའི་བརྩེ་བ་ས་བོན་དུ་བྱས་ཏེ་དེ་ཉིད་རྒྱ་བསྐྱེད་ཀྱིས་སྐྱེ་འགྲོ་སྤྱི་ལ་ཁྱབ་པའི་བརྩེ་བའི་བར་གོང་འཕེལ་གཏོང་ཚུལ་གྱི་ཐབས་ཚུལ་བསྟན་པས། རང་རེ་ཆོས་པ་ཞིག་གི་དག་པའི་མཇལ་སྣང་དང་འབྲེལ་ནས་བཤད་ན། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་ཀྱི་མཛད་པ་འདི་ནི། གདུལ་བྱའི་ཤེས་རྒྱུད་ལ་སྙིང་རྗེ་ཆེན་པོའི་ས་བོན་བསྐྲུན་ཏེ་སྐྱེ་འགྲོ་རྣམས་ཐད་ཀར་ཐེག་པ་ཆེན་པོའི་ལམ་བཟང་ལ་བཀྲི་བར་མཛད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྨད་བྱུང་གི་སྤྱོད་ཚུལ་བླ་ན་མེད་པ་ཞིག་ཏུ་མཇལ་རྒྱུ་ཡོད། འོན་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་གཏན་འབེབས་གནང་བ་ནི། འགྲོ་བ་མི་རྣམས་ད་ལྟ་འབྱུང་བཞིན་པའི་དཀའ་ངལ་དེ་དག་ལས་རྣམ་པར་གྲོལ་ཏེ་ཞི་བདེ་ལྡན་པའི་འཇིག་རྟེན་ཞིག་ཏུ་བདེ་སྐྱིད་ལྡན་པའི་ངང་འཚོ་ཐུབ་པའི་དགོས་དམིགས་ཁོ་ནའི་ཆེད་དུ་ཡིན་པ་ལས་མི་རྣམས་ཆོས་ལུགས་པར་བསྒྱུར་རྒྱུའི་དོན་དུ་མིན་པའི་གནད་འགག་མཁྱེན་དགོས།
༡༤༽ གངས་ཅན་ཁྱད་ནོར་འཇིག་རྟེན་སྤྱི་ནོར་ལ་བསྒྱུར་བའི་མཛད་པ།
རང་རེ་བོད་མི་རིགས་ལ་ས་སྟེང་འདིར་ངོམས་སུ་ཆོག་པའི་རིན་བྲལ་གྱི་ནོར་བུ་ཞིག་ཡོད་པ་ནི་ཆོས་དང་རིག་གཞུང་གི་དཔལ་ཡོན་འདི་ཡིན་ལ། དཔལ་ཡོན་དེའི་སྙིང་པོ་ནི་རྟེན་འབྱུང་གི་ལྟ་བ་དང་བྱམས་བརྩེའི་སྤྱོད་ཚུལ་གཉིས་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོས་བྱམས་བརྩེ་རྩ་བར་བྱས་པའི་འཚེ་བ་མེད་པའི་སྤྱོད་པ་འཛམ་གླིང་ཞི་བདེ་དང་འབྲེལ་ཞིང་། རྒྱུ་འབྲས་རྟེན་འབྲེལ་རྨང་གཞིར་བྱས་པའི་རྟེན་འབྱུང་གི་ལྟ་བ་དེང་རབས་ཚན་རིག་དང་མཐུན་པར་གསུངས་པ་ལྟར། འཛམ་བུ་གླིང་པ་རྣམས་ཕན་ཚུན་འཁོན་འཛིན་དང་འགྲན་རྩོད་ཀྱི་མདའ་མཚོན་བཟུང་སྟེ་ཁྱོད་ཤི་ང་གསོན་གྱི་དམར་འཛིངས་བྱེད་པའི་དཀའ་རྙོག་ཤིན་ཏུ་ཆེ་བའི་དུས་རབས་ནང་། མགོན་པོ་གང་ཉིད་ཀྱིས་བྱམས་བརྩེ་རྨང་གཞིར་བྱས་པའི་རྨད་བྱུང་འཚེ་བ་མེད་པའི་སྤྱོད་ཚུལ་གོ་ལའི་ཁྱོན་དུ་མངོན་པར་གསལ་བར་མཛད་པས་རིས་བྲལ་སྐྱེ་རྒུས་འཇིག་རྟེན་ཞི་བདེའི་ངེས་དོན་གྱི་དེད་དཔོན་དུ་མངོན་པར་བཀུར་བར་མཛད་ཅིང་། དེའི་རྗེས་འབྲེལ་ལས་བོད་དང་བོད་མི་རིགས་ཀྱི་བྱམས་བརྩེའི་ཡོན་ཏན་གྱི་མཚན་མཐོང་གོང་ནས་གོང་དུ་འཕེལ་བའི་གོ་སྐབས་བྱུང་ལ། བཟའ་བཏུང་གི་དངོས་པོ་ཕྲན་ཚེགས་ཙམ་ཡང་འབྱུང་བཞིའི་རྒྱུ་ཚོགས་དང་རང་གཞན་གྱི་བྱེད་པོའི་རྐྱེན་སྣ་ཚོགས་ལ་བརྟེན་ནས་འགྲུབ་དགོས་པའི་རྙོག་འཛིངས་ཆེ་བའི་རྟེན་འབྲེལ་གྱི་འཇིག་རྟེན་ནང་དངོས་པོའི་གཤིས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་ཏེ་ཁྱོད་དང་ང་ཞེས་འབྲེལ་མེད་རིས་བཅད་ཀྱིས་རྒྱལ་ཕམ་འཐབ་རྩོད་བྱེད་པའི་འཛམ་བུ་གླིང་པ་རྣམས་ལ། མགོན་པོ་གང་ཉིད་ཀྱིས་སྨྲ་བ་ཟླ་མེད་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་གི་སྙིང་པོ་རྟེན་འབྱུང་གི་དོན་རང་དབང་གི་སྒོ་ནས་འདོམས་པར་མཛད་པས་གཟུ་བོར་གནས་པའི་ཚན་རིག་པས་ཀྱང་རྟེན་འབྱུང་གི་ལྟ་བར་དེང་རབས་ཚན་རིག་པའི་དཀྱིལ་འཁོར་ནང་རྐུབ་སྟེགས་ཤིག་ཐོབ་ཡོད་ཅེས་ཆེ་མཐོང་གོང་བཀུར་བྱེད་པའི་གནས་སྐབས་བྱུང་ཡོད། ད་ལྟ་ནི་བོད་མི་རིགས་ཀྱི་དཔལ་ཡོན་གྱི་སྙིང་པོ་བྱམས་བརྩེ་རྩ་བར་བྱས་པའི་འཚེ་བ་མེད་པའི་སྤྱོད་ཚུལ་དང་རྟེན་འབྱུང་ལྟོས་གྲུབ་ཀྱི་ལྟ་བ་གཉིས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིར་གཏན་འབེབས་ཀྱིས་རྒྱལ་མཚམས་དང་མི་རིགས། ཆོས་དད་སོགས་ཀྱི་དབྱེ་བ་མེད་པར་རང་ཅག་འཛམ་བུ་གླིང་པའི་རིས་མེད་སྐྱེ་འགྲོ་སྤྱིའི་བདེ་ཐབས་སུ་སྩལ་བ་ནི་གངས་ཅན་ཁྱད་ནོར་འཇིག་རྟེན་སྤྱི་ནོར་དུ་བསྒྱུར་བའི་རླབས་ཆེན་མཛད་པར་ཁོ་བོ་མཐོང་བས། བོད་མི་སྐྱབས་བཅོལ་བ་ཞིག་གིས་གཉན་འཕྲང་ཆེ་བའི་དུས་སྐབས་ནང་རང་གི་རིག་གཞུང་གི་སྙིང་པོ་རང་ངོས་ནས་སྲུང་འཛིན་བྱས་པ་ཙམ་དུ་མ་ཟད། འཇིག་རྟེན་སྤྱི་ལ་ཕན་བདེའི་ལེགས་སྐྱེས་སུ་ཕུལ་བའི་མཛད་བཟང་འདི་ཉིད་འབྱུང་འགྱུར་ལོ་ངོ་བརྒྱ་ཕྲག་གི་རྗེས་ཕྱི་རབས་པ་རྣམས་ཀྱིས་བྱུང་བ་རིག་པའི་དེབ་ཐེར་ནང་གསེར་ཡིག་གིས་འབྲི་བར་ངེས།
༡༥༽ བོད་པའི་སློབ་གྲྭ་ཁག་ཏུ་མ་བསླབས་ན་མི་འགྲིག་པའི་བསླབ་གཞི།
༸གོང་ས་༸སྐྱབས་མགོན་ཆེན་པོའི་ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་སོགས་ཐུན་མོང་ལམ་སྦྱོང་གི་མངོན་པར་རྟོགས་པའི་ཐུགས་ཀྱི་ཡོན་ཏན་དང་། གསང་བདེ་འཇིགས་གསུམ་ལ་སོགས་པའི་རྒྱུད་སྡེའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་སོགས་གསང་བ་ཟབ་མོའི་རྣམ་ཐར་ཁག་རང་ཅག་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་སྨོས་ཅི། འཇིག་རྟེན་མཐུན་སྣང་ལ་གྲུབ་པའི་རླབས་ཆེན་གྱི་དགོངས་པ་དང་རྣམ་ཐར་ཁག་ཀྱང་ཚུལ་ཇི་བཞིན་ཤེས་པ་ཞིག་མི་ཡོང་བ་མགོན་པོ་གང་གི་རྗེས་འབྲང་དུ་ཁས་འཆེས་ཤིང་གང་གི་ཐུགས་རྗེའི་གྲིབ་བསིལ་ཁོ་ནའི་འོག་རྟག་ཏུ་འཚོ་བའི་བདག་ཅག་གི་སྐྱོན་ཆ་ཆེན་པོ་ཞིག་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་བཞེད་དང་རྣམ་ཐར་ཁག་ལག་ལེན་ལ་འགེལ་ཐུབ་པའི་གདུལ་བྱ་ཡང་རབ་ཅིག་ཏུ་མ་གྱུར་ཀྱང་མ་མཐའ་དེ་དག་གི་ངོ་བོ་དང་རྣམ་དབྱེའི་སྒྲོམ་རགས་པ་ཙམ་ལ་འོལ་སྤྱིའི་གོ་བ་ཙམ་ཆགས་པ་ཞིག་ཅིས་ཀྱང་དགོས།
རང་རེ་བོད་རིགས་སུ་གཏོགས་པ་ཕལ་ཆེར་ལས་སྨོན་བཟང་པོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་དངོས་ཀྱི་གདུལ་བྱར་གྱུར་པས་གང་གི་ཆོས་སྲིད་ཀྱི་དགོངས་བཞེད་ཆེ་ཕྲ་ལག་ལེན་དང་པོར་བསྟར་བའི་འགན་བབ་ཡོད་པ་ལྟར། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིར་མཚོན་ནའང་དེའི་གཞི་ལམ་འབྲས་བུའི་རྣམ་གཞག་ཁག་དཔྱིས་ཕྱིན་པར་སྦྱངས་ཏེ་སྤྱི་ཚོགས་གཞན་དུ་དར་སྤེལ་གང་ཐུབ་གཏོང་བའི་འགན་འཁྲི་ཡོད། བར་སྐབས་༸གོང་ས་ཆེན་པོས་རང་རེའི་སློབ་གྲྭ་ཁག་ཏུ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་ངེས་པར་དུ་འཁྲིད་མི་དགོས་པའི་བཀའ་སློབ་ཕེབས་པ་ནི། ད་ལྟའི་ཆར་བོད་པའི་སློབ་གྲྭ་ཁག་ཏུ་ཆོས་ཕྱོགས་ཀྱི་སློབ་གསོ་སྤྲོད་པའི་ལག་ལེན་དང་གོ་སྐབས་ཡོད་མུས་ཡིན་ཅིང་། དེས་བོད་ཕྲུག་ཚོའི་བཟང་སྤྱོད་ཀྱི་འགན་འཁྱེར་ནུས་པའི་དབང་དུ་བྱས་པ་ཡིན། ༸གོང་ས་ཆེན་པོས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་རང་རེའི་སློབ་གྲྭ་ཁག་ཏུ་ངེས་པར་དུ་མ་འཁྲིད་ཀྱང་འགྲིག་ཚུལ་གསུངས་པ་ཡོད་ཀྱི་འཁྲིད་མི་རུང་བར་གསུངས་པ་མེད།
༡༽ རང་རེར་སྔར་ལམ་དེབ་གསལ་ཞེས་པའི་ཤོད་རྒྱུན་ཞིག་ཡོད་པ་ལྟར་གལ་ཏེ་སློབ་གྲྭ་ཁག་ཏུ་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་སློབ་གསོ་ཁག་སྔར་ལམ་ཙམ་མམ་ཆོ་ག་ཕྱག་ལེན་ཙམ་གྱི་རྣམ་པར་གྱུར་ཏེ་དེས་ནུས་པ་ཇི་བཞིན་ཐོན་པ་མ་བྱུང་ཚེ་བཟང་སྤྱོད་ཀྱི་སློབ་གསོ་གཞན་ལ་ངེས་པར་དུ་བརྟེན་དགོས་པས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་ངེས་པར་དུ་སྤྲོད་དགོས།
༢༽ ལྷག་པར་ད་ལྟའི་བསླབ་གཞི་འདིའི་ནང་ལེགས་ཉེས་བླང་དོར་གྱི་ངག་ཐོག་བསླབ་བྱ་ཙམ་མིན་པར་དེང་རབས་དང་མཐུན་པའི་བྱེད་སྒོ་མང་པོ་ཞིག་འདུས་ཡོད་པས་ཀྱང་བསླབ་གཞིའི་ནང་དོན་ཁག་སློབ་མའི་སེམས་རྒྱུད་ལ་འཇུག་པ་བདེ་བའི་ཁྱད་ཆོས་དམིགས་བསལ་ལྡན་ལ། སྐབས་རེ་སློབ་གསོ་འདི་རིགས་ལ་ཆོས་ཕྱོགས་ཀྱི་སློབ་གསོས་རྒྱུད་འཁུལ་བ་ལས་ཀྱང་མིའི་སེམས་རྒྱུད་འཁུལ་ཤུགས་ཆེ་བའི་གནས་སྐབས་ཡོང་གི་ཡོད།
༣༽ ད་ལྟའི་ཆར་བོད་པའི་སློབ་གྲྭ་ཁག་ཏུ་ནང་ཆོས་ངོ་སྤྲོད་སོགས་ཆོས་ཕྱོགས་ཀྱི་སློབ་གསོ་བྱེད་པའི་གོ་སྐབས་ཡོད་ཀྱང་། བར་སྐབས་རང་རེའི་སྤྱི་ཚོགས་སྤྱི་དང་ལྷག་པར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སློབ་གྲྭ་ཁག་གི་ལྟ་གྲུབ་སློབ་དཔོན་དང་སྤྱི་ཚོགས་ནང་ཆོས་ཕྱོགས་ཀྱི་སློབ་གསོ་གནང་མཁན་རྣམས་ཆོས་བརྒྱུད་གང་གི་ཁོངས་གཏོགས་ཡིན་མིན་གྱི་རྩོད་རྙོག་ཀླན་ཀ་ཞིག་ཡོང་མུས་དང་། མ་འོངས་པར་བོད་པའི་སློབ་གྲྭ་ཁག་ཏུ་ཆོས་ལུགས་དང་མི་རིགས་སོགས་གོམས་སྲོལ་མི་གཅིག་པའི་སློབ་ཕྲུག་སྣ་ཚོགས་ཡོང་ངེས་ཀྱི་རྒྱུ་མཚན་སོགས་ལ་བསམས་ན་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་ནི་རྩོད་གཞི་བྲལ་བའི་སློབ་གསོ་ལེགས་ཤོས་ཤིག་ཡིན་པས་བསླབ་གཞི་འདི་ཉིད་ད་ལྟ་ནས་ངེས་པར་དུ་འཁྲིད་དགོས་པ་གལ་ཆེ།
༤༽ བོད་པའི་སློབ་གྲྭ་ཁག་ཏུ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་མི་དགོས་པར་འདོད་པ་རྣམས་ཀྱི་རྒྱུ་མཚན་གཅིག་ནི། སློབ་གསོ་དེས་སློབ་ཕྲུག་གི་ཆོས་ཕྱོགས་ཀྱི་ལྟ་བ་དང་དད་མོས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་རྒྱུའི་རྣམ་རྟོག་དེ་ཡིན། བསླབ་གཞི་འདིར་ལེགས་པར་གཟིགས་ན་སངས་རྒྱས་པའི་ཆོས་ལ་དད་པ་ལྷག་པར་དུ་འཕེལ་བའི་རྐྱེན་ལས། ཆོས་ལུགས་ཀྱི་དད་མོས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་རྒྱུའི་གནས་བབ་གང་ཡང་མེད།
དེ་ཡང་ཆོས་ཕྱོགས་ནས་གསུངས་པའི་ནང་སེམས་ཀྱི་ཚད་མཐོན་པོའི་ཡོན་ཏན་རྣམས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྨང་གཞི་ལ་བརྟེན་ནས་ཡོང་དགོས་ཤིང་། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྨང་གཞི་མེད་པར་ཆོས་ཕྱོགས་ཀྱི་ཚད་མཐོན་པོའི་བཟང་སྤྱོད་རྒྱུད་ལ་སྐྱེ་བའི་གོ་སྐབས་མེད། དཔེར་ན། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིས་བསྟན་པའི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ནི་ཆོས་ཕྱོགས་ཀྱི་བདག་གཞན་མཉམ་བརྗེའི་བློ་སྦྱོང་གི་རྨང་གཞི་ཡིན་ཅིང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་མེད་པར་བདག་གཞན་མཉམ་བརྗེའི་བསམ་པ་སྐྱེ་བའི་གཞི་རྩ་ག་ལ་ཡོད།
དེ་བཞིན་དུ། ཆོས་ལ་མ་བརྟེན་པའི་བསླབ་གཞིས་བསྟན་པའི་རྒྱུན་ཤེས་ Common Sense དང་ཐུན་མོང་གི་ཉམས་མྱོང་ Common Experience སོགས་མེད་པར་ཆོས་ཕྱོགས་ནས་གསུངས་པའི་དགྲ་གཉེན་བར་མའི་སེམས་ཅན་ཀུན་ལ་དམིགས་པའི་སྙིང་རྗེ་སྐྱེ་བའི་གོ་སྐབས་ག་ལ་ཡོད། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིས་བསྟན་པའི་རང་རེའི་མཐོང་ཆོས་ཀྱི་རྟེན་འབྲེལ་རགས་པའི་གོ་བ་རྨང་གཞིར་མེད་པར་ཆོས་ཕྱོགས་ཀྱི་མིང་རྐྱང་བཏགས་ཡོད་ཙམ་གྱི་རྟེན་འབྱུང་ཕྲ་མོའི་གོ་བ་ཇི་ལྟར་རྙེད་ནུས། མདོར་ན། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིས་བསྟན་པའི་བཟང་པོའི་ཡོན་ཏན་རྣམས་ནི་ཆོས་ཕྱོགས་ཀྱི་ཚད་མཐོན་པོའི་བཟང་སྤྱོད་ཀྱི་ཡོན་ཏན་གོང་འཕེལ་གཏོང་བའི་རྨང་གཞིའི་ས་བོན་ཡིན་པས། ས་བོན་ལ་གཅེས་པར་བཟུང་བས་མྱུ་གུ་མི་སྐྱེ་བའི་ལོག་རྟོག་འདི་འདྲ་ཤེས་ཡོན་ཅན་དུ་ཁས་འཆེ་བའི་གང་ཟག་གི་རྒྱུད་ལ་སྐྱེ་རྒྱུ་ཞིག་མིན་ཡང་། དེང་སྐབས་འདི་ལྟ་བུའི་ལོག་རྟོག་རྒྱུད་ལྡན་རེ་ཟུང་འབྱུང་བ་ཡ་མཚན་དངོས་བྱུང་གི་མཚན་གཞིར་འཛིན་རུང་།
༸གོང་ས་༸སྐྱབས་མགོན་ཆེན་པོས་ཀྱང་། འགྲོ་བ་མི་ཀུན་ལ་ཁྱབ་ཐུབ་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་མེད་པར་ཆོས་པ་ཞིག་ཏུ་ནམ་ཡང་འགྱུར་མི་ཐུབ་པ་དང་། ནང་པའི་དགེ་ཚུལ་སློང་རྣམས་ཀྱིས་ཀྱང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཉམས་ལེན་བྱེད་དགོས་ཤིང་། མགོན་པོ་གང་ཉིད་ཀྱིས་ཀྱང་དེ་ལྟར་ཉམས་བཞེས་ཀྱིས་གཞན་ལ་དེ་མཚུངས་ཉམས་ལེན་བྱེད་དགོས་པར་གསུང་བ་ལས། རང་ངོས་ནས་ཉམས་ལེན་མི་བྱེད་པར་གཞན་ལ་ཉམས་ལེན་བྱེད་དགོས་པར་གསུང་གི་མེད་སྐོར་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༣ ཉིན་བཞུགས་སྒར་གཙུག་ལག་ཁང་དུ་ནན་ཏན་གྱིས་བཀའ་སྩལ་བ་ད་ལྟ་ཡང་སྒྲ་བརྙན་གཉིས་ཀར་མཇལ་རྒྱུ་ཡོད།
༥༽ རང་རེའི་སློབ་གྲྭ་ཁག་ཏུ་འཚར་ལོངས་ཡོང་བཞིན་པའི་གཞོན་སྐྱེས་རྣམས་ནི་འབྱུང་འགྱུར་བོད་མི་རིགས་ཀྱི་ངོ་ཚབ་མཚོན་མཁན་གྱི་མི་སྣ་ཁག་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་བཞེད་ཁག་རང་རྒྱུད་ལ་རྒྱུན་འཛིན་དང་གཞན་རྒྱུད་ལ་འགྲེལ་བརྗོད་བྱེད་མཁན་གྱི་མི་སྣ་ཡང་འདི་དག་གི་ཁྲོད་ནས་འཐོན་དགོས། ཁོ་བོར་མཚོན་ན་འབྱུང་འགྱུར་བོད་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོའི་འཇིག་རྟེན་སྤྱི་སྨན་གྱི་མཛད་སྤྱོད་དང་རྣམ་ཐར་ཁག་མགོ་སེར་པོ་དང་མིག་ལྗང་ཁུའི་དྲུང་ནས་ཉན་དགོས་པའི་གནས་སྐབས་ཤིག་མ་བྱུང་ན་སྙམ་དུ་རེ་སྨོན་བྱེད་མཁན་ཞིག་ཡིན། དེས་ན་རླབས་ཆེན་གྱི་དགོངས་པ་ཁག་རང་གིས་ཉམས་སུ་ལེན་པ་དང་གཞན་ལ་འགྲེལ་བརྗོད་བྱེད་པ་ལ་ཐོག་མར་ཐོས་བསམ་གྱི་ལམ་ནས་ཤེས་དགོས་ཤིང་། དེ་ལྟར་ཤེས་པ་ལ་སློབ་གྲྭ་ཁག་ཏུ་སྦྱང་དགོས་པ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོས་ད་ལྟའི་འཇིག་རྟེན་ནང་ཛ་དྲག་གི་དགོས་མཁོར་གཟིགས་ཤིང་ཆོས་དང་འཇིག་རྟེན་གྱི་ལམ་སྟོན་མཛད་སྐབས་ཀུན་ཏུ་མ་གསུངས་པ་མེད་པའི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ནི་དེ་བས་ཀྱང་འབྱུང་འགྱུར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རྗེས་འབྲང་པར་ཁས་འཆེ་བར་འགྱུར་བ་རྣམས་ཀྱིས་སྦྱངས་ཏེ་ཤེས་དགོས་པ་ཞིག་ཡིན།
ཞིབ་ཏུ་བསམས་ན་༸གོང་ས་༸སྐྱབས་མགོན་ཆེན་པོས་མདོ་རྒྱུད་ཀྱི་གཞུང་ཆེན་མོའི་བཤད་པ་མཛད་པའི་སྐབས་སུ་ཡང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་ཡང་ནས་ཡང་དུ་བསྐྱོན་བཞིན་པ་ནི་ཁོ་བོ་ལྟ་བུ་ཆོས་ལུགས་པར་བརྫུས་ཀྱང་དོན་དམ་ཆོས་ཕྱོགས་ཀྱི་བཟང་པོའི་ཡོན་ཏན་ལྟ་ཞོག ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཡོན་ཏན་ཡང་ཚད་ལོངས་པ་ཞིག་མེད་པ་རྣམས་དངོས་བརྒྱུད་ཅི་རིགས་ནས་བཟང་པོའི་ལམ་ལ་ཁ་དྲང་བའི་དོན་དུ་ཡིན་པས་དེང་རབས་ཀྱི་སློབ་གྲྭ་ལྟ་ཅི་དགོན་སྡེ་ཁག་ཏུ་ཡང་བསླབ་གཞི་འདི་ཉིད་གལ་ཆེར་བཟུང་སྟེ་བསླབ་དགོས་པར་སྣང་།
དེ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོས་གཞུང་ཆེན་ལ་སློབ་གཉེར་མཛད་པའི་དགེ་ཚུལ་སློང་འདུས་པའི་ཆོས་ཀྱི་འདུ་རར་མདོ་རྒྱུད་ཀྱི་གཞུང་འཆད་པའི་ཚེ་ཡང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སོགས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གསོ་ནན་ཏན་ཏུ་གསུང་བ་རྟག་ཏུ་རང་རེའི་མཇལ་སྣང་ལ་གྲུབ་པ་འདི་ལྟ་ན། ཆོས་ཕྱོགས་ཀྱི་སློབ་གསོ་ལྡང་ངེས་མེད་པའི་བོད་པའི་དེང་རབས་སློབ་གྲྭ་ཁག་ཏུ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ནི་ལྷག་པར་དུ་ཡང་འཁྲིད་དགོས་པ་ཡིན།
ཞིབ་པར་བསམས་ན་རང་རེ་མི་རྣམས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་འབའ་ཞིག་ལ་བརྟེན་ནས་སྲོག་འགོ་ཐོན་པ་ཤ་སྟག་ཡིན་ཏེ། ཐོག་མར་ཕ་མ་གཉིས་ཕན་ཚུན་ཆོས་ལ་མ་བརྟེན་པའི་བརྩེ་བས་འདུས་ཤིང་། དེ་ནས་ཟླ་དགུ་ངོ་བཅུའི་རིང་ཆོས་ལ་མ་བརྟེན་པའི་བརྩེ་བས་མངལ་དུ་བཟུང་ལ། སྐྱེས་ཏེ་ནུ་ཞོ་བསྣུན་པའི་སྐབས་ནས་མ་ཤིའི་བར་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ལ་བརྟེན་ནས་འཚོ་དགོས། མ་བུའི་བར་གྱི་བྱམས་བརྩེ་དང་ཡིད་ཆེས་ཀྱི་བཟང་སྤྱོད་འདི་སྟོན་པ་བཅོམ་ལྡན་འདས་ཀྱི་བསླབ་བྱར་བརྟེན་པ་མིན་ལ། ཡེ་ཤུ་དང་ཁ་ཆེའི་སྟོན་པས་གནང་བའི་བསླབ་བྱ་ཡང་མིན་པར་རང་གི་ཕུང་པོའི་གྲུབ་ཆ་དང་འབྲེལ་ནས་བྱུང་བ་ཞིག་ཡིན། འདི་ལ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་བརྗོད།
ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ནི་ངེས་པར་དུ་སློབ་གྲྭའམ་སྒྲིག་འཛུགས་ཤིག་གི་ནང་དཔེ་དེབ་ཅིག་ལ་བརྟེན་ནས་བསླབ་དགོས་པ་ཞིག་ཀྱང་མིན། དཔེར་ན། ཆུ་དང་གློག བཟའ་བཏུང་དང་གྱོན་ཆས་སོགས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ལོངས་སྤྱོད་ཀུན་ལ་དགོས་མཁོ་ལས་བརྒལ་ཏེ་རྒྱས་སྤྲོས་མི་བྱེད་པར་ཚུལ་མཐུན་འོས་འཚམས་ཀྱིས་བེད་སྤྱོད་བྱེད་པའི་རྒྱུན་ཤེས་དེ་ཡང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཡིན།
༡༦༽ དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་ཀྱང་སྦྱང་དགོས་པའི་བསླབ་གཞི།
མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ། ཞེས་དང་། རྗེ་བཙུན་བྱམས་པས། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །ཞེས་གསུངས་པ་ལྟར་རིགས་ཅན་གསུམ་ལ་སོགས་པའི་གཞན་དོན་སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་རང་དོན་དུ་ཉན་རང་གི་ལམ་ལ་སློབ་པའི་དགོས་པ་མེད་ཀྱང་གཞན་དོན་སྒྲུབ་པའི་ཐབས་སུ་ཉན་རང་གི་ལམ་ལ་ཤེས་བསྐྱེད་རྫོགས་གསུམ་བྱེད་དགོས་པར་གསུངས་པ་ལྟར། རང་དོན་དུ་ཆོས་ཕྱོགས་ཀྱི་བཟང་པོའི་ཡོན་ཏན་བླ་ན་མེད་པ་དང་བཅས་ཀྱང་། ཆོས་ཁས་ལེན་མིན་དང་ཆོས་ལུགས་མི་འདྲ་བའི་གདུལ་བྱ་རིས་མེད་ཀྱི་དོན་མཛད་པའི་འདུན་པ་དང་བཅས་པ་ཞིག་ཡིན་ན་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞིའི་ནང་དོན་ཁག་ཤེས་པར་བྱ་རྒྱུ་ནི་འགྲོ་དོན་ཕྱོགས་མེད་དུ་རྒྱས་པའི་ཐབས་ཚུལ་བླ་ན་མེད་པ་ཞིག་ཡིན།
རང་རེའི་དགོན་སྡེ་ཁག་ཏུ་ད་ལྟ་འཆད་ཉན་ལ་གཞོལ་བའི་སློབ་གཉེར་བ་རྣམས་ནི་ད་ལྟ་དང་འབྱུང་འགྱུར་སངས་རྒྱས་པའི་ཆོས་ཚུལ་འཇིག་རྟེན་འདིའི་ཐོག་འགྲེལ་བརྗོད་ཀྱིས་དར་སྤེལ་བྱེད་མཁན་གྱི་གྲས་ཡིན་ལ། ཆོས་ལ་མ་བརྟེན་པའི་བཟང་པོའི་བྱ་བར་བརྟེན་ནས་འཇིག་རྟེན་ལ་ཕན་བདེ་སྒྲུབ་མཁན་གྱི་གྲས་ཡིན་པས། རྒྱལ་བསྟན་དར་སྤེལ་དང་འཇིག་རྟེན་ལ་ཕན་བདེ་སྒྲུབ་པའི་མིག་དཔེ་གཅིག་པུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་པ་དང་མཐུན་པར་རླབས་ཆེ་ལ་ས་ཆོད་ཆེ་བའི་བྱ་བ་སྒྲུབ་མཁན་ཞིག་ཡིན་ན་མགོན་པོ་གང་གི་རླབས་ཆེན་དགོངས་བཞེད་ཁག་ལེགས་པར་སྦྱངས་ཏེ་ཇི་ཙམ་ཐུབ་ཚོད་ཀྱིས་ལག་ལེན་ལ་འཁེལ་བ་ཞིག་ཅིས་ཀྱང་དགོས་པའི་གནད་ལ་བསམས་ཀྱང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་ནི་ངེས་པར་དུ་སྦྱང་དགོས་པའི་གཞུང་ལུགས་ཤིག་ཡིན།
༡༧༽ འཇིག་རྟེན་གཅེས་ནོར་དུ་གྱུར་པའི་བླ་ན་མེད་པའི་ཕྱག་རྗེས།
གནའ་བོའི་ཆོས་ལུགས་པ་དང་ལྟ་གྲུབ་སྨྲ་བ། ཚན་རིག་པ་གྲགས་ཅན་ཁག་གིས་འཇིག་རྟེན་འདིའི་ཐོག་ཡོངས་ཁྱབ་ཀྱིས་ཆེ་མཐོང་ངོས་འཛིན་ཐོབ་པའི་ལྟ་བ་དང་གྲུབ་མཐའ། ལམ་སྲོལ་སོགས་ཀྱི་རྣམ་གཞག་གཏན་འབེབས་མཛད་མྱོང་བ་ལྟར། སྔ་འགྱུར་རྫོགས་པ་ཆེན་པོའི་སེམས་རིག་ཤན་འབྱེད་ཀྱི་ཟབ་གནད་དང་ཕྱི་འགྱུར་གསང་བ་འདུས་པའི་སྟོང་བཞིའི་རྣམ་གཞག་དབར་གཅིག་ཕན་གཅིག་གྲོགས་སུ་འགྲོ་བའི་ཟབ་གསང་ཆོས་ཕྱོགས་ཀྱི་གདམས་ངག་ནས་བཟུང་། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སོགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོས་འཇིག་རྟེན་འདིའི་གཅེས་ནོར་དུ་འཇོག་པར་མཛད་པའི་ཕྱག་རྗེས་བླ་ན་མེད་པའི་གྲས་ཡིན་པས་དེང་སྐབས་ཨ་འེན་སི་ཊེན་ Einstein གྱི་ལྟོས་གྲུབ་ལྟ་བ་ལ་སོགས་པར་ཆེ་མཐོང་ངོས་འཛིན་ཤུགས་ཆེ་བྱེད་སྲོལ་ལྟར་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་དུ་མའི་རྗེས་ཕྱི་རབས་པ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་བཞེད་ལ་ད་ལྟ་ལས་ལྷག་པའི་ཆེ་མཐོང་དང་རིན་ཐང་ཁྱད་པར་ཅན་མཐོང་བའི་གོ་སྐབས་ཡོང་ངེས།
ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤། ༥། ༦ བཅས་སུ་ལྡི་ལིའི་ Andaz མགྲོན་ཁང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཚོགས་པའི་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་དབུ་འབྱེད་ཀྱི་ཚོགས་འདུའི་སྐོར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སོགས་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ལམ་ཁག་གིས་དོ་སྣང་ཧ་ཅང་ཆེན་པོའི་ཐོག་འབྲེལ་ཡོད་གནས་ཚུལ་ལས་བརྩམས་པའི་གསར་འགྱུར་དང་བགྲོ་གླེང་སོགས་བརྒྱུད་བསྒྲགས་ཤུགས་ཆེ་བྱུང་བ་བསྔགས་འོས་སུ་མཐོང་མོད། རང་རེའི་ཤེས་ལྡན་པ་རྣམས་ཀྱིས་རླབས་ཆེན་གྱི་བྱ་བ་འདིའི་སྐོར་ཆེ་མཐོང་ངོས་འཛིན་ནམ་ལེགས་ཉེས་ལྟ་ཚུལ་གྱི་དཔྱད་པ་ངེས་པར་གནང་འོས་སུ་མཐོང་ཡང་ད་ལྟའི་བར་བསམ་ཚུལ་ཡིག་རིས་སུ་བཀོད་པ་མ་མཐོང་། ཁོ་བོ་ཤེས་ཡོན་ཅན་གྱི་གྲས་སུ་མ་གཏོགས་ཤིང་དེང་རབས་ཞིབ་འཇུག་པའི་དཔྱད་ཐབས་རིགས་ལམ་སོགས་གང་ཡང་མེད་ཀྱང་། རླབས་ཆེན་གྱི་བྱ་བ་འདིར་བསམ་ཚུལ་ཞིག་ངེས་པར་འདོན་དགོས་ངེས་སུ་མཐོང་སྟེ་ཆོས་ལུགས་པ་ཞིག་གི་དད་མོས་དང་འབྲེལ་བའི་ལྟ་ཚུལ་ལ་དེང་རབས་པར་ཁས་འཆེ་བ་རྣམས་ཐུགས་མི་མགུ་བའི་མཐོང་ཚུལ་འབྱུང་ངེས་ལ་ཇི་མི་སྙམ་པར་བསམ་ཚུལ་འདི་དག་ཡི་གེར་འགོད་པ་པོ་ནི་དགེ་བཤེས་འཇིགས་མེད་བློ་གྲོས་ཏེ། འདིའི་དགེ་རྩ་ཕྲ་མོ་རང་གཞན་སྐྱེ་འགྲོ་རྣམས་ཞི་བདེའི་ལམ་ལ་འཇུག་པའི་རྒྱུར་གྱུར་ཅིག །
ཆ་ཚང་ཀློག་མ་ཚར། ག་ལེར་ཡིན་ད་
བསླབ་གཞི་འདིའི་ནང་ས་སྐྱའི་ལེགས་བཤད་དང་དགེ་ལྡན་ལེགས་བཤད་སོགས་མི་ཆོས་སྟོན་པའི་གཞུང་ལུགས་དེ་ཚོའི་ནང་མ་བསྟན་པའི་རིགས་གང་དང་གང་ཡོད་གསལ་ཁ་བཏོན་ན་ལེགས།
དགེ་བཤེས་འཇིགས་མེད་བློ་གྲོས་མཆོག་ནས་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་
ཆེན་པོ་མཆོག་གི་དགོངས་གཞི་ལྟར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་རྩོམ་
ཡིག་ཞིག་བྲིས་མཛད་འདུག་པ་དེ་་་ཆ་ཚང་ཀློག་ཐུབ་མ་སོང་བ་རིམ་པས་ཀློག་གི་ཡིན།
ཡག་པོ་མ་ཀློག་གོང་ནས་གཟི་བརྗིད་ཉམས་ལྡན་བྲོ་བ་ཆེན་པོ་ཞིག་འདུག་པ་རྩོམ་ཡིག་གི་
དྲི་མས་ཀྱང་གསལ་རྟོགས་ཐུབ་སོང་་གང་ཉིད་ལ་བཀྲིས་བདེ་ལེགས་ཞུ་བ་མ་ཚད་་
ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང། སྐུ་ཚེ་རིང།
སྐྱག་པ་ཟོས་མཁན་རང་རེད་ཡ་་་་་
ཧ་ཧ་ཧ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད།
སེར་བྱེས་བྲག་རིགས་བླ་མ་རྩྭ་མེད་ཀྱི།
སྟོན་འདུག་ཡ་དངོས་གནས་ཡག་མོ་རེད།
ཞབས་འདྲེན་ཞུ་མཁན་བླ་མ་རྩ་ཆེ་འདོད་ཆེན།
གྲྭ་ས་ཡོད་དུས་གྲྭ་རྟ་ཞོན་དེ་ཞབས་འདྲེན་ལུང་པ་གང་།
དགེ་ཕྲུག་f ལ་འདོད་སྤྱོད་ཚད་ལས་ལ་རྒལ་བ་དང་གཅིག
རྡ་ས་ལམ་བར་བུད་མེད་ལ་ཆགས་སྤྱོད་བྱེད་པ་གཉིས་དེས།
ཁོ་རང་བླ་མ་རྫུན་མ་ཞིག་དང་གྲྭ་པ་ཞབས་འདྲེན་པ་ཞིག་ཡིན་པ་སྟོན།