ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་།
ཡངས་པའི་གོ་ལ་ཁྱོན་འདིར་མི་ཤིས་ཚོགས། །
འཁྲུག་རྩོད་རྐུ་ཇག་ཆེས་ཆེར་བདོ་བའི་རྒྱུ། །
མི་གཞིའི་བཟང་སྤྱོད་ཕོངས་པའི་རྟེན་འབྲེལ་གནད། །
མཁྱེན་པའི་ཐབས་མཁས་ཐུགས་རྗེའི་ཀློང་ལས་ནི། །
འཇིག་རྟེན་སྤྱི་སྨན་ཀུན་སྤྱོད་རིག་པའི་གཞུང་། །
སྔོན་མེད་བསྟན་བཅོས་ལེགས་བཤད་ཡོངས་གཏམས་པས། །
འཛམ་གླིང་ཤིང་རྟའི་སྲོལ་འབྱེད་གྲགས་པའི་སྙན། །
འཛིན་མཁས་ཕྱག་ན་པད་མོའི་ཞབས་རྡུལ་མཆོད། །
ཅེས་མཆོད་པར་བརྗོད་པ་སྔོན་སོང་གིས་གང་གླེང་བའི་གཞི་ནི་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོའི་ཐབས་མཁས་ཐུགས་རྗེ་དང་རྣམ་དཔྱོད་ཀྱི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་འཇིག་རྟེན་སྤྱན་སྨན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རྣམ་གཞག་དང་དེ་ཉིད་ཇི་ལྟར་སྲོལ་བཏོད་པའི་ཚུལ་ཅུང་ཟད་བཤད་པ་ལ།
༡༽ ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྲོལ་འབྱེད་དགོས་པའི་རྒྱུ་མཚན།
དེང་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་འཛུགས་སྐྲུན། ཚན་རིག་ལག་རྩལ་སོགས་ཟླ་རེ་དང་ལོ་རེ་ནས་ཇེ་མཐོ་དང་ཇེ་བཟང་གི་ཉེར་འབྲས་ཀྱིས་འགྲོ་བ་མིའི་ཉིན་ཞག་ཕྲུག་གི་འདོད་པའི་རེ་བ་གང་འཚམས་ཤིག་བསྐངས་པའི་ཉེར་ལེན་ལས། གསར་དུ་འཚར་བཞིན་པའི་འཛམ་གླིང་གི་གཞོན་སྐྱེས་རྣམས་ཀྱི་འདུ་ཤེས་གྱུར་ནས་སོ་སོའི་ཡབ་མེས་དང་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ནི་ཉམ་ཆུང་བཤུ་གཞོག་གི་ལས་སུ་བརྩིས་ནས་ཆོས་ལུགས་དེ་དང་དེ་ནས་བཤད་པའི་བསླབ་བྱ་སོགས་ལ་ཉན་འདོད་དང་ཀློག་འདོད་སོགས་མེད་པའི་དུས་རབས་ཀྱི་འགྱུར་འགྲོའི་གསར་པ་ཞིག་འགོ་ཚུགས་ཡོད་ཅིང་། ཡ་རབས་དང་བཟང་སྤྱོད། གཞན་ཕན་དང་དོ་ཁུར། སྙིང་རྗེ་དང་བྱམས་པ་ལ་སོགས་པ་ནི་འགྲོ་བ་མིའི་ཚོགས་སྡེ་དེ་ཉིད་དུད་འགྲོའི་སྤྱི་ཚོགས་ལས་ཁྱད་པར་འབྱེད་ཆོས་གཙོ་བོ་དང་། རང་གཞན་ཀུན་གྱི་བདེ་སྐྱིད་ཀྱི་གཞི་མ་དང་། སྐྱེ་རྒུ་ཀུན་གྱི་སྤྱི་སྨན་ལྟ་བུ་ཡིན་མོད་ཀྱང་། བཟང་སྤྱོད་དེ་རྣམས་ཆོས་ལུགས་བྱེ་བྲག་པའི་བསླབ་བྱ་དང་བློ་སྦྱོང་གི་རིགས་སུ་རློམ་ནས་སྤྱི་ཚོགས་བདེ་འཇགས་དང་། བདེ་སྐྱིད་ཀྱི་འཚོ་བར་མི་མཁོ་བའི་ལྟ་བ་ནི་ཤོག་བུ་སྣུམ་ཟིན་གྱི་དཔེ་ལྟར་ཡུལ་ལུང་ཀུན་ཏུ་བདོ་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།
དེའི་ཚུལ་ནི། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་ཅེས་པའི་ཕྱག་དེབ་ཀྱི་གླེང་གཞི་ལས། སྔོན་མར་མི་ཚོས་ཆོས་ལུགས་ལ་མཐོང་ཆེན་བྱས་ཤིང་། སྤྱི་ཚོགས་ཤིག་གི་ནང་མི་ཕལ་ཆེ་བ་ཆོས་ལུགས་གཅིག་གི་རྗེས་སུ་འབྲངས་ནས་བླང་དོར་གྱི་རྩ་འཛིན་རྣམས་རྒྱུན་འཁྱོངས་བྱས་ཡོད་མོད། ད་ལྟ་གནས་སྟངས་འདི་ལ་འགྱུར་བ་བྱུང་ཡོད་སྟབས། ང་ཚོས་གཞི་རྩའི་བླང་དོར་རྩ་འཛིན་རྣམས་གཏན་འབེབས་བྱེད་ཐབས་གཞན་ཞིག་ངེས་པར་དུ་འཚོལ་དགོས། ཞེས་བཀའ་བསྩལ་ཡོད།
ཆོས་ལུགས་ནས་བཤད་པའི་བསླབ་བྱ་རྣམས་ཉན་མི་འདོད་པ་དང་ཆོས་དད་མེད་པའི་སྤྱི་ཚོགས་བདོ་ཤུགས་ཆེ་བའི་རྐྱེན་ལས་སྤྱི་ཚོགས་ནང་དུ་སྔར་ལས་ལྷག་པའི་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད། བརྩེ་བ་མེད་པའི་ཕ་མ། བརྩི་བཀུར་མེད་པའི་བུ་ཕྲུག ཕན་སེམས་མེད་པའི་འགོ་འཁྲིད། དོ་ཁུར་མེད་པའི་སྤྱི་ཚོགས། གཞན་སེམས་མེད་པའི་དུས་རབས་སོགས་དབྱར་མཚོ་ལྟར་རྒྱས་པའི་ངན་འབྲས་སུ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་བཀྲ་མི་ཤིས་པའི་ཉེར་འཚེ་ཆུའི་གཉེར་མ་ལྟར་འབྱུང་བཞིན་ཡོད།
དེའི་ཚུལ་ནི། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་ཕྱག་དེབ་ལས། འཛམ་གླིང་ནང་ང་ཚོར་འཕྲད་བཞིན་པའི་ལྐོག་ཟ་རུལ་སུངས་དང་། ཁོར་ཡུག ཆབ་སྲིད་སོགས་ཀྱི་རྙོག་འཛིངས་ཆེ་བའི་དཀའ་ངལ་རྣམས་ནི། བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ཉམས་རྒུད་དུ་ཕྱིན་པའི་མཇུག་འབྲས་སུ་ངེས་པའི་བསམ་བློ་ཞིག་ངོས་ལ་ཧ་ལམ་རྒྱུན་དུ་འཁོར་གྱི་འདུག ཅེས་དང་། ཡང་དེ་ཉིད་ལས། དེས་ན་ང་ཚོ་འགྲོ་བ་མི་རྣམས་ཀྱི་བྱ་སྤྱོད་ཁྲོད་ཏན་ཏན་གཅིག་གིས་འདང་གི་མེད་པ་དེ་གསལ་པོ་རེད། འོ་ན་མ་འདང་བ་དེ་གང་རེད་དམ་ཞེ་ན། ངའི་བསམ་པར། རྩ་བའི་དཀའ་ངལ་ནི། ང་ཚོས་ཕྱི་དངོས་པོའི་མཐུན་རྐྱེན་ཐད་རིམ་པ་མང་པོ་ཞིག་གི་ཐོག་དོ་སྣང་ཧ་ཅང་ཤུགས་ཆེ་བྱེད་པ་མ་གཏོགས། བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་མ་བྱེད་པ་འདིས་ལན་པ་རེད། ཅེས་བཀའ་བསྩལ་ཡོད་ཅིང། བཟང་སྤྱོད་ཀྱི་འདུ་ཤེས་རྣམས་མེད་པའི་རྐྱེན་གྱིས་མི་ཚོགས་དཀྱུས་མའི་ནང་དུ་མེ་མདའ་འཕངས་ནས་ཉམ་ཆུང་དག་གི་སྲོག་བཀུམ་པའི་ལས་བྱས་པ་བརྗོད་ཀྱི་མི་ལངས། དཔེར་ན། ༢༠༡༢ ཟླ་ ༡༢ ཚེས་ ༡༥ ཉིན་ཨ་རིའི་ནེའི་ཀྲོན་གྱི་སློབ་འབྲིང་(Sandy Hook Elementary School) དུ་དོན་མེད་མེ་མདའ་འཕངས་ནས་ཕྲུ་གུ་ཉི་ཤུ་རྐྱེན་ལམ་དུ་ཕྱིན་པ་ནས་བཟུང་ ༢༠༡༤ ཟླ་ ༩ ཚེས་ ༩ བར་ཨ་རིའི་སློབ་གྲྭ་མི་འདྲ་བ་ཁག་ ༩༤ ནང་བརྩེ་བ་དང་སྙིང་རྗེས་ཕོངས་པ་འགས་མེ་མདའ་འཕངས་ནས་ཁྱོན་ཕྲུ་གུ་མང་པོ་རྐྱེན་འདས་སུ་ཕྱིན་ཡོད།
དེ་བཞིན་ནོར་ཝེར་མཚོ་གླིང་གི་དོན་རྐྱེན་དང་། ཐེ་ཝན་མེ་འཁོར་དང་རྒྱ་ནག་ནང་དུ་ཡང་མི་ཚོགས་ཀྱི་དཀྱིལ་དུ་དོན་མེད་གྲི་དང་མེ་མདའ་བརྒྱབ་པས་བསད་རྨས་དང་། རྐུ་ཇག་འཕྲོག་གསུམ། ལོག་གཡེམ་བཙན་ཁྲིད་སོགས་ཀྱིས་མཚོན་པའི་མ་རུང་བའི་བྱ་སྤྱོད་རྣམས་ཉིན་རེ་ནས་ཇ་མང་དུ་འགྲོ་བཞིན་པའི་རྣམ་པ་གསར་འགྱུར་ལས་རིགས་ལས་ཤེས་ཐུབ་ལ། ངན་སྤྱོད་དེའི་རིགས་ནི་ཕྱིའི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དང་། ལྟ་སྲུང་འཁྲུལ་འཁོར། བདེ་འཇགས་སྲུང་སྐྱོབ་ཉེན་རྟོག་པ་ཇི་ཙམ་གྱིས་མང་བ་བཏང་བའི་ཚོད་ཀྱིས་དོན་ཕན་ལྡན་པའི་འབྲས་བུ་མ་འཐོན་པ་དང་། ཆོས་ལུགས་སོ་སོ་ནས་བཤད་པའི་བསླབ་བྱའི་ཕན་འབྲས་ཆེ་ན་ཡང་དེང་དུས་ཀྱི་སྤྱི་ཚོགས་ཀྱི་སྐྱེ་རྒུ་རྣམས་ནི་ཆོས་ལུགས་ཀྱི་བསླབ་བྱ་གང་ཡང་ཉན་འདོད་མེད་པའི་རྣམ་འགྱུར་མངོན་གསལ་ཇེ་ཆེར་འགྲོ་བཞིན་པའི་འགྱུར་ལྡོག་དང་། ཆོས་དད་མེད་པའི་མི་འབོར་གྱི་གྲངས་ཚད་ཀྱང་ལོ་རེ་ནས་ཇེ་མཐོ་སོགས་ཡིན་ཅིང་། བསམ་བློའི་རིན་ཐང་དང་བཟང་སྤྱོད་ཀྱི་ཕོངས་པའི་སྤྱི་ཚོགས་ཀྱི་ཁ་ལོ་བསྒྱུར་བའི་ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི། ནང་བསམ་བློའི་ཤེས་བྱ་དང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་འབའ་ཞིག་གོང་འཕེལ་གཏོང་རྒྱུ་ལས་ཐབས་གཞན་མ་མཆིས་པ་༧སྐྱབས་མགོན་ཡིད་བཞིན་ནོར་བུས་ལོ་མང་རིང་འཛམ་གླིང་ཤར་ནུབ་གང་སར་ཞབས་ཀྱིས་བཅགས་པའི་ཐུགས་མྱོང་ལས་མངོན་པར་མཁྱེན་པའི་མཛད་པ་ཞིག་རེད།
དེའི་ཚུལ་ནི། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས། ང་ཚོས་མིའི་སྤྱི་ཚོགས་ནང་རྒྱུན་དུ་མི་གསོད་རྐུ་འཕྲོག མགོ་སྐོར་གཡོ་སྒྱུ། གཞན་ལ་གནོད་འཚེ། ཉམ་ཐག་ལ་མཐོང་ཆུང་། སྤྱི་རྫས་ལ་བག་མེད། ཆང་རག་ལ་ངན་གོམས། སྤྱི་དོན་རྒྱབ་སྐྱུར། དུག་རྫས་འཐེན་པ། གྲོགས་མེད་དུ་ལུས་པ། འཁོན་འཛིན་དང་ཕྲག་དོག འགྲན་སེམས་དང་དངས་སྐྲག་སོགས་མང་པོ་ཞིག་མཐོང་རྒྱུ་ཡོད། ངོས་ཀྱི་བསམ་པར་དེ་ནི་ང་ཚོས་ད་བར་ཀུན་སྤྱོད་དང་བསམ་བློའི་རིན་ཐང་བྱམས་བརྩེ་སོགས་སྣང་མེད་དུ་ཤོར་བའི་རྐྱེན་ལས་བྱུང་ཡོད། ཅེས་བཀའ་བསྩལ་ཡོད། ཡང་། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ལས་ཀྱང་། ངོས་རང་ས་ཕྱོགས་གང་དུ་ཕྱིན་ཀྱང་མི་ཚོས་སྡུག་སྐད་རྒྱག་གི་འདུག་ལ། ངོས་ལ་རང་ལ་མཚོན་ནའང་། དུས་ནས་དུས་སུ་མ་འགྲིགས་པའི་སྐོར་ཤོད་དགོས་པ་ཆགས་ཀྱི་འདུག དེས་ན་ང་ཚོ་འགྲོ་བ་མི་རྣམས་ཀྱི་བྱ་སྤྱོད་ཁྲོད་ཏན་ཏན་གཅིག་གིས་འདང་གི་མེད་པ་དེ་གསལ་པོ་རེད། འོ་ན། མ་འདང་བ་དེ་གང་རེད་དམ་ཞེ་ན། ངའི་བསམ་པར། རྩ་བའི་དཀའ་ངལ་ནི། ང་ཚོས་ཕྱི་དངོས་པོའི་མཐུན་རྐྱེན་ཐད་རིམ་པ་མང་པོ་ཞིག་གི་ཐོག་ནས་དོ་སྣང་ཧ་ཅང་ཤུགས་ཆེ་བྱེད་པ་མ་གཏོགས། བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་མ་བྱེད་པ་འདིས་ལན་པ་རེད། ཞེས་བཀའ་བསྩལ། ཡོད།
འགྲོ་བ་མིའི་སེམས་ཀྱི་རིན་ཐང་དང་བཟང་སྤྱོད་གོང་འཕེལ་བཏང་བ་ཁོ་ནས་དཀའ་ངལ་སེལ་ཐུབ་པའི་རྒྱུ་མཚན་ལེགས་པར་གཟིགས་ཚུལ་གཞན་ཡང་། སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ལས། འོན་ཀྱང་། རྙོག་དྲ་དེ་ཚོ་ནི་ཕན་ཚུན་ལ་བྱམས་དང་སྙིང་རྗེ་བསྐྱེད་པ་བརྒྱུད་ནས་སེལ་ཐུབ་ངེས་ཡིན་པ་མ་ཟད། ཞེས་དང་། དཀའ་ངལ་དེ་རྣམས་རང་བཞིན་གྱིས་ཡལ་འགྲོ་བའི་དོན་ཞིག་མིན་ཞིང་། རྙོག་དྲ་དེ་ཚོ་རེ་རེ་ལ་སེལ་ཐབས་བྱེ་བྲག་པ་རེ་དགོས་ངེས་རེད་མོད། ནང་སེམས་ཀྱི་ཆ་འདི་སྣང་མེད་དུ་བཏང་ཚེ། ང་ཚོས་དཀའ་ངལ་དེ་དག་གི་རྩ་བ་ནམ་ཡང་གཅོད་མི་ཐུབ་པ་གསལ་པོ་ཡིན། ཞེས་ཆེད་རླབས་ཆེན་གྱི་དགོངས་པ་བཞེད་དེ་༧གོང་ས་མཆོག་ནས་རྒྱུན་གྱི་འགན་ཁུར་གསུམ་གྱི་ནང་ནས་འགན་ཁུར་དང་པོ་ནི། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། ཞེས་འགྲོ་བ་མིའི་སེམས་ཀྱི་རིན་ཐང་དང་བཟང་སྤྱོད་གོང་འཕེལ་གྱི་སླད་དུ་ཐུགས་འཁུར་ལྷག་པར་བཞེས་གནང་སྟེ་༧གོང་ས་མཆོག་ནས་འཛམ་གླིང་ཤར་ནུབ་གང་སར་ལོ་ལྟར་ཆེད་ཕེབས་དང་མི་མང་འདུ་འཛོམས་སྐབས་བཀའ་སློབ་མང་པོ་ཞིག་གི་བརྗོད་གཞི་གཙོ་བོ་དེ་ཉིད་ཡིན་ཞིང་། མ་ཟད་ཆེད་མངགས་ཀྱིས་འགྲོ་བ་མིའི་ཀུན་སྤྱོད་གོང་འཕེལ་གྱི་སླད་རིག་པའི་གཞུང་ལུགས་གསར་པ་རེ་ལྗགས་རྩོམ་གནང་བའི་ཁྲོད། (Ethics for New Millennium) སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་དང་། (Beyond Religion) ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་གསུང་རྩོམ་གཉིས་བཟང་སྤྱོད་ཀྱིས་ཕོངས་པའི་གོ་ལ་ཧྲིལ་པོར་ལེགས་སྐྱེས་སུ་ཕུལ་ཡོད།
དེར་བརྟེན་༧གོང་ས་མཆོག་ནི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཤིང་རྟའི་སྲོལ་འབྱེད་དང་བསྟན་བཅོས་དེ་དག་ནི་སྲོལ་འབྱེད་ཀྱི་བསྟན་བཅོས་ཡིན་པ་ཁ་ཚོན་བཅད་ནས་བཤད་ཐུབ་པ་དང་། མ་ཟད་འཇིག་རྟེན་སྤྱིའི་བདེ་སྡུག་ལ་ཐུགས་ཁུར་གནང་མཁན་དང་མིའི་རིན་ཐང་དང་བཟང་སྤྱོད་གོང་འཕེལ་གྱི་ཆེད་སྐུ་ངལ་བསྐྱོན་མཁན་གྱི་གོ་ལ་ཧྲིལ་པོའི་ཐོག་རླབས་ཆེན་གྱི་སྐྱེས་བུ་ཉག་གཅིག་ཡིན། དེའི་ཤེས་བྱེད་ནི། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་ཕྱག་དེབ་ལས། དེས་ན་གཤམ་གྱི་ལེ་ཚན་ཁག་ནང་། ནང་པ་ཞིག་དང་ཆོས་པ་ཞིག་ཡིན་པའི་ཆ་ནས་མ་ཡིན་པར། མི་ཐེར་འབུམ་བདུན་ལ་ཉེ་བ་ཡོད་པའི་ཁྲོད་ཀྱི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རིགས་ཀྱི་མདུན་ལམ་ལ་དོ་ཁུར་བྱེད་མཁན་ཞིག་དང་དེ་དག་གི་འབྱུང་འགྱུར་སྲུང་སྐྱོབ་དང་ཡར་རྒྱས་འགྲོ་ཕྱིར་ཕན་ཐོགས་བྱེད་འདོད་པའི་མི་ཞིག་ཡིན་པའི་ཆ་ནས་ངས་རང་གི་བསམ་ཚུལ་འབུལ་རྒྱུ་ཡིན། ཞེས་དང་།
སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་ལས་ཀྱང་། འདི་ལྟར་ངོས་ཀྱིས་གླེང་བཞིན་པའི་ཆོས་ཀྱི་གསར་བརྗེ་ནི། ཆོས་ལུགས་ཀྱི་གསར་བརྗེ་ཞིག་མིན་ལ། འཇིག་རྟེན་གཞན་ཞིག་ལ་ཕྱོགས་པའི་འཚོ་བ་སྐྱེལ་སྟངས་ཤིག་ཀྱང་མིན་ཞིང་། རྫུ་འཕྲུལ་དང་སྦས་དོན་གྱི་ལམ་ཞིག་དེ་བས་ཀྱང་མིན། འདི་ལས་ལྡོག་སྟེ། ངོས་ཀྱིས་གླེང་བཞིན་པའི་གསར་བརྗེ་ནི། རང་ཉིད་ཁོ་ན་བསམ་པའི་བདག་འཛིན་ཉུང་དུ་བཏང་ནས་རང་ཉིད་དང་འབྲེལ་བའི་མི་ཚོགས་ལས་གྲུབ་པའི་སྤྱི་ཚོགས་ལ་བློ་ཁ་ཕྱོགས་ཏེ། རང་གི་ཀུན་སྤྱོད་ཀྱི་ངོས་ནས་རང་གཞན་གཉིས་ཀའི་བདེ་བ་འདྲ་མཉམ་དུ་ངོས་འཛིན་པའི་འབོད་སྐུལ་ཞིག་ཡིན། ཞེས་སོགས་ཀྱི་གསུང་རྣམས་ལས་ང་ཚོས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རིག་པའི་གཞུང་ལུགས་སྲོལ་བཏོད་པའི་རྒྱུ་མཚན་ཀུན་ལེགས་པར་ཤེས་ནུས་སོ། །
༢༽ ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་དོན།
འོ་ན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ངོ་བོ་གང་ཡིན་ཞེ་ན། དེའི་གོ་བ་ནི། ཆོས་ལུགས་བྱེ་བྲག་པ་ཞིག་ནས་མ་བཤད་པ་དང་མ་གསུང་པའམ། རྩ་བ་ནས་འབྲེལ་བ་མེད་པའི་གོ་བ་ལེན་རྒྱུ་མ་ཡིན་པར། དེའི་གོ་དོན་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གིས་གསུངས་ཀྱང་རུང་མ་གསུངས་ཀྱང་རུང་འགྲོ་བའི་མིའི་སྤྱི་ཚོགས་ལ་ཉེ་བར་མཁོ་ཞིང་། འགྲོ་བ་མིའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཉམས་སུ་ལེན་པ་ལ་ངེས་པར་དུ་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་པའམ་ཁས་འཆེ་མི་དགོས་ཤིང་། ཆོས་ལུགས་དང་མི་རིགས་རིས་མེད། ཆོས་དད་ཡོད་མེད་ཀུན་གྱིས་ཉམས་སུ་ལེན་རུང་བའི་འགྲོ་བ་མིའི་ལུས་ངག་ཡིད་གསུམ་གྱི་བཟང་པོའི་སྤྱོད་ལམ་ལ་ཟེར། དེ་འདྲ་བའི་བཟང་སྤྱོད་དེ་ཉིད་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་པར་གྱུར་ཚེ། ཁམས། མོས་པ། གཤིས་ཀ་སོགས་སྣ་ཚོགས་པའི་འགྲོ་བ་མིའི་ཚོགས་སྡེ་ཡོངས་ལ་ཁྱབ་པའི་བཟང་སྤྱོད་ཅིག་ཏུ་འགྱུར་དཀའ་བ་དང་། ལྷག་པར་དུ་ཆོས་དད་མེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་བཟང་སྤྱོད་ཀྱི་ཕོངས་པ་ལས་བྱུང་བའི་དཀའ་ཚེགས་རྣམས་སེལ་བའི་ཐབས་ལམ་མེད་པའི་གནས་སྟངས་ཤིག་ཆགས་སྲིད།
དེའི་ཚུལ་ནི། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། སྟོད་ཆ་ལས། གལ་ཏེ་ཡ་རབས་སྤྱོད་བཟང་ནི་ངེས་པར་ཆོས་ལུགས་ཤིག་ལ་བརྟེན་དགོས་ཚེ། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གི་བསླབ་བྱ་ལ་བརྟེན་པའི་ཀུན་སྤྱོད་ནི་ཆོས་དད་མེད་པའི་སྐྱེ་བོ་ཚོར་ཁྱབ་མི་ཐུབ་པ་དང་། ཆོས་དད་མེད་པ་ཚོར་ཆོས་དད་མེད་པ་དང་ཆབས་ཅིག་བྱམས་བརྩེ་སོགས་ཡ་རབས་སྤྱོད་བཟང་དག་ཀྱང་འཐུས་ཤོར་བར་འགྱུར། ཞེས་དང་། ཡང་དེ་ཉིད་ལས། དེས་ན་ཆོས་དད་དང་འབྲེལ་བའི་རྣམ་གཞག་ནི་སྐྱེ་བོ་ཀུན་ལ་རན་པ་ཞིག་མིན་ཏེ། ད་ལྟ་འཛམ་གླིང་འདིར་མི་འབོར་དུང་ཕྱུར་བདུན་ཅུའི་ནང་དུང་ཕྱུར་བཅུ་ལྷག་ལ་ཆོས་དད་དམིགས་བསལ་མེད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད། ཅེས་སོགས་གསུངས། དེར་བརྟེན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་པའི་སྤྱོད་ལམ་མ་ཡིན་པར་འགྲོ་བ་མིའི་གཞི་རྩའི་རང་བཞིན་ལ་ལྷན་སྐྱེས་སུ་འཇགས་པའི་བཟང་སྤྱོད་རྣམས་ལ་གོ་དགོས་ཤིང་། དངོས་ཡོད་གནས་ཚུལ་ལ་གཞིགས་ཚེ་འགྲོ་བ་མིའི་རང་བཞིན་ལ་ལྷན་སྐྱེས་སུ་སྙིང་རྗེ་དང་བྱམས་པ་སོགས་ཀྱི་ས་བོན་ནི་ཆོས་ལུགས་ཀྱིས་ཤན་མ་ཞུགས་པའི་གོང་ནས་ཡོད་པ་དང་དེ་ཉིད་གོང་འཕེལ་གཏོང་བར་ཡང་ངེས་པར་ཆོས་ལུགས་ལ་བརྟེན་དགོས་མེད་ཅིང་། བཟང་སྤྱོད་དེ་རྣམས་ཆོས་ལུགས་དང་མ་འབྲེལ་བའི་རྒྱུ་མཚན་དུ་༧གོང་ས་མཆོག་ནས་རྒྱུ་མཚན་གཉིས་ཀྱིས་ཐོག་ནས་བསྒྲུབས་ཡོད།
རྒྱུ་མཚན་དང་པོ་ནི། འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་བཟང་སྤྱོད་དེ་རྣམས་ཀྱི་ས་བོན་རང་ཆས་སུ་གྲུབ་ཡོད་པ་དང་། རྒྱུ་མཚན་གཉིས་པ་ནི། ཆོས་ལུགས་ཀྱི་ཁོར་ཡུག་ལ་བརྟེན་པའི་བཟང་སྤྱོད་ནི་ཇ་ལྟ་བུ་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཆུ་ལྟ་བུ་སྟེ་ཇ་ནི་ཆུ་ལ་བརྟེན་ནས་བྱུང་བ་བཞིན་ཇ་མེད་པར་ང་ཚོ་འཚོ་ཐུབ་ཀྱང་ཆུ་མེད་ན་འཚོ་མི་ཐུབ་པའི་ཆུ་དང་ཇའི་དཔེའི་སྒོ་ནས་བསྒྲུབས་ཡོད། དེའི་ཚུལ་ཅུང་ཟད་བཀོད་ན། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་ཕྱག་དེབ་ལས། ངོས་ནས་བཟང་སྤྱོད་དེ་ཆོས་ལུགས་ལ་རག་ལས་མེད་ཚུལ་སྒྲུབ་པ་དེ་ཅུང་སྟབས་བདེ་པོ་ཞིག་ཡིན། སེམས་དོན་རིག་པའི་ཐོག་ནས་དེ་ལ་ཕྱོགས་གཉིས་ཡོད་པ་ངས་མཐོང་གི་འདུག ཕྱོགས་དང་པོ་ནི། དེ་ནི་ཆོས་ལུགས་ལ་མ་བརྟེན་པར། སྙིང་རྗེ་དང་། སེམས་པ་བཟང་པོ། གཞན་ལ་གཅེས་སྐྱོང་བྱ་རྒྱུར་རང་བཞིན་གྱིས་བློ་ཁ་ཕྱོགས་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཐོག་ནས་ཡོང་གི་ཡོད། ཕྱོགས་གཉིས་པ་ནི། ཆོས་ལུགས་ཀྱི་བསམ་ཚུལ་མེད་པའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཆུ་དང་འདྲ་ཞིང་། འཕྲོད་བསྟེན་དང་འཚོ་གནས་ཆེད་ང་ཚོར་ཉིན་ལྟར་དགོས་པ་ཞིག་ཡིན། ཆོས་ལུགས་ཤིག་གི་སྐབས་དོན་ཐོག་གཞི་བཅོལ་བའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཇ་དང་འདྲ། ཞེས་དང་། འོན་ཀྱང་ཇ་བཟོ་བའི་སྐབས། རྩ་བའི་རྒྱུ་ཆ་ནི་དུས་རྟག་ཏུ་ཆུ་ཡིན། ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་ག་ནང་བཞིན་ང་ཚོ་ཐོག་མར་སྐྱེ་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་། སྙིང་རྗེ་མི་དགོས་པའི་ཐོག་ནས་སྐྱེས་བསྡད་པ་ཞིག་མིན། ཞེས་པའི་གསུང་སོགས་ལ་ང་ཚོས་ལེགས་པར་ལྟ་ཀློག་བྱས་ཚེ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གོ་དོན་དང་དེའི་གལ་ཆེའི་རང་བཞིན་རྣམས་བདེ་བླག་ངང་ངོས་འཛིན་དང་ནོར་བུའི་ནོར་ཉམས་ཆོད་ཐུབ།
༣༽ ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཚན་གཞི།
ཆོས་དད་ཡོད་མེད། མི་རིགས་དཀར་ནག་གི་དབྱེ་འབྱེད་མེད་པར་གོ་ལ་ཧྲིལ་པོའི་འགྲོ་བ་ཀུན་ལ་མཁོ་ཞིང་མགོ་ནག་མིའི་གཞི་རྩའི་གཤིས་ཀར་རང་ཆས་སུ་གྲུབ་པའི་བྱམས་བརྩེ། སྙིང་རྗེ། དྲང་བདེན། ཆོག་ཤེས། བཟོད་སྲན། བཟོད་གསོལ། རང་སྒྲིག་རང་སྲུང་། ངང་རྒྱུད་རིང་པོ། འགན་ཁུར་གྱི་སེམས་ཤུགས། རང་ལས་གཞན་གཙོ་ལ་སོགས་པའི་བཟང་པོའི་སྤྱོད་ལམ་རྣམས་ཡིན། དེའི་ཚུལ་ནི། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་ཕྱག་དེབ་ལས། ང་ཚོར་ཆོས་ལུགས་ཀྱི་སྒྲོམ་གཞི་ཞིག་ཡོད་མེད་ལ་མ་ལྟོས་པར། བྱམས་པ་དང་། སེམས་པ་བཟང་པོ། བརྩེ་སེམས་བཅས་ཀྱི་ཕྱོགས་ལ་བློ་ཁ་ཕྱོགས་པའི་གཞི་རྩའི་འགྲོ་བ་མིའི་རང་གཤིས་ཤིག་ཡོད། ཅེས་དང་།
ཡང་སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་ལས། བརྩེ་བ་དང་སྙིང་རྗེ། བཟོད་པ་དང་དགོངས་ཡངས། ཆོག་ཤེས་དང་གཞན་སེམས། མཐུན་འབྲེལ་གྱི་འདུ་ཤེས་སོགས་ལ་གཙོ་བོར་འབྲེལ་ཡོད། ཆོ་ག་དང་ཞལ་འདོན། མྱང་འདས་དང་དག་ཞིང་ལྟ་བུའི་གནད་དོན་ཆོས་ལུགས་དང་ཐད་ཀར་འབྲེལ་ཡོད་རུང་། བློའི་ཡོན་ཏན་འདི་རྣམས་ནི་ཆོས་ལུགས་དང་ཐད་ཀརའབྲེལ་བ་ཡོད་དགོས་ངེས་ཤིག་མིན། ཞེས་དང་། ཡང་དེ་ཉིད་ལས། ང་ཚོས་མཐོང་གསལ་ལྟར་སྙིང་རྗེས་ང་ཚོའི་མི་ཚེ་ལ་དོན་སྙིང་སྦྱིན་གྱི་ཡོད། སྙིང་རྗེ་ནི་ཡུན་དུ་བརྟན་པའི་དགའ་བདེའི་འབྱུང་ཁུངས་དང་། གཞན་སེམས་སློང་བའི་གཞི་མའང་ཡིན། བདེན་པ་དང་། དྲང་བདེན། གཡོ་སྒྱུ་མེད་པ། བྱམས་བརྩེ། བྱམས་སེམས་སོགས་གཞན་གྱི་ཕྱོགས་ལ་བསྐྱེད་ན། ང་ཚོས་རང་ཉིད་ཀྱི་ཁེ་ཕན་སྲུང་གི་ཡོད། ཅེས་གསུངས་པ་དང་། དེ་བཞིན་དུ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས་ཀྱང་། ངོས་ནས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་(Secular Ethics) ཞེས་པ་ནི། མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་གཤིས་རྣམས་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གིའང་བྱམས་བརྩེའི་བསླབ་བྱའི་རྨང་གཞིར་གྱུར་པ་དེ་རྣམས་ལ་ཟེར་གྱི་ཡོད། ཅེས་པའི་ཟབ་པ་དང་རྒྱ་ཆེ་བའི་གསུང་སོགས་ལ་ལེགས་པར་ལྟ་ཀློག་བྱས་ཚེ་ང་ཚོས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ལ་གང་དང་གང་འཇོག་མིན་ངོས་འཛིན་བྱེད་ཐུབ།
༤༽ ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་ཚུལ།
འཇིག་རྟེན་སྤྱི་ལ་སྨན་པའི་བཟང་སྤྱོད་ནི་གོ་ལ་ཧྲིལ་པོ་འདིིར་འགྲོ་བ་མིའི་ཀུན་སྤྱོད་ཀྱིས་ཕོངས་པའི་བྱ་སྤྱོད་འགོག་ཐབས་རྨད་དུ་བྱུང་བའི་རིག་པའི་གཞུང་ལུགས་གཅིག་པུ་དེ་ཉིད་ཡིན་ཞིང་། དེ་ཉིད་འཛམ་གླིང་འདིའི་ཁྱོན་ཡོངས་ལ་ཁྱབ་སྤེལ་ཇི་ཙམ་ཆེ་བ་བཏང་བ་དེའི་ཚོད་ཀྱིས་འཇིག་རྟེན་ཁམས་ཀྱི་བཀྲ་མི་ཤིས་པའི་བྱ་སྤྱོད་ཉུང་དུ་འགྲོ་ངེས་པས་ཁྱབ་སྤེལ་གཏོང་ཚུལ་ནི། ཐོག་མར་སྤྱི་ཚོགས་ཀྱི་ཤེས་འཇོན་གཉིས་ལྡན་གྱི་དབུ་ཁྲིད། རྩོམ་པ་པོ། གྲགས་ཅན་མི་སྣ་རྣམས་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྲོལ་གཏོད་དགོས་པའི་རྒྱུ་མཚན། ཕན་ཡོན། དེ་ཉིད་ཁྱབ་སྤེལ་གྱི་མཇུག་འབྲས་སོགས་རྒྱུ་མཚན་ལྡན་པའི་ཐོག་ནས་ཡིད་སེམས་འགུགས་པའི་འགྲེལ་བརྗོད་དང་། ཁོང་རྣམ་པ་ནི་སྤྱི་ཚོགས་ཀྱི་མིག་དཔེར་འོས་པའི་སྐྱེས་བུ་ཡིན་པས་རྗེས་འཇུག་ཁྲི་ཕྲག་མང་པོའི་ཡིད་དབང་འཕྲོག་པའི་ནུས་པ་ཡོད། ཕྱོགས་གཞན་ཞིག་ནི་སྤྱི་ཚོགས་ཀྱི་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བགྲོ་གླེང་དང་། གོ་རྟོགས་སྤེལ་ཡུལ་གྱི་ཁོར་ཡུག་རྒྱ་བསྐྱེད་དང་གསར་བསྐྲུན། བརྗོད་བྱ་དེ་འབྲེལ་གྱི་དཔྱད་གཏམ་དང་ཞིབ་འཇུག་སོགས་ཀྱི་དེབ་དང་དུས་དེབ་སོགས་གང་མང་སྤེལ་བ། ཐབས་ལམ་གཞན་ཞིག་ནི་དེང་དུས་གཞི་རིམ་སློབ་གྲྭ་དང་མཐོ་རིམ་སློབ་ཆེན་སོགས་ཀྱི་སློབ་ཚན་གྱི་ནང་དུ་འགྲོ་བ་མིའི་བཟང་སྤྱོད་བརྗོད་བྱར་བྱས་པའི་དཔེ་དེབ་སོགས་ངེས་པར་དུ་སློབ་ཁྲིད་ཀྱི་ཐབས་ལམ་བེད་སྤྱད་ནས་སྤེལ་བའི་ལས་འགུལ་སྣ་མང་ཡོད།
དེའི་ཚུལ་ནི། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་ཕྱག་དེབ་ལས། ངའི་རེ་བ་དང་འདོད་དོན་ནི། ཉིན་ཞིག་སློབ་གྲྭ་སོགས་ཀྱི་ཤེས་ཡོན་ལམ་ལུགས་ཀྱིས་ངས་བརྗོད་བཞིན་པའི་སེམས་ཀྱི་ཡོན་ཏན་ཞེས་པའི་ཐོག་ལ་དོ་སྣང་སྤྲོད་རྒྱུ་དེ་ཡིན། གཞི་རྩའི་ཤེས་ཡོན་སློབ་གཞིའི་ཐད་ཕུལ་དུ་བྱུང་བ་ཞིག་བྱེད་དགོས་པར་ང་ཚོས་ཡིན་ཤག་བྱེད་པ་བཞིན་དུ་ཕྲུ་གུ་རྣམས་ཀྱིས་རང་རང་སོ་སོའི་སློབ་གྲྭའི་གཏན་འབེབས་སློབ་ཚན་གྱི་ཆ་ཤས་སུ། དཔེར་ན། བྱམས་པ་དང་། སྙིང་རྗེ། བཟོད་པ་ལྟ་བུའི་ནང་སེམས་ཀྱི་རིན་ཐང་གི་གལ་ཆེའི་རང་བཞིན་སློབ་སྦྱོང་བྱ་རྒྱུ་ཡིན་ཤག་བྱེད་པའི་དུས་ཚོད་ཅིག་འཆར་རྒྱུར་ང་ལ་རེ་བ་ཆེན་པོ་ཡོད། ཅེས་བཀའ་བསྩལ་ཡོད་ཅིང་། ལྷག་པར་དུ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་འགྲོ་བ་མིའི་སྤྱི་ཚོགས་ལ་ཁྱབ་སྤེལ་གཏོང་ཐུབ་པའི་རྒྱུ་མཚན་ལ་༧སྐྱབས་མགོན་ཡིད་བཞིན་ནོར་བུས་སྒྲུབ་བྱེད་མི་འདྲ་བ་གཉིས་འདྲེན་བཞིན་ཡོད།
དང་པོ་ནི། འགྲོ་བ་མི་རྣམས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འདུ་ཤེས་གཅིག་མཚུངས་ཡོད་པའི་གནས་སྟངས་དང་།
གཉིས་པ་ནི། འགྲོ་བ་མིིའི་ཕུང་པོ་གྲུབ་སྟངས་ཀྱི་ཆ་ནས་ཕན་ཚུན་གཅིག་བརྟེན་གཅིག་གྲོགས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་གི་ནང་དུ་གནས་དགོས་པའི་རྒྱུ་མཚན་དྲངས་ཡོད། དེའི་ཚུལ་ནི། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་ཕྱག་དེབ་ལས། རྩ་འཛིན་དང་པོ་ནི། ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གཅིག་གྱུར་གྱི་མངོན་འདོད་དེ་ངོས་འཛིན་བྱེད་དགོས། གཉིས་པ་ནི། ང་ཚོའི་ལུས་པོའི་གྲུབ་སྟངས་དངོས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་ཚུད། འགྲོ་བ་མིའི་དངོས་ཡོད་གནས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པའི་འབྲེལ་བ་ཤེས་རྟོགས་བྱ་རྒྱུ་དེ་ཡིན།
རྩ་འཛིན་དེ་གཉིས་ཀྱི་ཐོག་ནས། ང་ཚོ་རང་ཉིད་དང་གཞན་གྱི་བདེ་ཐབས་གཉིས་སོ་སོར་འབྱེད་མི་ཐུབ་པའི་འབྲེལ་ལམ་ངོས་འཛིན་དང་ཤེས་རྟོགས་ཐུབ་ཅིང་། གཞན་གྱི་བདེ་དོན་ལ་ང་ཚོས་བཅོས་མིན་གྱི་སེམས་ཁུར་ཞིག་གོང་འཕེལ་གཏོང་ཐུབ། དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་སྤྱོད་ཀྱི་གོ་རྟོགས་བསྐྲུན་རྒྱུ་དང་ནང་སེམས་ཀྱི་རིན་ཐང་རྒྱུད་ལ་སྐྱེད་པའི་གཞི་རྟེན་རན་པོ་ཞིག་འཛུགས་ཐུབ་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་སོགས་ཀྱིས་རིག་པའི་གཞུང་ལུགས་ཕྲ་མོའི་ལམ་ནས་དེ་འདྲ་བའི་བཟང་སྤྱོད་རྣམས་ཁྱབ་སྤེལ་བྱེད་ཐུབ་པའི་རྒྱུ་མཚན་རྣམས་གསལ་བར་གསུང་ཡོད།
༥༽ ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཇུག་འབྲས་དང་དེའི་གདོང་ལེན།
༧སྐྱབས་མགོན་ཡིད་བཞིན་ནོར་བུས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རིག་པའི་གཞུང་ལུགས་དེ་ཉིད་ཐུགས་དབྱིངས་སུ་བཅངས་ནས་བླང་དོར་གྱི་བཀའ་སློབ་གནང་འགོ་ཚུགས་པའི་ལོ་དུས་ནམ་ཡིན་མ་ཤེས་ཀྱང་། ༧སྐྱབས་མགོན་གང་ཉིད་འཛམ་གླིང་ཤར་ནུབ་གང་སར་ཞབས་ཀྱིས་བཅགས་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྐོར་ལེགས་ཉེས་བླང་དོར་བཀའ་སློབ་ཤུགས་ཆེར་གནང་བ་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཤར་ནུབ་གང་སར་བཟང་སྤྱོད་ཀྱིས་ཕོངས་པའི་རྒྱུ་རྐྱེན་ལས་བྱུང་བའི་མི་གསོད་འཕྲོག་བཅོམ་གྱིས་མཚོན་པའི་མ་རབས་ཐ་ཤལ་ཉུང་དུ་ཕྱིན་ཡོད། དཔེར་ན། ཉེ་དུས་ཨ་རིའི་ཆེས་མཐོའི་དཔོན་རིགས་དང་སྐོར་སྲུང་བ་འགས་བཤད་དོན། ཏཱ་ལའི་བླ་མ་ཨ་རིར་ཕེབས་རྒྱུར་ང་ཚོས་དགའ་བསུ་བྱེད་བཞིན་ཡོད། དེའི་རྒྱུ་མཚན་ནི་ཏཱ་ལའི་བླ་མའི་བླང་དོར་བཀའ་སློབ་ཀྱི་ནུས་མཐུས་ང་ཚོས་ཁྲིམས་ཀྱིས་སྟངས་འཛིན་དང་བཅོས་མ་ཐུབ་པའི་མི་གསོད་རྐུན་ཇག་ཉུང་དུ་ཕྱིན་སོང་། ཞེས་བཤད་ཡོད་ཅིང་།
དེ་ལས་གསལ་བའི་བཟང་སྤྱོད་ཀྱི་རིག་པའི་གཞུང་ལུགས་དེ་ཉིད་དར་སྤེལ་བཏང་བའི་ཕན་འབྲས་ཀྱི་དཔེ་མཚོན་གཅིག་བཀོད་ན། ཉེ་དུས་ཨ་རིའི་ཆེས་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་(University of California Santa Barbara) ཁང་གི་དཔེ་མཛོད་ནས་སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་དེ་ཉིད་ (༢༠༠༩ )ལོ་གཅིག་གི་རིང་སློབ་མ་རྣམས་ཀྱིས་ཀློག་དགོས་པའི་དེབ་ཁོངས་སུ་གཏན་ཕེབས་བྱས་ཡོད། ལྗགས་རྩོམ་དེ་ཉིད་ཆེས་མཐོའི་གཙུག་ལག་ཁང་གི་ཀློག་དགོས་པའི་དེབ་ཁོངས་སུ་གཏན་འབེབས་ཀྱི་བརྒྱུད་རིམ་ཁྲོད་བསམ་གཞིགས་བྱས་ཚེ། གསུང་རྩོམ་དེ་ཉིད་སྤྱི་ཚོགས་ཀྱི་སྟེང་དུ་འགྲེམས་སྤེལ་བྱས་ནས་ཀློག་དགོས་པའི་དེབ་ཁོངས་སུ་གཏན་ཕེབས་མ་བྱས་གོང་སྤྱི་ཚོགས་ནང་ལྟ་ཀློག་བྱེད་མཁན་ཧ་ཅང་མང་བ་དང་མིིའི་ཀུན་སྤྱོད་ལ་ཕན་ནུས་ངེས་བརྟན་ཞིག་བྱུང་ཡོད་པའི་ཆ་རྐྱེན་གྱི་འོག་ནས་མཁས་དབང་མང་པོ་བསྡུས་ནས་བགྲོ་གླེང་ཡུན་རིང་བྱས་ཡོད་པ་གདོན་མི་ཟ་བ་ལ། དཔེ་མཛོད་ཁང་ནས་གསུང་རྩོམ་དེ་ཉིད་གྲངས་ ༢༥༠༠ སློབ་མ་རྣམས་ལ་རིན་མེད་དུ་ཕུལ་བ་དང་གཞན་རྣམས་ལ་བརྒྱ་ཆ་ 20% ཆག་ཡང་བྱས་ནས་བཙོང་བ་དང་། མ་ཟད་མཐོ་སློབ་དེ་ཉིད་དང་འདབས་འབྲེལ་གྱི་མཐོ་སློབ་ (Santa Barbara City College) ལ་སོགས་པའི་མཐོ་སློབ་གསུམ་དང་དཔེ་མཛོད་ཁང་གཅིག་བཅས་མཉམ་འབྲེལ་གནང་ཡོད།
གནས་བབ་དེ་ཚོ་ལ་གཞིགས་ན་རིག་པའི་གཞུང་ལུགས་དེ་ཉིད་ཨ་རིས་མཚོན་པའི་གོ་ལ་ཧྲིལ་པོའི་སྤྱི་ཚོགས་ནང་བཟང་སྤྱོད་ཀྱིས་ཕོངས་པའི་རྐྱེན་གྱིས་བྱུང་བའི་རྐུན་ཇག་འཕྲོག་གསུམ་སོགས་ཀྱི་དཀའ་རྙོག་མང་པོ་ཞིག་སེལ་བར་ཕན་ཐོགས་ཆེན་པོ་ཡོད་པར་མཐོང་ནས་གཏན་འབེབས་བྱས་ཡོད་པ་དང་བཟང་སྤྱོད་ཀྱི་རིག་པའི་གཞུང་ལུགས་དེ་ཉིད་སྤྱི་ཚོགས་ནང་ཕན་འབྲས་ཆེན་པོ་ཡོད་པ་ང་ཚོས་ཀྱང་ཁོང་རྣམས་པའི་ལས་ཀ་བྱེད་ཕྱོགས་ལས་ཤེས་ནུས།
མ་ཟད་ཉེ་བའི་ཆར་བོད་ཀྱི་གྲོགས་པ་ཨ་རི་བ་རོ་བྷར་ཌི་ཐར་མིན་གྱིས ( Robert AF Thurman) དེང་གི་དུས་ལ་ཏཱ་ལའི་བླ་མས་ཅི་ཞིག་གི་ངོ་བོ་མཚོན་གྱི་ཡོད། ཅེས་པའི་རྩོམ་ཐུང་ནང་ལ་༧སྐྱབས་མགོན་རང་ཉིད་སངས་རྒྱས་ཆོས་ལུགས་ཀྱི་ངོ་བོ་ཙམ་འཛིན་མཁན་དང་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་ཙམ་མ་ཡིན་པར་འཇིག་རྟེན་འགྲོ་བའི་བདེ་སྐྱིད་ཀྱི་སླད་བཟང་སྤྱོད་དང་བསམ་བློའི་རིན་ཐང་གོང་འཕེལ་གཏོང་མཁན་གྱི་རླབས་ཆེན་སྐྱེས་ཆེན་དང་བྱམས་བརྩེའི་བདག་ཉིད་ཅན་ཡིན། ཞེས་བྲིས་ཡོད།
དེའི་ཚུལ་ནི། དེ་ཉིད་ལས། འདི་ནི་སྔ་མོ་ནས་དར་འོང་བའི་སློབ་གསོ་ཞིག་དང་རྣམ་ཤེས་སམ་ཤེས་པའི་འཕེལ་རིམ་ཞིག དེ་དང་འབྲེལ་བའི་ཤེས་ཡོན་གྱི་ལས་འགུལ་ཞིག་ཡིན་པས། འདིས་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ཆེད་དུ་གང་ཟག་སོ་སོའི་ལྟ་བའམ་གྲུབ་མཐའ་གང་ཡིན་ལ་མ་ལྟོས་པར། མིའི་སེམས་དང་བསམ་པར་ཤེས་ཡོན་སྤྲོད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་དང་། མིའི་རྣམ་དཔྱོད་དང་འཛམ་གླིང་སྤྱིའི་འགན་ཁུར་ལ་མཐོ་འདེགས་དང་རྒྱབ་སྐྱོར་གནང་མཁན་ཞིག་བཅས་ཡིན་ལ། ཞེས་བྲིས་འདུག་ཅིང་དེ་ནི་དཔེ་མཚོན་ཙམ་ཡིན། མ་ཟད་༧སྐྱབས་མགོན་ཡིད་བཞིན་ནོར་བུ་གང་ཉིད་ལོ་རེའི་ནང་འཛམ་གླིང་སྤྱི་དང་ཤར་ནུབ་རྒྱལ་ཁབ་འདྲ་མིན་གྱི་ནང་མི་མང་གི་ཆེས་དགའ་མོས་བྱེད་སའི་བཟང་སྤྱོད་དབུ་འཁྲིད་ནང་ཐེངས་མང་འདེམས་ཐོན་བྱུང་བའི་གསར་གྱུར་ཧ་ཅང་མང་པོ་གོ་རྒྱུ་དང་མཐོང་རྒྱུ་ཡོད།
སྤྱིར་ན་གོ་ལ་ཧྲིལ་པོའི་སྤྱི་ཚོགས་ཀྱི་ཁོར་ཡུག་གི་ནང་ལེགས་ཉེས་ཀྱི་བྱ་གཞག་གང་ཞིག་གསར་གཏོད་ཀྱི་སྐབས་དཀའ་ངལ་སྣ་ཚོགས་ཞིག་འཕྲད་རྒྱུ་ཡིན་པ་སྨྲོས་མེད་ཡིན་ལ། དེ་དང་ཕྱོགས་མཚུངས་༧མགོན་པོ་གང་ཉིད་ནས་རིག་པའི་གཞུང་ལུགས་དེ་ཉིད་ཐོག་མར་སྲོལ་འབྱེད་པའི་སྐབས་དཀའ་ངལ་ལམ་རིག་པའི་གཞུང་ལུགས་དེ་ཉིད་མི་ལེགས་པའི་ལྟ་ཚུལ་འདོན་མཁན་དངོས་ཤུགས་བརྒྱུད་གསུམ་ནས་བྱུང་ཡོད། ཆོས་ལུགས་ཀྱི་མཚམས་ལས་འདས་པ་དང་། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་སོགས་བཀླགས་ན་ཤེས་ངེས་ཡིན། དཔེར་ན། སྐྱེས་བུ་འགས། ཆོས་ལུགས་དང་མ་འབྲེལ་བའམ་དང་ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་བརྗོད་པའི་ཚེ་དང་། ལྷག་པར་དུ་ (Secular Ethics) ཞེས་པའི་དབྱིན་ཇིའི་ཚིག་དེ་ཉིད་བརྗོད་པའི་ཚེ་རང་བཞིན་གྱིས་ཆོས་ཁས་མི་ལེན་པའམ། ཆོས་ལ་མི་དགའ་བ། ཆོས་ལ་སྡང་འཛིན་གྱི་ཚིག་ཏུ་འདོད་མཁན་དང་གོ་མཁན་ཡོད་པས་རིག་པའི་གཞུང་ལུགས་དེ་ཉིད་༧སྐྱབས་མགོན་གང་ཉིད་ཀྱིས་མ་གསུངས་ན་ལེགས་ཚུལ་གྱི་དགོངས་འཆར་ཕུལ་མཁན་མང་པོ་བྱུང་ཡོད།
དེའི་ཚུལ་ནི། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པའི་ཕྱབ་དེབ་དེ་ཉིད་ལས། འདི་ནི་ངོས་ཀྱིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་བརྗོད་པའི་གཞི་རྟེན་ཡིན། མི་འགའ་ཞིག་དང་ལྷག་པར་དུ་ཡི་ཤུ་དང་ཁ་ཆེའི་ཆོས་གྲོགས་ཕོ་མོ་ཁ་ཤས་ལ་ངོས་ནས་བེད་སྤྱོད་བྱེད་པའི་ཐ་སྙད་ཆོས་དང་མ་འབྲེལ་བ་ཞེས་པས་དཀའ་ངལ་བཟོ་གི་ཡོད་པ་ངས་ཤེས་ཀྱི་ཡོད། འགའ་ཞིག་གི་ངོར། ཚིག་དེ་ག་རང་གིས་མཐའ་གཅིག་ཏུ་ཆོས་ཁས་མི་ལེན་པའམ་ཡང་ན་དེ་བས་ཆོས་ལ་སྡང་འཛིན་བྱེད་པ་སྟོན་ཞིང་། ཁོང་ཚོའི་བསམ་པར། ཚིག་དེ་བེད་སྤྱོད་བྱས་པས། བཟང་སྤྱོད་ཀྱི་རྣམ་གཞག་དང་མི་མང་གི་འཚོ་བའི་གནས་སྟངས་ཀུན་གྱི་ཁྲོད་ནས་ཆོས་ལུགས་ཟུར་འདོན་བྱེད་པར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར་མཐོང་ཤས་ཆེ། ཞེས་དང་།
ཡང་དེ་ཉིད་ལས། ངའི་བསམ་པར། ལོ་རྒྱུས་འདིའི་མཇུག་འབྲས་སུ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་ཆོས་དང་མ་འབྲེལ་བའི་རིང་ལུགས་ཞེས་པའི་བསམ་ཚུལ་ནི་ཡང་ནས་ཡང་དུ་ཆོས་ལུགས་ཀྱི་འགལ་ཟླ་ལྟ་བུ་མཐོང་གི་ཡོད། ཆོས་དང་མ་འབྲེལ་བའི་རིང་ལུགས་དང་ཆོས་གཉིས་རྟག་ཏུ་ཕན་ཚུན་རྒྱབ་འགལ་དང་མཉམ་གནས་མི་ཐུབ་པའི་གནས་སྟངས་ཤིག་ཏུ་ཡོད་པ་ལྟར་མཐོང་ཞིང་། ཕྱོགས་གཉིས་པོའི་རྗེས་འཇུག་པ་རྣམས་ཀྱི་དབར་མངོན་གསལ་དོད་པོའི་དོགས་པ་རྣམ་རྟོག་དང་ལྡང་འཛིན་གྱིས་ཁེངས། ཆོས་ནི་འགྲོ་བ་མིའི་ཡར་རྒྱས་ཀྱི་འགོག་རྐྱེན་ཞིག་རེད་ཟེར་བའི་བསམ་ཚུལ་དེ་ངོས་ནས་ཁས་ལེན་ཐུབ་ཐབས་མེད་པ་དང་ཆབས་ཅིག ཞེས་གསལ་བས་ཤེས་ནུས། འོན་ཀྱང་༧མགོན་པོ་གང་ཉིད་ཀྱིས་གནད་དོན་དེའི་སྐོར་ལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དུ་ཡང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཡོད་པའི་བྱུང་བ་དང་ལྷག་པར་དུ་ སྦི་ ཨར་ ཨམ་སྦེ་ཀར་ལ་སོགས་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་རྩ་ཁྲིམས་གསར་དུ་བཏོད་དགོས་པའི་རྒྱུ་མཚན་ལ་ཆོས་ལུགས་གང་ཡང་ཁས་མི་ལེན་དང་ཆོས་ལ་རྒོལ་བའི་ཚབ་ཏུ་ཆོས་ལུགས་ཀུན་ལ་གུས་བཀུར་དང་མཆམ་མཐུན་མཉམ་གནས་ཐུབ་པའི་དགེ་མཚན་སོགས་དུ་མ་ཡོད་པའི་རིག་པའི་གཞུང་ལུགས་དེ་ཉིད་ཁུངས་གཏུགས་ནས་སྲོལ་བཏོད་པའི་ཚུལ་བཀའ་ལན་གནང་ཡོད། དེའི་ཚུལ་ནི། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ཞེས་པ་ཕྱག་དེབ་ལས། དེས་ན། ངོས་ལ་མཚོན་ན། ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་དེར་འཇིགས་སྣང་མེད། དེ་ལས་ལྡོག་སྟེ། རྒྱ་གར་གྱི་ཆོས་དང་མ་འབྲེལ་བའི་རྩ་ཁྲིམས་སྲོལ་བཏོད་བྱེད་པོ་ཌོར་ཌར་སྦི ཨར་ ཨམ་སྦེ་ཀར B.R.Ambekar དང་ཌོག་ཌར་ར་ཇེནྜ་ པྲ་ས་ད་ Rajendra Prasad ལྟ་བུའི་མི་སྣ་རྣམས་ལ་ངོས་ནས་གུས་བརྩི་ཞུ་ཞིང་། ཁོང་རྣམས་ཀྱིས་ཆོས་དང་མ་འབྲེལ་བའི་རིང་ལུགས་གོང་མཐོར་གཏོང་བའི་དམིགས་ཡུལ་ཡང་ཆོས་ལུགས་མེད་པ་བཟོ་ཕྱིར་མ་ཡིན་པར། རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུ་ཆོས་ལུགས་སྣ་ཚོགས་ཡོད་པ་རྣམས་ལུགས་མཐུན་གྱི་སྒོ་ནས་ངོས་འཛིན་བྱ་ཕྱིར་ཡིན། ཞེས་སོགས་ཀྱི་གསུང་ལ་བལྟས་ན་ང་ཚོས་རིག་པའི་གཞུང་ལུགས་ཆེན་མོ་དེ་ལ་རྒོལ་བའི་སྐྱེས་བུ་ཡོད་པ་དང་དེའི་དགག་ལན་རྣམས་ཤེས་ནུས།
༦༽ མཇུག་གི་གཏམ།
དེང་གོ་ལ་ཧྲིལ་པོའི་སྤྱི་ཚོགས་ཀྱི་དཀའ་རྙོག་མང་པོ་ཞིག་འགྲོ་བ་མིའི་ཀུན་སྤྱོད་ཞན་པའི་འབྲས་བུ་ཡིན་པར་བློ་གྲོས་ཀྱི་འཇུག་པ་ཡངས་པའི་མཁས་དབང་ཀུན་གྱིས་ཐུན་མོང་དུ་གཟིགས་ཤིང་གསུང་བཞིན་ཡོད། བཟང་སྤྱོད་ཀྱིས་ཕོངས་པའི་ཉེས་འབྲས་བཟློག་ཐབས་སུ་དེའི་རྒྱུ་བཟློག་དགོས་པ་སྨྲོས་མེད་ཡིན་པས་དེའི་ཕྱིར། ༧སྐྱབས་མགོན་གང་ཉིད་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཤིང་རྟའི་སྲོལ་འབྱེད་མཛད་ནས་དེ་ཉིད་སྟོན་པའི་རིག་པའི་གཞུང་ལུགས་ཆེན་མོ། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པ། ཞེས་པའི་གཞུང་ལུགས་ཀྱི་བསྟན་བཅོས་ཆེན་མོ་བརྩམས་ཡོད་ཅིང་། གཞུང་ལུགས་དེ་གཉིས་ཀྱི་བསྡུས་དོན་ལྟ་བུ་ནི། སྤྱིར་ཆོས་ལུགས་དང་མ་འབྲེལ་བའི་རིག་པའི་གཞུང་ལུགས་དེ་ཉིད་སྲོལ་བཏོད་དགོས་པའི་རྒྱུ་མཚན། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གོ་དོན་དང་དེའི་གོ་དོན་ཕྱིན་ཅི་ལོག་སྨྲ་བའི་ལུགས་གནའ་དེང་གི་ལོ་རྒྱུས་དང་རིག་པའི་ལམ་ནས་འགོག་པའི་ཚུལ། སྤྱི་ཚོགས་ཀྱི་ཁྲོད་དུ་བཟང་སྤྱོད་དེ་དག་ཁྱབ་སྤེལ་གཏོང་ཐུབ་པའི་རིག་པའི་གཞུང་ལུགས་དང་གཏོང་ལུགས་ཀྱི་གོ་རིམ་གྱི་རྣམ་གཞག་དང་། བཟང་སྤྱོད་དེ་རྣམས་ཀྱི་ངོ་བོ་དང་དབྱེ་བ། སྒོམ་པའི་རིམ་པ་སོགས་ལེགས་པར་གཏན་ལ་ཕབ་པའི་སྒོ་ནས་ཡ་ང་བའི་འཇིག་རྟེན་གྱི་མི་ཤིས་པའི་མུན་པའི་ཉེས་སྤྱོད་འགོག་པའི་ཡང་དག་པའི་རིག་པའི་གཞུང་ལུགས་ཀྱི་ཉིན་བྱེད་འོད་སྣང་གི་མཛད་འཕྲིན་གོ་ལ་ཡོངས་ལ་ཁྱབ་པར་མཛད་གནང་ཡོད། །
ཅེས་ཨ་ལགས་བློ་གྲོས་ཆོས་བཟང་གིས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས།
བཀླགས་ཟིན།
ཡ་རབས་བཟང་སྤྱོད་ཟེར་བ་དེ་ཆོས་དང་འབྲེལ་བ་མེད་པའི་མིའི་
སྤྱི་ཚོགས་ཀྱི་སྒོམ་ཤིས་དངའབྲེལ་བ་ཡོད་པའི་ཐ་སྙད་ཞིག་ལ་ངོས་འཛིན་བྱས་ཆོག་པ་ནི་ངོ་ཚ་ཡོད་ན་ཡ་རབས་ཡོད་ལ་
ཡ་རབས་ཡོད་ན་བཟང་སྤྱོད་ཡང་ཡོད་ལ་བཟང་སྤྱོད་ཡོད་ན་གཞན་ལ་ཕན་སེམས་ཡང་ཡོད་ལ་ཕན་སེམས་ཡོད་ན་སྙིང་རྗེ་
ཡང་ཡོད་ལ་སྙིང་རྗེ་ཡོད་ན་བདག་འཛིན་དོར་ཐུབ་ལ་བདག་འཛིན་དོར་ཐུབ་ན་བློ་ཆོས་ལ་འཇུག་པ་་དང་བློ་ཆོས་ལ་འཇུག་ཐུབ་ན་ཐོས་བསམ་སྒོམ་སུམ་ལ་ཉམས་ལེན་ཡང་བྱེད་ཐུབ་པ་ཡིན་།