བློ་བཟང་རིན་ཆེན།
སྔོན་གླེང་།
དེ་རིང་ཞོགས་པར་ཆུ་ཚོད་བདུན་པར་ཡར་ལངས་ནས། ཁ་ལག་བཀྲུས། ཤམ་ཐབས་གྱོན། ཁ་ཐམ་བརྒྱབ་ནས་ཚོད་མ་བཙོང་སར་སོང་། ཚོད་མ་བཙོང་སའི་ལས་བྱེད་པདྨ་བཀྲ་ཤིས་དང་དབང་འདུས་གཉིས་ཀྱིས། བག་ལེབ་སྟེང་ལ་སྒོ་ང་སྲེག་མ་སྦྱར་ནས་ཞོགས་ཟས་ཞིམ་ཐག་ཆོད་ཅིག་བཟོས་པ་དེ་ལ། ང་ཚོས་གཏམ་གླེང་འདྲ་མིན་བྱེད་བཞིན་རོལ་མྱོང་བྱས། དེ་ནས་ཆུ་ཚོད་བརྒྱད་པ་ལ་ཟིན་པར་ཉེ་སྐབས། ཚོད་མ་ཚོང་ཁང་གི་སྒོ་ཕྱེས་ནས་ཚོད་མ་བཙོང་པ་ཡིན། གྲྭ་པ་རྒན་གཞོན་མང་པོ་འཚང་ཁ་ཤིག་ཤིག་གིས་ཚོད་མ་ཉོ་བར་ཡོང་བཞིན་འདུག ཅུང་ཙམ་ཡིད་མ་བདེ་བ་ཞིག་ལ་གཞིས་ཆགས་བུད་མེད་ཁ་ཤས་ཡོང་ནས་ཚོད་མ་ཉོ་གྲབས་བྱེད་སྐབས། དེ་གའི་ལས་བྱེད་པ་ཚོས་ཁོ་ཚོར་ཚོད་མ་མ་བཙོང་བར་ཕྱི་ལོགས་སུ་ཕུད་སོང་། ཁོ་ཚོས་ངག་ནས་ལྡབ་ལྡིབ་སྨྲ་ཞོར་ཡིད་ཆད་པའི་རྣམ་འགྱུར་དེས་ང་ལ་ཅུང་ཙམ་མ་སྐྱིད་པ་བྱས། དེ་ནི་ལས་བྱེད་པ་ཚོས་བསམ་གནག་བྱས་པ་མ་ཡིན་པར། ནད་ཡམས་ཀྱི་རྐྱེན་པས་འབྲས་སྤུངས་ནང་ཁུལ་མ་གཏོགས་བཙོང་མི་ཆོག་པའི་སྒྲིག་གཞི་བཟོས་ཡོད་པས་རེད། གནས་ཚུལ་དེ་གསལ་པོ་ཤེས་ན་ཕྱོགས་གཉིས་ཀར་ཁག་མེད་པ་ཞིག་རེད། དེ་ལྟར་ཡུད་ཙམ་གྱི་སྣང་བ་ལས་མ་བྱུང་བར་ཆུ་ཚོད་བཅུ་གཅིག་ཟིན་ཏེ་སྔ་དྲོའི་ལས་ཀ་ཚར་སོང་།
དེ་ནས་འཚིག་ཇ་ཁང་ལ་ཡོང་སྟེ་རྡོ་རྗེ་དང་མི་འགྱུར་ངེད་ཚོས་རྩོད་པ་བྱེད་ཞོར་ཉིན་གུང་གི་ཟ་མ་བཟས། དེ་ནས་ངས་འཚིག་ཇ་ཕོར་གང་འཁྱེར་ནས་ཤག་ལ་ལོག ཁ་པར་དུ་ངོ་དེབ་དང་སྐད་འཕྲིན་གྱི་རྒྱབ་མདུན་ལ་ཅུང་ཙམ་ལྟ་དུས། ཁ་སང་གྲོགས་པོ་ཤེས་རབ་དང་ལྷན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཅེས་པའི་དཔེ་དེབ་འདི་ལ་ལ་མཉམ་ལྟ་བྱེད་པའི་འཆར་གཞི་བསྒྲིགས་པ་ཡིད་ལ་དྲན་ནས་དཔེ་དེབ་འདིའི་འགོ་ནས་ཅུང་ཙམ་བཀླགས་ཁུལ་བྱས།
ཁོ་བོས་ཕྱག་དེབ་འདི་ཀློགས་ཞོར་བཀླགས་བྱང་ཞིག་ཀྱང་འབྲི་རྩིས་ཡོད། དེ་ནི་དཔེ་དེབ་འདིའི་བརྗོད་བྱ་སེམས་ངོར་ངེས་ཕྱིར་དང་། རང་གི་རྩོམ་རྩལ་གོང་འཕེལ་དུ་གཏོང་སླད་ཡིན། ད་དུང་ཁོ་བོས་བྲིས་པའི་བཀླགས་བྱང་འདིས་རང་དང་སྐལ་བ་མཉམ་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་ལ། བོད་ཀྱི་སྐད་དང་ཡི་གེར་དོ་སྣང་ཡོང་བའི་དགེ་མཚན་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དཔེ་དེབ་ཁག་ལ་རྒྱུས་ལོན་བྱ་ཐུབ་པའི་ནུས་སྟོབས་དཔག་མེད་ཅིག་ཡོད་ཅེས་བརྗོད་ན་ཐལ་མི་ཆེའོ།།
དཔར་བསྐྲུན་གསལ་བཤད།
དེ་རིང་ལས་ཀ་ཡོད་པས་དཔེ་དེབ་འདིའི་དཔར་བསྐྲུན་གསལ་བཤད་དང་། བསྒྱུར་བ་པོའི་གཏམ། ཐུགས་རྗེ་ལེགས་གསོལ་ཞེས་པའི་ཚན་པ་གསུམ་སྟེ་ཤོག་ལེབ་ལྔ་ཙམ་བཀླགས་པ་ཡིན། དཔེ་དེབ་འདི་ནི་ ཕྱི་ལོ་༢༠༡༡ལོར་<< གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་>>ཞེས་པའི་དཔེ་དེབ་ཀྱི་ལྷན་ཐབས་སུ་དབྱིན་ཡིག་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བ་ཞིག་རེད། ཕྱི་ལོ་༢༠༡༣ལོར་ཚེ་རིང་ནོར་བུ་ལགས་ཀྱིས་བོད་བསྒྱུར་བྱས་ནས། ང་དང་ང་ལྟ་བུ་དག་ལ་མཛེས་སྡུག་ཕུན་སུམ་ཚོགས་པའི་ཤེས་རིག་གི་སྐྱེད་ཚལ་ཞིག་ལོངས་སྤྱོད་དུ་གནང་པ་རེད།
དཔེ་དེབ་འདི་སྔོན་མར་ལན་གཅིག་བཀླགས་མྱོང་ཡང་། བརྗོད་བྱ་རྣམས་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་བདག་གི་ཡིད་ངོར་ཅུང་ཙམ་ཡང་ལྷག་མི་འདུག་པས་ཇི་བཞིན་བརྗོད་པར་ག་ལ་སྤོབས། འོན་ཀྱང་དཔར་བསྐྲུན་གསལ་བཤད་དང་མཁས་དབང་ཐུབ་བསྟན་སྦྱིན་པ་གཉིས་ལས་རྒྱུས་ལོན་བྱུང་བ་ལྟར་ན། དཔེ་དེབ་འདི་ནི་<< གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་>>ཞེས་པའི་དཔེ་དེབ་དེའི་ལྷན་ཐབས་དང་། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་འཛམ་གླིང་ཡོངས་ཁྱབ་ཀྱི་བཟང་འགྲོ་བ་མིའི་གཞི་རྩའི་རིན་ཐང་ངམ། བཟང་སྤྱོད་གོང་འཕེལ་གཏོང་ཐབས་སུ་ཆེད་དུ་དམིགས་ནས་ལྗགས་རྩོམ་གནང་བ་ཞིག་རེད།
དེའང་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ནི་ལུང་རྐྱང་གིས་སྒྲུབ་པ་ལྟ་བུ་མ་ཡིན་པར། འགྲོ་བ་མི་ཐུན་མོང་གི་རྒྱུན་ཤེས་དང་། ཉམས་མྱོང་། ཕྱོགས་སུ་མ་ལྷུང་པའི་ཚན་རིག་གི་དཔྱད་འབྲས་བཅས་གཞི་ལ་བཞག་སྟེ་རྒྱུ་མཚན་ཤེས་པ་དང་། གོ་རྟོགས་སད་པའི་སྒོ་ནས་ལག་བསྟར་དགོས་པའི་གསལ་བཤད་དང་སྒྲུབ་བྱེད་དཔེ་མཚོན་སོགས་ཤིན་ཏུ་བློ་ངོར་འཇུག་བདེ་བ་ཞིག་ཡིན་ཞེས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་འདུག
ད་དུང་དེབ་འདིར་ཕྱི་རྒྱལ་བ་མང་པོ་ཞིག་གིས་ཆོས་ལུགས་ཀྱི་མཚམས་འདས་པ་ཞེས་པའི་ཐ་སྙད་དེར། འགྲེལ་བཤད་དང་གོ་བ་ཕྱིན་ཅི་ལོག་པ་ཞིག་ལེན་གྱི་ཡོད་པ་དེ་ལ་གསལ་བཤད་དང་། སྙིང་རྗེ་དང་ཆགས་སེམས་ཀྱི་ཁྱད་པར། འགྲོ་བ་མི་གཅིག་གྱུར་གྱི་རང་བཞིན་སོགས་ཀྱི་བཀའ་སློབ་ལྷུག་པོར་གནང་ཡོད་པ་མཁས་དབང་ཐུབ་བསྟན་སྦྱིན་པར་བཅར་འདྲི་བྱས་པ་ཞིག་ལས་མཐོང་ཐོས་བྱུང་།
བསྒྱུར་བ་པོའི་གཏམ།
དཔེ་དེབ་འདི་བོད་ཡིག་ཏུ་སྒྱུར་མཁན་གྱི་མིང་ལ་ཚེ་རིང་ནོར་བུ་ཟེར་ཞིང་། དཔེ་དེབ་འདི་བོད་སྒྱུར་བྱེད་སྐབས། བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་དང་ཉམས་ཞིབ་སྡེ་ཚན་གྱི་ཁོངས་མི་ཞིག་ཡིན་པ་གསལ། ད་ནི་དཔེ་དེབ་འདི་བསྒྱུར་ནས་ལོ་ངོ་ཧྲིལ་པོ་བདུན་སོང་ཟིན་པ་ན། ཚེ་རིང་ནོར་བུ་ལགས་ཀྱིས་སྔར་ལས་ལྷག་པའི་ཉམས་མྱོང་དང་གོ་རྟོགས་ཀྱིས་ཕྱུག་སྟེ་བོད་ཀྱི་དཔེ་མཛོད་ཁང་ནས་ལས་ཀ་གཉེར་མུས་ཡིན་པ་གོ
ཐོས་བྱུང་།
བསྒྱུར་བ་པོའི་གཏམ་ཞེས་པའི་ཚན་པ་འདིར་(beyond religion ethics for a whole world ) ཞེས་པའི་དབྱིན་ཡིག་གི་མཚན་བྱང་འདི་ལ་གོ་བ་ལེན་སྟངས་དང་བསམ་ཚུལ་མི་འདྲ་བ་མང་པོ་བྱུང་བས། ཚེ་རིང་ནོར་བུ་ལགས་སོམ་ཉིའི་དྲ་བར་ཚུད་ཅིང་། མཐར་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལམ་སྟོན་ལྟར་དགའ་ལྡན་ཕོ་བྲང་གི་ཡིག་ཚང་བརྒྱུད་ནས་༧གོང་ས་མཆོག་ལ་བཀའ་འདྲི་ཞུ་བའི་སྐལ་བ་བྱུང་བར་བརྟེན། <<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཅེས་པ་འདི་དཔེ་དེབ་འདིའི་མཚན་བྱང་ལ་གནང་བས་དགའ་སྤོབས་ཚད་མེད་སྐྱེས་ཞེས་བྲིས་འདུག
དཔེ་དེབ་འདི་ནི་དགེ་བཤེས་ལྷག་རྡོར་ལགས་ཀྱི་དབྱིན་ཡིག་གཤིབ་བསྡུར་གྱི་ལམ་ནས་ཞུ་དག་ནན་ཏན་གནང་བ་དང་། ན་ག་སངས་རྒྱས་བསྟན་དར་སོགས་མང་པོ་ཞིག་གིས་ཞུ་དག་བྱས་པ་དང་། བསྒྱུར་བ་པོ་རང་ཉིད་ཀྱིས་སྔ་ཕྱིར་དཔེ་སྡུར་མང་པོ་བྱས་པའི་གྲུབ་དོན་ཞིག་ཡིན་དུས། བྱིས་པ་ལོ་བརྒྱད་ཅིག་གིས་བསྒྱུར་བ་ལྟ་བུའི་བཙན་བྱོལ་གྱི་འགྱུར་དེབ་དག་ལས་འདི་ལེགས་པར་ཡིད་ཆེས་རི་རབ་ལས་མཐོའོ།།
ཐུགས་རྗེ་ལེགས་གསོལ།
ཐུགས་རྗེ་ལེགས་གསོལ་དུ་མཁས་དབང་ཐུབ་བསྟན་སྦྱིན་པ་དང་། དེ་མིན་གྱི་དཔེ་དེབ་འདིའི་རྩོམ་སྒྲིག་ཐད་འགན་ཁུར་བྱེད་མཁན་གྱི་འབྲེལ་ཡོད་ཚང་མ་ལ་ཐུགས་རྗེ་ལེགས་གསོལ་ཞུས་འདུག ཐུབ་བསྟན་སྦྱིན་པ་ལགས་ནི་ཀུན་གྱིས་ཤེས་གསལ་ལྟར་གནའ་དེང་གི་ཤེེས་ཡོན་ཁོང་དུ་ཆུད་པའི་མཁས་དབང་ཞིག་རེད། ཁོང་ནི་ཆེ་རློམ་དང་རྫིག་ཉམས་སྟོན་པར་ཁྱོན་ནས་མི་མཉེས་པའི་སྐུ་མདུན་གྱི་གསུང་བསྒྱུར་བ་ཞིག་རེེད། ༧གོང་ས་མཆོག་ཕྱི་རྒྱལ་དུ་ཕེབས་ནས་གསུང་ཆོས་གནང་སྐབས། ཐུབ་བསྟན་སྦྱིན་པ་ནི་གུས་ཞབས་དང་འཛུམ་གྱིས་ཕྱུག་པའི་སྣེ་ཤན་པ་ཡག་ཤོས་ཤིག་རེད། ཁོང་གིས་གསུང་བསྒྱུར་བྱེད་སྐབས། དགའ་སྤྲོ་འཕེལ་བའི་གདོང་གི་འཛུམ་མདངས་དང་། ཡིད་ཆེས་འཕེལ་བའི་ལུས་ཀྱི་གུས་ཞབས་དེས་སྐུ་མདུན་གྱི་གསུང་ལ་སྔར་ལས་ལྷག་པའི་གཟི་བརྗིད་ལྷག་མ་ཞིག་བྱིན་པའི་སྣང་བ་ཡང་ཡང་བྱུང་མྱོང་།
ང་ཚོས་འཛམ་གླིང་འདི་ཞག་མ་གཅིག་གི་ནང་ལ་འགྱུར་བ་གཏོང་མི་ཐུབ་པ་མ་ཟད། འདི་ལྟ་བུའི་ཆེད་རྩོམ་ཐུང་ཐུང་ཞིག་བྲིས་པས་འགྱུར་བ་གཏན་ནས་གཏོང་མི་ཐུབ། འོན་ཀྱང་འགྱུར་ལྡོག་ནི་ཤེས་ཡོན་གྱི་གོ་རྟོགས་ཆེ་རུ་ཕྱིན་པ་ལས་ཡོང་དགོས་དུས། དཔེ་དེབ་འདི་རྒྱ་ཇི་ཙམ་ཆུང་རུང་། སྙིང་རྗེ་དང་ཞི་བདེས་ཁེངས་པའི་འཛམ་གླིང་ཞིག་བསྐྲུན་པར་ཞབས་འདེགས་སྒྲུབ་རྒྱུ་ནི་ངོས་ཀྱི་བཅོས་མིན་གྱི་རེ་བ་ཡིན་གསུངས་འདུག ད་དུང་ཚན་པ་འདིར་“གལ་ཏེ་ཀློག་པ་པོ་རྣམས་ལ་དེབ་འདི་ཀློག་པ་ལ་བརྟེན་ནས་ཕན་ཐོགས་ཕྲན་བུ་བྱུང་ཚེ། ང་ཚོའི་འབད་བརྩོན་ལ་གྲུབ་འབྲས་ཐོན་པ་རེད། ཅི་སྟེ་ཀློག་པ་པོས་ཕན་ཐོགས་དེ་འདྲ་མེད་པ་མཐོང་ཚེ། དེབ་འདི་ཟུར་ཞིག་ཏུ་འཇོག་རྒྱུར་མི་བདེ་བ་གང་ཡང་བྱེད་མི་དགོས་”ཞེས་གསུངས་ཡོད་པ་ན། ང་ཚོས་དུས་ཚོད་ཅུང་ཙམ་བཏང་ནས་ཕན་ཐོགས་ཡོད་མེད་ཚོད་ལྟ་ཞིག་བྱ་དགོས་པ་མ་ཡིན་ནམ།
༢༠༢༠/༧/༡༦ བློ་བཟང་རིན་ཆེན་གྱིས་བྲིས།