བློ་བཟང་རིན་ཆེན།
སྔོན་གླེང་།
ཞོགས་པར་གཉིད་ལས་སད་མ་ཐག ཆར་པ་སམ་སིམ་དུ་འབབ་བཞིན་འདུག་པས་ཡར་ལངས་འདོད་མེད་པར་ཉལ་ཐུལ་དུ་རྐང་ཧྲད་བྱེད་ཞོར་བསྐྱར་དུ་ཅུང་ཙམ་ཉལ་བ་ཡིན། འོན་ཀྱང་ང་ཚོ་ལས་ཀ་ལ་འགྲོ་དགོས་པས་ཆུ་ཚོད་བདུན་དང་ཕྱེད་ཀར་ཡར་ལངས་ཏེ། བག་ལེབ་ཞིམ་པོ་འོ་ཇ་མངར་མོ་དང་ལྷན་དུ་ཟོས་ནས་ཞོགས་ཟས་ལོངས་སྤྱོད་བྱས། དེ་ནས་ཆུ་ཚོད་བརྒྱད་པའི་ཐོག་འཚིག་ཇ་ཁང་གི་ལས་བྱེད་གཉིས་དང་། བཏང་སྙོམས་ཟ་ཁང་གི་ལས་བྱེད་གཉིས་ཏེ་ང་ཚོ་བཞི་ཀ་བོད་པའི་གཞིས་ཆགས་ཁག་ལ་རླངས་རྫས་སྐྱེལ་དུ་སོང་བ་ཡིན། དེ་རིང་སྡོམ་པའི་ང་ཚོས་རླངས་རྫས་བརྒྱ་དང་བཅོ་ལྔ་ཡས་མས་ཤིག་ཡར་མར་བསྐྱལ་བ་ཡིན། ང་ཚོ་ནད་ཡམས་ལ་ཞེད་སྣང་སྐྱེ་བ་མ་གཏོགས། རླངས་རྫས་སྐྱེལ་བ་ལ་ནི་དེ་ཙམ་དཀའ་ལས་མ་བྱུང་། དེ་ལྟར་ལས་ཀ་ཚང་མ་ཚར་ནས་ཤག་ལ་འབྱོར་སྐབས་ཆུ་ཚོད་གཉིས་པར་ཟིན་ལ་ཉེ། དེ་ནས་ལུས་ཁྲུས་ཤིག་བྱས་ནས་གཏི་མུག་གཉིད་ཀྱི་ཞིང་ཁམས་སུ་བསྐྱོད་དེ་ཡར་སད་སྐབས་དགུང་ཟས་ཟ་རན་ལ་ཐུག་འདུག དེ་ནས་ང་ཚོས་དགུང་ཟས་སྤུས་ལེགས་ཞིག་བཟོས་ནས་ལོངས་སྤྱོད་བྱས། དེ་ནས་ངས་ཁ་སང་གི་འཕྲོ་ནས་<<མཛད་པ་པོའི་སྔོན་གླེང་>>ཞེས་པའི་ཚན་པ་དེ་བཀླགས་པ་ཡིན།
རྩོམ་པ་པོ་ངོ་སྤྲོད།
དེབ་འདི་ལྗགས་རྩོམ་གནང་མཁན་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རེད། ཁོང་ནི་ཕྱི་ལོ་༡༩༣༥་ལོར་བོད་བྱང་ཤར་ཁུལ་གྱི་གྲོང་གསེབ་ཆུང་ཆུང་ཞིག་ཏུ་སྐྱེས་ཤིང་། ཕྱིས་སུ་དབུས་ལྷན་ལྡན་ཞིང་ལ་ཕེབས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་མཐར་ཆགས་སུ་སྦྱངས་ཏེ་དགུང་ལོ་ཆུང་ཆུང་སྐབས་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དགུང་ལོ་བཅུ་དྲུག་ལ་ཕེབས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས།
དེ་ནས་ཕྱི་ལོ་༡༩༥༩ལོར་བོད་ས་ཡོངས་རྫོགས་རྒྱ་ནག་པོས་བཙན་གྱིས་བཟུང་བས། ཁོང་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་མི་ཕེབས་ཐབས་མེད་དུ་གྱུར། རྒྱ་གར་ལ་འབྱོར་ནས་བོད་ཀྱི་རིག་གཞུང་མ་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོ་བྱས་ནས་ད་ཆ་ང་ཚོའི་མིག་མདུན་གྱི་འཇིག་རྟེན་འདི་གྲུབ་པ་རེད།
ཁོང་བཙན་བྱོལ་དུ་འབྱོར་ནས་རྐྱེན་ངན་གྲོགས་ཤར་ཟེར་བ་བཞིན། ཁོང་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་ལ་འགྲུལ་བཞུད་ཐེངས་མང་བྱས་པ་དང་། དུས་སྐབས་དེ་དག་ཏུ་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན། རྒྱལ་པོ། རྒྱལ་མོ། ཆོས་དཔོན། ཚན་རིག་པ། སྒྱུ་རྩལ་བ་སོགས་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་རབ་འབྲང་ཐ་གསུམ་ཀུན་ལ་ཐུགས་འཕྲད་བྱས་ཏེ། སྤྱི་ཚོགས་ཀྱི་ཉམས་མྱོང་དང་། གོ་རྟོགས་གསར་པ་གང་མང་ཞིག་གིས་རང་ཉིད་ཀྱི་རྣམ་དཔྱོད་ལ་གཤོག་རྩལ་ཐོགས་ཏེ། ད་ཆ་ཤེས་རབ་ཀྱི་མཆོག་དང་། སྙིང་རྗེ་ཡི་བདག་ཉིད་དུ་བྱོན་པ་འདིའོ།།
མ་གཞི་ཁོང་གི་ལོ་རྒྱུས་ནི་ང་ལྟ་བུ་ཞིག་གིས་ཇི་བཞིན་བརྗོད་པར་ག་ལ་ནུས། འོན་ཀྱང་དེ་རིང་ཁོ་བོས་བཀླགས་པའི་ཚན་པ་འདིར། ཁོང་གིས་ཁོང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་མཛད་ཡོད་པར་བརྟེན། ངས་ཀྱང་བརྗེད་བྱང་འདིར་ས་བཅད་མ་སྟོང་ཙམ་དུ་བྲིས།
ད་ལྟའི་གནས་བབས།
འདི་ལྟར་ཕྱི་མིག་ཅིག་ལྟ་དུས། འདས་ཟིན་པའི་ལོ་ངོ་བཅུ་ཕྲག་དག་གི་ནང་ལ་དགའ་ཚོར་སྐྱེ་འོས་པའི་རྒྱུ་མཚན་མང་པོ་འདུག གསོ་བ་རིག་པའི་ཚན་རྩལ་ཡར་རྒྱས་བྱུང་སྟེ་འཆེ་རྐྱེན་ལ་ཐུག་པའི་ན་ཚ་མང་པོ་སངས་དྲག་བཏང་བ་རེད། མ་ཟད་མི་ས་ཡ་མང་པོ་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཏེ། དེང་རབས་ཤེས་ཡོན་ཅན་དང་འཕྲོད་བསྟེན་ལྟ་སྐྱོང་གི་ལམ་བུར་བསྐྱོད་ཐུབ་པ་བྱུང་བ་རེད། ད་དུང་རང་དབང་དང་། དམངས་གཙོ། ཁོར་ཡུག་སྲུབ་སྐྱོབ་སོགས་འཛམ་གླིང་ཡོངས་ཁྱབ་ཏུ་ཕྱིན་ཞིང་། འགྲོ་བ་མི་གཅིག་གྱུར་ཡིན་པའི་ངོས་འཛིན་ཡང་གོང་མཐོར་འགྲོ་བཞིན་པ་འདི་དག་རེད། དེ་ནི་འདས་པའི་དུས་རབས་ཕྱེད་ཙམ་ཡས་མས་ཀྱི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་ལྡོག་རེད་ཅེས་གསུངས་འདུག
ཕྱོགས་གཞན་ཞིག་ནས་བལྟས་ན། འགྲོ་བ་མི་རྣམས་ད་དུང་རྒྱུན་ཆད་མེད་པར་དཀའ་ངལ་མང་པོ་ཞིག་ལ་འཕྲད་བཞིན་པ་ནི་དངོས་ཡོད་རེད། འཛམ་གླིང་གི་འབྱོར་ལྡན་མང་པོ་ཞིག་གིས་མི་ཚེ་རྒྱས་སྤྲོས་བྱས་ནས་འཚོ་བ་རོལ་བཞིན་ཡོད་ནའང་། མི་ས་ཡ་མང་པོ་ཞིག་གིས་ཉིན་རེའི་འཚོ་རྟེན་ཐད་ལའང་དཀའ་ངལ་འཕྲད་ནས་མི་ཚེ་དཀའ་སྡུག་གིས་འཚོ་བཞིན་ཡོད། ད་དུང་རང་བྱུང་ཁོར་ཡུག་གིས་སྤྲད་པའི་དཀའ་ངལ་དང་། ལྐོག་ཟ་རུལ་སུངས་པ་ཚོས་སྤྲད་པའི་དཀའ་ངལ་དག་མྱངས་ནས་འཚོ་གནས་བྱས་ཡོད།
ད་དུང་སྟོབས་འབྱོར་དང་དཔལ་ཡོན་ཡར་རྒྱས་སོང་མིན་ལ་མ་ལྟོས་པར། འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་ལ། ཆང་རག་ངན་ལོབ་དང་། དུག་རྫས་ལོག་སྤྱོད། ནང་ཁུལ་འཚེ་བ། ཁྱིམ་ཚང་ཁ་འཐོར་སོགས་རྒྱ་ཁྱབ་ཏུ་ཕྱིན་པས། འགྲོ་བ་མི་རྣམས་ལ་གནོན་ཤུགས་དང་དངངས་སྐྲག སེམས་ཁྲལ། ཁེར་རྐྱང་གི་ཚོར་བ་སོགས་འཕེལ་བཞིན་པ་འདི་རེད། དེས་རྐྱེན་གྱིས་ངོས་རང་གང་ལ་ཕྱིན་ཀྱང་སྡུག་སྐད་རྒྱག་མཁན་ནི་རྒྱུན་ཆད་མེད་པ་ལྟ་བུ་རེད་ཅེས་གསུངས་ཡོད།
འདི་ལྟར་ང་ཚོས་གནས་བབས་ལ་ཞིབ་མོར་བལྟས་དུས། འགྲོ་བ་མིའི་བྱ་སྤྱོད་ཁྲོད་ཏན་ཏན་གཅིག་གིས་འདང་གི་མེད་པ་གསལ་པོ་རེད། དེ་ནི་གཞན་མ་ཡིན་པར་ང་ཚོས་ཕྱི་དངོས་པོའི་མཐུན་རྐྱེན་ཐད་རིམ་པ་མང་པོ་ཞིག་གི་ཐོག་ནས་དོ་སྣང་ཤུགས་ཆེན་བྱེད་པ་ལས། བཟང་སྤྱོད་དང་སེམས་ཀྱི་རིན་ཐང་ལ་དོ་སྣང་མ་བྱས་པ་འདིས་ལན་པ་རེད་ཅེས་ད་ལྟའི་གནས་བབས་ལ་སྡོམ་ཚིག་བཀོད་ཡོད།
དེབ་འདིའི་དམིགས་ཡུལ།
དེབ་འདིའི་དམིགས་ཡུལ་ནི་ང་ཚོར་བཟང་སྤྱོད་དང་སེམས་ཀྱི་རིན་ཐང་འཚོལ་བའི་ཐབས་ལམ་གསར་པ་ཞིག་སྟོན་རྒྱུ་འདི་རེད། དེའང་སེམས་ཀྱི་རིན་ཐང་ཟེར་བ་ནི། ང་ཚོ་འཚོ་གནས་བྱེད་པར་ཉེ་བར་མཁོ་བའི་སེམས་ཁུར་དང་། བྱམས་བརྩེ། བཟོད་གསོལ། གཏོང་སེམས་སོགས། སེམས་ཅན་སུ་ཡིན་ཡང་དགའ་བོ་བྱེད་སའི་ཡོན་ཏན་དག་ལ་ཟེར། དེ་ལྟ་བུའི་བྱམས་བརྩེའི་ཡོན་ཏན་དག་ཧུར་བརྩོན་ཆེན་པོས་གོང་འཕེལ་དུ་བཏང་ན། ཁེ་ཕན་དང་པོ་ཐོབ་མཁན་ནི་རང་ཉིད་ཡིན་པ་སོམ་ཉི་མེད་ཅིང་། དེ་དང་བསྟུན་མི་མང་པོ་ཞིག་ལ་བདེ་སྐྱིད་བསྐྲུན་པ་ནི་སྨོས་མ་དགོས་པ་ཞིག་རེད།
གལ་ཏེ་མི་རྣམས་ཀྱི་སེམས་ཀྱི་རིན་ཐང་ལ་སྣང་ཆུང་བཏང་ན། ཁྲིམས་དང་སྒྲིག་སྲོལ་གང་གིས་ཀྱང་མི་འདང་བར་སྡུག་བསྔལ་ལྷག་མ་ཞིག་གིས་མནར་ངེས། ཇི་ཙམ་ང་ཚོའ་ཕྱི་དངོས་པོའི་རིན་ཐང་ལ་གཙིགས་ཆེན་བྱེད་པ་དེ་སྲིད་དུ། དྲང་བདེན་མེད་པ་དང་། ལྐོག་ཟ་རུལ་སུངས། འདྲ་མཉམ་མེད་པ། བཟོད་བསྲན་མེད་པ་སོགས་ཀྱིས་རྒྱུན་ཆད་མེད་པར་མནར་ངེས། དེས་ན་ང་ཚོ་བདེ་སྐྱིད་འཚོལ་སྙེག་གི་ལམ་བུ་ཇི་འདྲ་ཞིག་ལ་བརྟེན་དགོས་པ་རེད་ཟེར་ན། ཚན་རིག་གིས་ཕྱི་དངོས་པོའི་མཐུན་རྐྱེན་མང་པོ་བསྐྲུན་ཡོད་ཅིང་། ང་ཚོས་ཡིད་སྨོན་བྱེད་སའི་སེམས་ཀྱི་རིན་ཐང་རྣམས་ཡར་རྒྱས་གོང་འཕེལ་གཏོང་བྱེད་ཀྱི་རྨང་གཞི་མཁོ་བསྐྲུན་བྱས་མེད།
ཡང་ན་ང་ཚོས་ཆོས་ལུགས་ལ་བརྟེན་ནས་སེམས་ཀྱི་རིན་ཐང་འཚོལ་ན་སྙམ་སྲིད། མ་གཞི་ཆོས་ལུགས་ཀྱིས་འདས་མ་ད་གསུམ་གྱི་ནང་དུ། མི་ས་ཡ་མང་པོར་ཕན་ཐོགས་བསྒྲུབས་དང་སྒྲུབ་བཞིན་པ་ནི་སུས་ཀྱི་བསྙོན་དུ་མེད་པའི་བདེན་པ་ཞིག་ཡིན། འོན་ཀྱང་ད་ཆ་ཆོས་ལུགས་བྱེ་བྲག་པ་གང་གིའང་རྗེས་སུ་མི་འབྲང་བའི་མི་ས་མང་པོ་ཡོད་པས། ཆོས་ལུགས་གཅིག་པུར་བརྟེན་ནས་འཇིག་རྟེན་ཡོངས་ཁྱབ་ཀྱི་བདེ་སྐྱིད་ཅིག་འཚོལ་སྙེག་བྱེད་དགོས་ཟེར་ན། དེ་ནི་མི་སྲིད་པ་ལྟ་བུ་རེད། དེས་ན་ཆོས་ལུགས་ལ་དད་པ་ཡོད་མིན་ལ་མ་ལྟོས་པར་ཐམས་ཅད་ཀྱིས་ཁས་ལེན་ཐུབ་པའི། བདེ་སྐྱིད་འཚོལ་སྙེག་གི་ལམ་བུ་གསར་པ་ཞིག་ལ་མ་བརྟེན་ཐབས་མེད་དུ་གྱུར་བ་དེའོ།།
དེ་ལྟ་བུའི་ལམ་བུ་གསར་པ་ཞིག་ང་ཚོར་གསལ་སྟོན་བྱེད་རྒྱུ་ནི་དེབ་འདིའི་དམིགས་ཡུལ་དང་། དེ་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་། དྲང་བདེན་རྒྱུན་སྐྱོང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་རུ་འགྲོ་བ་སོགས་ནི་དེབ་འདིའི་ཡང་དགོས་རེད་ཅེས་ཟེར་ཆོག ད་དུང་དེབ་འདི་དམིགས་ཡུལ་ཟབ་ས་ནས་འཚོལ་འདོད་བྱུང་ན། རང་ཉིད་ཀྱིས་དེབ་འདི་ཞིབ་ཀློག་བྱ་ནི་གནད་ཀྱི་དམ་པའོ།།
2020/7/22བློ་བཟང་རིན་ཆེན་གྱིས་བྲིས།