སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྱུར། རྩོམ་པ་པོ། བྷིར་ཊན–རུ་སེལ། (Bertrand Russell)
མི་མང་པོ་ཞིག་གིས་ང་ཚོར། དཀོན་མཆོག་ལ་དད་པ་མེད་པའི་མི་དེར་བདེ་སྐྱིད་ཡོད་མི་སྲིད་ལ། བཟང་སྤྱོད་ཀྱང་ཡོད་མི་སྲིད་ཅེས་བརྗོད་ཀྱི་ཡོད། བཟང་སྤྱོད་ཐད་ངས་དཔྱད་ཞིབ་བྱེད་རྒྱུ་ལས། སྒེར་གྱི་ཉམས་མྱོང་ལ་བརྟེན་ནས་བཤད་རྒྱུ་གང་ཡང་མེད། བདེ་སྐྱིད་ལ་མཚོན་ན། ཉམས་མྱོང་དང་། དཔྱད་ཞིབ་ཇི་ལྟར་ཡང་། ང་ལ་བསམ་བློ་འདི་འདྲ་ཞིག་འཁོར་བྱུང་། ངས་བསམ་ན། དད་ལྡན་པ་ཚོའི་ནང་། བདེ་སྐྱིད་ཡོད་མེད་ཉིས་ཀ་ཡོད་སྟབས། ཆ་སྙོམས་ཀྱིས་བཤད་ན། བདེ་སྐྱིད་ཅན་དང་། སྡུག་བསྔལ་ཅན་གཉིས་ཀ་དཀོན་མཆོག་ལ་ཡིད་ཆེས་མེད་མཁན་ལས་མང་བ་ཡོད།
མི་རྣམས་སྡུག་བསྔལ་གྱིས་མནར་ཚེ། ཆོས་དད་པ་ཚོས་དེར་རྒྱུ་མཚན་ཆེན་པོ་ཞིག་འཚོལ་རྒྱུར་གོམས་ཡོད། དེ་ནི། གལ་ཏེ་མི་ཞིག་མཆིན་ནད་ཀྱིས་མནར་བའི་སྡུག་བསྔལ་དེ་ཁོའི་དད་སེམས་ཀྱིས་མ་འདང་བར་བཤད་ནས། དད་ལྡན་པ་ཚོའི་སྤོབས་པ་ཆེར་བསྐྱེད་བྱེད་བཞིན་པ་རེད། ཀུན་སྤྱོད་ལ་མཚོན་ན། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ཚེ། མི་རྣམས་ཀྱིས་ཐ་སྙད་འདི་ལ་གོ་བ་ཇི་ལྟར་ལེན་མིན་ལ་རག་ལས་ཡོད། ང་ལ་མཚོན་ནས་བཤད་ན། བཟང་སྤྱོད་ཀྱི་ཆེས་གལ་ཆེ་བའི་ཆ་ནི། བརྩེ་སེམས་དང་། རྣམ་དཔྱོད་གཉིས་རེད།
རྣམ་དཔྱོད་ལ་བཅའ་ཁྲིམ་གང་རུང་གིས་འགོག་རྐྱེན་བྱས་ཤིང་། བརྩེ་སེམས་ནི་ཉེས་དོན་དང་ཁྲིམས་གཅོད་བརྒྱུད་ནས་དད་མོས་ཀྱིས་བཀག་སྡོམ་བྱས་པ་རེད།(ཞོར་དུ་ཚིག་གཅིག་ཞུས་ན། དད་མོས་ནི་ Soviet སོ་བས་ཊི་གཞུང་གིས་ཡེ་ཤུ་གྲུབ་མཐའ་རྙིང་མའི་ལག་ནས་རྩིས་ལེན་བྱས་པ་གཅིག་རང་ཡོད་པ་དེ་རེད།)བཟང་སྤྱོད་ལག་བསྟར་གྱི་ལམ་བུ་མང་པོའི་ནང་ནས་སྲོལ་རྒྱུན་བཟང་སྤྱོད་ཀྱིས་སྤྱི་ཚོགས་ལ་དགོས་ངེས་ཀྱི་བྱ་གཞག་མང་པོར་འགལ་རྐྱེན་བཟོས་ཡོད། དེའི་ནང་གི་གཅིག་ནི། རེག་དུག་སྔོན་འགོག་ལྟ་བུ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་མི་གྲངས་ཚོད་འཛིན་རེད། གསོ་རིག་འཕེལ་རྒྱས་ཀྱི་བྱ་གཞག་འདི་སྔོན་ཆད་ཀྱི་དུས་སྐབས་གང་འདྲ་ཞིག་ལས་ཀྱང་གལ་ཆེ་བ་ཡིན། གལ་ཏེ་དབྱིན་ཇི་བ་ལྟ་བུའི་ཐོན་སྐྱེད་རྣམ་གྲངས་མང་བའི་མི་རིགས་དེ་དག་གིས་ལོ་ངོ་བརྒྱའི་ཡར་སྔོན་ནང་བཞིན་འདིའི་ཐད་ཀྱི་ཁོ་ཚོའི་གོམས་གཤིས་བསྒྱུར་མེད་ན། དེར་དམག་འཁྲུག་དང་དབུལ་ཕོངས་མ་གཏོགས་མིའི་རིགས་ལ་མདུན་ལམ་གང་ཡང་མེད། འདི་ནི་རྣམ་དཔྱོད་ཅན་གྱི་སློབ་ཕྲུག་ཚང་མས་ཤེས་གསལ་ཡིན་ཡང་། ཆོས་ལུགས་རྙིང་ཞེན་རིང་ལུགས་པ་ཚོས་ཁས་ལེན་མི་བྱེད།
ངས་ནི་རུལ་སུང་གི་ལུང་འཛིན་པ་ཚོས་བྱ་བ་ལེགས་པོ་ཞིག་མ་གཏོགས་མི་སྒྲུབ་པའི་ཡིད་ཆེས་གཏན་ནས་བྱེད་མི་ཐུབ། ལུང་ཚིག་མ་ལག་གསར་པ་དཔེར་ན། འཇར་མན་གྱི་ན་ཟི་དང་། གུང་ཁྲན་དམར་ཕྱོགས་ཀྱི་ལུང་ཚིག་དེ་ཚོ། ལུང་ཚིག་རྙིང་པ་ལས་ཀྱང་ཞན་ཆ་མང་བ་ཞིག་ཡིན་མོད། འོན་ཀྱང་གལ་ཏེ་རྙིང་ཞེན་ཆེ་བའི་ལུང་ཚིག་དེ་དག་གཞོན་ནུ་རྣམས་ལ་བརྒྱུད་སྤྲོད་མ་བྱས་ན། དེ་ཚོས་དུས་ནམ་ཡང་ཁོང་ཚོའི་བློ་ཁ་སྒྱུར་མི་ཐུབ།
སི་ཏ་ལིན་གྱི་སྐད་ཆ་ནི། ཁོང་གིས་ཆོས་ལུགས་རིག་པའི་སྦྱོང་བརྡར་ཁང་གི་ཕྱིར་དྲན་གྱིས་ཁེངས་ཡོད། འཛམ་གླིང་ལ་དགོས་པ་ནི་ལུང་ཚིག་ཅིག་མིན།
ཡིན་ན་ཡང་། ཚན་རིག་ཞིབ་འཇུག་གི་སྤྱོད་ཚུལ་དང་། དད་མོས་ཟུང་འབྲེལ་གྱིས་མི་ས་ཡ་མང་པོར་མནར་གཅོད་གཏོང་བཞིན་པ་དེ་སི་ཏ་ལིན་གྱིས་བཏང་བ་ཡིན་ནའང་འདྲ་ལ། གཞན་དད་པ་ཅན་ཚོས་རྣམ་རྟོག་གིས་བསླངས་པའི་ལྷ་ཞིག་གིས་བྱས་པ་ཡིན་ན་ཡང་འདྲ། དེ་ནི་་གཏན་ནས་དང་ལེན་བྱེད་མི་འོས་པ་ཞིག་རེད།
གལ་ཏེ་རྩོམ་འདིའི་མ་ཡིག་ལ་གཟིགས་འདོད་མཁན་ཡོད་ན། ཁོང་གི་རྩོམ་ཡིག་ཕྱོགས་སྒྲིག་བྱས་པའི་དེབ་ why I am not a Christian ཞེས་པའི་ནང་ཡོད།