བློ་བཟང་རིན་ཆེན།
སྔོན་གླེང་།
དེ་རིང་ངལ་གསོ་རེད། དེར་བརྟེན་ཞོགས་ཉལ་ཡག་ཐོག་ཅིག་བྱས་ནས་ཇོ་བསོད་ནམས་དང་ལྷན་དུ་ཞོགས་ཟས་ཟོས། ཉིན་གུང་ང་ཚོ་སྐོར་ཞིག་གིས་ཤ་བག་ལེབ་དང་ཤ་མེད་བག་ལེབ་སྣུམ་བཙོས་བྱས་ཏེ་ཟ་མ་སྤུས་ལེགས་ཤིག་བཟོས་ནས་ཡུན་རིང་སྐད་ཆ་བཤད་ནས་རེས་གཟའ་ཟླ་བའི་ངལ་གསོ་རོལ་ཁུལ་བྱས། དེ་ནས་ཤག་ལ་ལོག་སྟེ་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ཀྱི་ཀློག་འཕྲོ་ནས་བཀླགས་ཏེ་གཤམ་གྱི་བརྗེད་བྱང་དེ་འབྲི་བའི་ངལ་བ་བྱས།
རྒྱ་གར་གྱི་ནང་ཆོས་དང་མ་འབྲེལ་བའི་རང་ལུགས།
རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་རྩ་ཁྲིམས་སྲོལ་གཏོད་པ་(B.R.Ambekar) དང་(Rajendra Prasad)གཉིས་ཀྱིས་ཆོས་དང་མ་འབྲེལ་བའི་རང་ལུགས་གོང་མཐོར་གཏོང་བའི་དམིགས་ཡུལ་ནི་ཆོས་ལུགས་མེད་པ་བཟོ་ཕྱིར་མ་ཡིན་པར། རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུ་ཆོས་ལུགས་སྣ་ཚོགས་ཡོད་པ་རྣམས་ལུགས་མཐུན་གྱི་སྒོ་ནས་ངོས་འཛིན་བྱ་ཕྱིར་རེད་ཅེས་གསུངས་འདུག
ཆོས་ལུགས་མཐུན་སྒྲིལ་གྱི་སྐོར་ནས་རྒྱ་གར་ནི་འཛམ་གླིང་གི་མིག་དཔེར་འོས་པ་ཞིག་རེད། དཔེར་ན་བདག་ཉིད་ཆེན་མོ་གཱན་དྷཱི་ནི་ཆོས་པ་གཤའ་མ་ཞིག་རེད། འོན་ཀྱང་ཁོང་གིས་ཉིན་རེའི་ཞལ་འདོན་འདུ་ཚོགས་སྐབས། ཆོས་ལུགས་ཆེ་ཁག་མང་པོ་ཞིག་གི་བསྟོད་དབྱིངས་སོགས་ཞལ་འདོན་དུ་ཚུད་པར་གནང་བ་རེད། དེ་ལྟ་བུའི་བླ་ན་མེད་པའི་དཔེ་མཚོན་ནི་རྒྱ་གར་མི་མང་གི་སྲོལ་རྒྱུན་ཁྲོད་དུ་ད་ལྟའང་ལག་བསྟར་གནང་མུས་ཡིན་པ་ནི་ངོ་མཚར་ལྡན་པ་ཞིག་རེད།
ཆོས་ལུགས་མཐུན་སྒྲིལ་ལམ་ཆོས་ལུགས་བར་གྱི་ཀུ་ཡངས་ནི་རྒྱ་གར་ལ་མཚོན་ན་གསར་པ་གང་ཡང་མིན་པར། མི་ལོ་ཉིས་སྟོང་ལྷག་གི་སྔོན་ནས་ཡོད་པ་ཞིག་རེད། དཔེར་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱལ་སྲིད་བཟུང་བའི་སྐབས་ཀྱི་རྡོ་རིང་ཞིག་གི་ངོར། “ཆོས་ལུགས་གཞན་ལ་གུས་ཞབས་བྱེད་དགོས་པ་དང་། དེ་ལྟར་བྱས་ན་རང་གཞན་གཉིས་ཀའི་ཆོས་ལུགས་སྲ་བརྟན་ཆེ་རུ་འགྲོ་བ་ཡིན་”ཞེས་བཀོད་པར་གསུངས་འདུག རྡོ་བརྐོས་དེ་ལ་བལྟས་ཚེ། སྐབས་དེ་དུས་ཀྱི་ཆོགས་ལུགས་ཕན་ཚུན་གྱི་ལྟ་བ་མཉམ་གནས་དང་གུས་ཞབས་ནི་ཚད་མཐོན་པོར་སླེབས་ཡོད་པ་དཔོག་ཐུབ།
མ་ཟད་རྒྱ་གར་གྱི་བྱུང་རབས་མང་པོ་ཞིག་ལ་གསལ་བ་ལྟར། ལྟ་གྲུབ་ཀྱི་ལངས་ཕྱོགས་མི་འདྲ་བའི་མཁས་དབང་མང་པོ་གདན་གཅིག་ལ་འཛོམས་ཏེ་བགྲོ་གླེང་མཛད་པའི་ལོ་རྒྱུས་ནི་གཅིག་གཉིས་ཙམ་ཞིག་ག་ལ་ཡིན། ད་དུང་རྒྱ་གར་གྱི་རྒྱལ་པོ་མང་པོ་ཞིག་གིས་ཆོས་ལུགས་ཁག་ལ་ཡི་རངས་གུས་བཀུར་ཞུ་བ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཙམ་ཞིག་ཡེ་ནས་མིན།
རྒྱ་གར་ནི་ཧིན་རྡུ་དང་ཁ་ཆེ། ནང་པ་སོགས་ཆོས་ལུགས་སྣ་མང་འཛོམས་པའི་ཚོགས་སྡེ་རྒྱ་ཆེན་པོ་ཞིག་ཡིན་ཡང་། ལྟོས་བཅས་ཀྱི་ཚང་མ་ཀུ་ཡངས་བསམ་ཤེས། གུས་ཞབས་ཡི་རངས་ཀྱི་ཁྲོད་ནས་གནས་མུས་རེད། མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལས་སྔར་ལས་ལྷག་པའི་ཆོས་ལུགས་ཕན་ཚུན་ལྟ་བ་མཉམ་གནས་དང་། འབྲེལ་ལམ་ཇེ་ལེགས་སུ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་རེད། དེར་བརྟེན་རྒྱ་གར་ནི་ཆོས་ལུགས་མཐུན་སྒྲིལ་སྐོར་ནས་མིག་དཔེ་ཡག་ཤོས་རེད་ཟེར་ན་ཐལ་མི་ཆེའོ།།
2020/8/10 བློ་བཟང་རིན་ཆེན་གྱིས་བྲིས།