ཧི་མ་ལ་ཡའི་རྒྱུད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆོས་ལུགས་དང་། རྒྱུན་གནས་ཐུབ་པའི་ཁོར་ཡུག
སྤྱི་ལོ་༢༠༡༣ ལོའི་ཟླ་བ་༣ ཚེས་༧ དང་༨ གཉིས་ལ་གྲོང་ཁྱེར་ནིའུ་ཡོག་ན་བརྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྱོན་ན་སྙན་གྲགས་ཆེ་བའི་སྤྱི་ཚོགས་ཚན་རིག་གི་གཙུག་ལག་སློབ་གྲྭ་་New School ཟེར་བར་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚཽགས་འདུ་དེར་རྒྱ་གར་དང་། རྒྱ་ནག བལ་ཡུལ་བཅས་ཀྱི་སྤྱི་ཚོགས་ཚན་རིག་པ་དང་། མིའི་རིགས་རིག་པ་བ་སོགས་མཁས་པ་མང་པོ་ཕེབས་འདུག
དུས་ཚོད་ཀྱི་དབང་གིས་ང་རང་བགྲོ་གླེང་ཧྲིལ་པོར་མཉམ་ཞུགས་དང་། རྒྱུས་ལོན་བྱས་ཐུབ་མ་སོང་། ཡིན་ན་ཡང་། འབྲེལ་ཡོད་ཁ་ཤས་ཤིག་དང་མཉམ་དུ་ཞོར་གླེང་དང་། ཟུར་ཉན་པ་རེ་ཟུང་གི་བསམ་ཚུལ་ཉན་པ་ལྟར་ན། བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་ཧི་མ་ལ་ཡའི་བརྒྱུད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆོས་ལུགས་དང་། རྒྱུན་གནས་ཐུབ་པའི་ཁོར་ཡུག་བཅས་ཀ྄ི་སྐོར་ཡིན་པ་དང་། གཏམ་བཤད་པ་དག་གིས་བོད་ཀྱི་ཆོས་ལུགས་དང་། ཡུལ་སྲོལ་གོམ་གཤིས། ད་དུང་བོད་ཀྱི་འཇིག་རྟེན་ལྟ་ཚུལ་སོགས་ཀྱི་སྐོར་ལ་ཞིབ་འཇུག་རང་བཞིན་གྱི་གཏམ་བཤད་སྤེལ་འདུག
ཚོགས་འདུ་དེར་རྒྱ་གར་ནག་དང་། བལ་ཡུལ་གྱི་མཁས་པ་ཁག་ཅིག་ཡོད་པ་མ་ཟད། ཁོང་ཚོའི་གཏམ་བཤད་ཁག་ལ་བགྲོ་གླེང་བྱེད་མཁན་ཨ་རི་བ་གཅིག་གཉིས་ཤིག་དང་། ང་ཚོའི་མཁས་དབང་ཚེ་རིང་ཤཀྱ་ལགས་ཀྱང་ཕེབས་འདུག བགྲོ་གླེང་འདིའི་སྐོར་ལ་ཤེས་རྟོགས་བྱེད་འདོད་ན་དྲ་ཐག་འདི་ནས་གཟིགས་རོགས།
New School ནི་སྤྱི་ཚོགས་ཚན་རིག་སློབ་སྦྱོང་བྱེད་སའི་སྙན་གྲགས་ཆེ་ཤོས་ཀྱི་སློབ་གླིང་ཞིག་དང་། ཨ་རིའི་ནང་གི་སློབ་ཡོན་ཆེས་མཐོ་ཤོས་ཀྱི་སློབ་གྲྭ་ཞིག་རེད། རྒྱ་གར་ནག་གི་སློབ་གླིང་ཟེར་བ་ནི་སློབ་གྲ་འདིའི་ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མེད་པའི་སྡེ་ཚན་ཞིག་རེད་འདུག
ང་ཚོ་ཧི་མ་ལ་ཡའི་ཆོས་དང་རིག་གཞུང་ནི་ང་ཚོ་ཧི་མ་ལ་ཡའི་མི་རིགས་རང་གི་འཛིན་ན་མ་གཏོགས་རྒྱ་ནག་དང་བལ་གཞུང་གཉིས་ལ་རེ་བ་ཏིལ་ཙམ་ལྷག་མེད། རྒྱ་ནག་ནི་རྒྱ་རིགས་ཀྱི་གཞུང་དང་། བལ་གཞུང་ནི་བལ་པོ་སྣ་རིང་དེ་དག་གི་གཞུང་ཁོ་ན་ཡིན་པ་ཤེས་གསལ་རེད།