རྫ་ཚེ་རིང་བཀྲ་ཤིས། (ཨོ་གླིང་)
གཅིག
དེ་རིང་ངས་དྲ་ལམ་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་འབྲེལ་བའི་ལས་འགུལ་གྱི་རྣམ་པ་འགའ་མཐོང་བ་དང་འབྲེལ་ནས་བརྗོད་གཞི་འདིའི་ཐོག་སྐད་ཆ་ཁ་ཤས་ཤིག་བཤད་འདོད་སྐྱེས་བྱུང་། དེ་ཡང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་༧གོང་ས་མཆོག་གི་བཀའ་སློབ་གལ་ཆེན་ཞིག་རེད་ལ། ༧གོངས་མཆོག་གི་བཀའ་སློབ་ལག་ལེན་དུ་བསྟར་རྒྱུ་ནི་བོད་མི་ཡོངས་ལ་འཁྲི་བའི་ལས་འགན་ཞིག་རེད། འདི་ལ་ཐེ་ཚོམ་གང་ཡང་མེད། འོན་ཀྱང་། བཀའ་སློབ་དང་ལམ་སྟོན་དེ་ཚོ་ལ་རིམ་པ་མང་པོ་ཡོད་ཅིང་། འགའ་ཞིག་ལག་བསྟར་བཀའ་ཁྱབ་ཡིན་པ་དང་། ཡང་འགའ་ཞིག་ནི་སྐུ་སྒེར་གྱི་དགོངས་ཚུལ་གཞེན་སྐུལ་གྱི་ངོ་བོའི་ཐོག་ནས་གསུང་གིན་ཡོད།
དང་པོ་ནི། ལག་ལེན་དུ་བསྟར་དགོས་པ་ཞིག་ཡིན་ན་ཡང་། དགོངས་གཞི་གང་ལ་དགོངས་ནས་གསུངས་པ་དང་། ཁྱབ་ཁོངས་ག་འདྲ་ཞིག་ལ་ལག་ལེན་འོས་པ། བཀའ་སློབ་ཀྱི་རྒྱབ་ལྗོངས་དངོས་གང་ཡིན་པ་སོགས་ལ་གོ་བ་ལེན་རྒྱུའི་ཐོབ་ཐང་དང་འོས་འགན་གཉིས་ཀ་ང་ཚོར་ཡོད་པ་རེད།
གཉིས་པ་ནི། གང་ཟག་སྒེར་གྱི་འཚོ་བའི་ཁྱབ་ཁོངས་སུ་བཞག་ནས་གང་ཐུབ་ཀྱི་སློབ་སྦྱོང་དང་ཉམས་ལེན་དགོས་པ་ཞིག་རེད། དེ་མིན་ཚིག་ཟིན་ཡོངས་རྫོགས་སྒྲ་ཅི་བཞིན་དུ་གོ་བ་བླངས་ནས་གཞུང་གི་སྲིད་ཇུས་ལྟ་བུ་ཆགས་ན་དེ་ནི་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟངས་ཡག་ཤོས་དེ་མ་རེད།
གཉིས།
སྤྱིར་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་འདིར་མིང་ཚིག་གི་བྱུང་རིམ་དང་འགྲེལ་བཤད་མ་འདྲ་བ་ངེས་ཅན་ཡོད་འདུག་ན་ཡང་། གོ་བ་སྟབས་བདེ་ས་ནས་བླངས་ན་ཕལ་ཆེར་འགྲོ་བ་མིའི་གཞི་རྩའི་ལེགས་ཆའམ། ཡང་ན་ཡོངས་ཁྱབ་ཀྱིས་ཁས་ལེན་ཡོད་པའི་རིན་ཐང་ཁག་གཞི་རྩར་བཞག་པའི་ཐོག་ནས་སློབ་གསོ་གཏོང་སྟངས་ཤིག་རེད། ༧གོང་ས་མཆོག་གིས་ཐེངས་མང་པོར་འདིའི་སྐོར་ནས་གསུངས་ཡོད་པ་དང་། འཛམ་གླིང་ཡོངས་ཁྱབ་ཏུ་ཡང་འདིའི་སྐོར་ལ་འབོད་སྐུལ་དང་སྣེ་ཁྲིད་ཀྱང་གནང་བཞིན་ཡོད།
གསུམ།
མཁྱེན་གསལ་ལྟར་༧གོང་ས་མཆོག་ལ་ཀུན་ཁྱབ་ཀྱི་མཛད་འགན་གསུམ་ཡོད་པའི་དང་པོ་དེ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཐུན་མོང་གི་འཚོ་གནས་ཀྱི་བདེ་སྐྱིད་དང་འབྲེལ་བའི་བཀའ་སློབ་དང་ཕྱག་ལས་གནང་རྒྱུ་དེ་རེད། དེའི་ཆ་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བཀའ་སློབ་འདི་རླབས་ཆེན་ཞིག་ཡིན་པར་ཐེ་ཚོམ་རྩ་བ་ནས་མེད། ཁྱད་པར་དུ་༧གོང་ས་མཆོག་ཉིད་འཛམ་བུ་གླིང་གི་ཆོས་ལུགས་དང་མི་རིགས་མི་འདྲ་བའི་མི་མང་ས་ཡ་མང་པོའི་རེ་ལྟོས་དང་དགའ་མོས་ཞུ་ཡུལ་གྱི་བསམ་བློའི་དབུ་ཁྲིད་གལ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་མཚན་ཐོག་ནས་བྱམས་བརྩེ་དང་བཟོད་སྲན་སོགས་ཀྱི་སྙིང་སྟོབས་དར་སྤེལ་གནང་བ་ནི་ཧ་ཅང་རླབས་ཆེན་ཞིག་རེད།
བཞི།
འོན་ཀྱང་། ང་ཚོ་བོད་པའི་སྤྱི་ཚོགས་ནི་༧གོང་ས་མཆོག་གི་ནང་མའི་དགེ་ཕྲུག་ཡིན་ཞིང་། ནང་པ་སངས་རྒྱས་པའི་ཐུན་མིན་གྱི་ལྟ་གྲུབ་ཉམས་ལེན་ཁྱབ་སྤེལ་གནང་ཡུལ་གཙོ་བོ་དེ་ཡིན། ༧གོང་ས་མཆོག་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རིག་གཞུང་གི་འདུ་ཤེས་རྩིས་སྤྲོད་གནང་ཡུལ་ཡང་ང་ཚོ་བོད་པ་ཚོ་ཡིན། དེའི་ཆ་ནས་ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལ་གོ་བ་ལེན་སྟངས་དང་ལག་ལེན་བསྟར་སྟངས་དེ་གཞན་པ་ཚོ་དང་གཏན་ནས་མི་འདྲ།
ལྔ།
བོད་པ་དང་བོད་པའི་སློབ་གྲྭའི་ཕྲུ་གུ་སོགས་ལ་ནི་བཟང་སྤྱོད་ཀྱི་སློབ་གསོ་གང་གནང་ཡང་གཙོ་བོ་ནང་ཆོས་རང་གི་ཐོག་ནས་སློབ་གསོ་དར་སྤེལ་བྱེད་པ་དེ་ཧ་ཅང་འོས་མཚམས་ཡིན་ལ། ཆོས་ལུགས་དང་མ་འབྲེལ་བ་ཟེར་རྒྱུའི་ཚབ་ལ་ནང་ཆོས་དང་ཁ་མ་བྲལ་ཞེས་པའི་ཚིག་འདི་སྤྱད་ན་དེ་བས་ཀྱང་འཚམ། འདི་ནི་༧གོང་ས་མཆོག་གིས་ཡང་ཡང་གསུངས་པའི་བོད་ཀྱི་གཞོན་སྐྱེས་དག་གིས་འཛམ་གླིང་ལ་ངོམ་དུ་རེ་བའི་བོད་ཀྱི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་སྟངས་དང་། ༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟངས། འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུ་ལ་བོད་པ་ཚོའི་ངོས་ནས་ལེགས་སྐྱེས་འབུལ་སྟངས་བཅས་ཡིན། མ་མཐའ་ཡང་ངས་འདི་ལྟར་གོ་བ་ལེན་གྱི་ཡོད།
དྲུག
སྤྱིར་དེང་སང་གི་གཞོན་སྐྱེས་མང་པོ་ཞིག་ལ་ཕ་མེས་ནས་བརྒྱུད་པའི་རིག་གཞུང་གི་བསམ་བློ་དང་མི་རིགས་ཀྱི་གོམས་གཤིས་སོགས་རྒྱུན་འཛིན་བྱེད་པའི་གོ་སྐབས་སམ་དུས་ཚོད་ཧ་ཅང་དཀོན་ལ། ཞན་ཆ་དེའི་འོག་ནས་བོད་པ་ཡིན་ཡང་བོད་པའི་བསམ་བློ་དང་རིག་གཞུང་གི་གོམས་གཤིས་དེ་ཉམས་ཞན་དུ་འགྲོ་བཞིན་པའི་གནས་སྟངས་ཞིག་ཡོང་གིན་ཡོད།
སློབ་གྲྭའི་གཞི་རྩའི་སློབ་གསོ་དག་ཀྱང་གནས་ཡུལ་རྒྱལ་ཁབ་ཀྱི་ཤེས་ཡོན་སྲིད་ཇུས་ལྟར་འགྲོ་དགོས་པའི་དཀའ་ངལ་ཡོད་པའི་ཐོག ཀུན་སྤྱོད་དང་འབྲེལ་བའི་སློབ་གསོའི་གོ་སྐབས་ཅུང་ཟད་ཡོད་པ་དེ་ཚོར་ཡང་ཆོས་དང་མ་འབྲེལ་བའི་སློབ་གསོ་ཞེས་བསྒྱུར་ཏེ་ཆོས་ཕྱོགས་ཀྱི་འཆད་སྟངས་དང་། ཐུན་མིན་གྱི་སློབ་གསོའི་འགྲོ་སྟངས་དེ་ཚོ་ག་ལེར་མེད་པ་ཆགས་ན་དེ་ནས་ཕྲུ་གུ་དེ་དག་གི་སེམས་ཁམས་སུ་ནང་ཆོས་ཀྱི་སློབ་གསོ་ཡག་པོ་ཞིག་འཇགས་རྒྱུའི་གོ་སྐབས་ཐ་མ་དེ་ཡང་མེད་པ་ཆགས་རྒྱུ་རེད། དེ་འདྲའི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་སྤྱིར་བཏང་ཡ་རབས་ཞིག་ཡོང་ནའང་ཐང་མོད། ནང་པའི་རྗེས་འབྲངས་པ་དང་བོད་ཀྱི་རིག་གཞུང་གི་ཐུན་མིན་གྱི་རང་གཤིས་ཡོད་པའི་མི་ཞིག་ཏུ་འཚར་ལོང་ཡོང་ཐབས་མེད། དེས་ན་ནར་མ་སོན་པའི་བོད་ཀྱི་སློབ་གྲྭའི་ཁོར་ཡུག་ཏུ་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་སློབ་གསོའི་དར་ཆ་འདི་ཤུགས་ཆེན་པོའི་ཁྱབ་བསྒྲགས་བྱེད་པ་ནི་ཉེན་ཁ་ཞིག་ཡིན།
བདུན།
དེ་ཡང་དཔེ་མཚོན་ཞིག་གི་ཐོག་ནས་ཞུས་ན། བོད་ཀྱི་ཕྲུ་གུ་དེ་ཚོར་བཟོད་པའི་ཉམས་ལེན་ལྟ་བུ་ཞིག་སློབ་ཁྲིད་བྱེད་ན་ཡང་། ཚེ་སྔ་ཕྱི་དང་ལས་འབྲས་ཀྱི་ལྟ་གྲུབ་རྨང་གཞིར་བཞག་ནས་སློབ་ཁྲིད་བྱེད་དགོས་ལ། དེ་ལྟར་བྱས་ན་ཆོས་ལུགས་ཀྱི་གཞི་རྩའི་ཡང་དག་པའི་ལྟ་གྲུབ་ཀྱི་རྩ་བ་གང་ལེགས་ཚུགས་ཐུབ་ཅིང་། ཀུན་སྤྱོད་སློབ་གསོའི་དངོས་ཡོད་ཀྱི་དགོས་དོན་ཡང་འགྲུབ་པ་རེད། དེ་ལས་ལྡོག་ཏེ་སློབ་གསོ་དེ་ཚོའི་རྩ་བའི་འབྱུང་ཁུངས་དང་ངོ་བོ་ལས་གཡོལ་དགོས་པའི་རྒྱུ་མཚན་གཏན་ནས་མེད་པ་རེད།
ཁྱད་པར་ནང་པ་ཞིག་ཡིན་པའི་ངོས་ནས་ཞུས་ན། དགེ་བ་ཚང་མ་སེམས་ཀྱི་ཀུན་སློང་ལས་བསོད་ནམས་དང་སྡིག་པའི་ངོ་བོ་དང་ཆེ་ཆུང་དབྱེ་བ་འདི་ཧ་ཅང་གལ་ཆེན་དུ་རྩི་བཞིན་ཡོད། དེ་ཡང་། མི་ཞིག་གིས་བསམ་པ་བཟང་པོས་མི་གཞན་ལ་རོགས་པ་ཞིག་བྱས་པ་ལྟ་བུར་མཚོན་ན། ངེས་འབྱུང་གིས་ཟིན་ན་ཐར་པའི་ལམ་དང་འབྲེལ་བའི་དགེ་བ་ཆགས་ཀྱི་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཐེག་ཆེན་གྱི་དགེ་བ་ཆགས་ཀྱི་ཡོད་ལ། ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་བྱས་ན་སྤྱིར་བཏང་གི་དགེ་བ་ཙམ་ཆགས་ཀྱི་ཡོད་ལ། དེ་ལ་དམ་པའི་ཆོས་མངོན་པ་ལས་ལེགས་སྤྱད་ཅེས་གསུངས་ཡོད།
དེས་ན་བོད་པ་ཞིག་ཡིན་པའི་ངོས་ནས་དགེ་བ་དང་བཟང་སྤྱོད་ཀྱི་ཉམས་ལེན་ག་འདྲ་ཞིག་ཡིན་ཡང་གང་ཐུབ་ཐུབ་ཀྱིས་ཆོས་ལུགས་དང་འབྲེལ་བའི་ཀུན་སྤྱོད་ཅིག་ཡིན་དགོས་པ་དེ་ཧ་ཅང་གནད་འགག་ཅིག་མིན་ནམ་སྙམ།
བརྒྱད།
ངས་འདིར་བརྗོད་བཞིན་པའི་ཆོས་ལུགས་དང་འབྲེལ་བ་ཟེར་བ་དེ་ཡང་། འདོན་ཆོག་གང་རུང་ཞིག་དང་སྦྲེལ་དགོས་པའམ། ཕྱག་རྒྱ་དང་སྟངས་སྟབས་དམིགས་བསལ་བ་ཞིག་དང་སྦྲེལ་དགོས་པའི་དོན་མིན། དེ་ཡང་འཇིག་རྟེན་ཡང་དག་གི་ལྟ་བ་སྟེ། ཚེ་སྔ་ཕྱི་དང་ལས་འབྲས་ལ་ཡིད་ཆེས་པའི་ལྟ་གྲུབ་ཅིག་གི་རྨང་གཞི་བྱས་ཏེ། དེའི་ཐོག་ཏུ་སྤྱོད་འཇུག་བཟོད་པའི་ལེའུ་ལྟ་བུ་ཞིག་ལ་སློབ་སྦྱོང་བྱེད་པའི་དབང་དུ་བཏང་ཡང་། སྟོན་པ་ཐུགས་རྗེ་ཅན་དང་བྱང་སེམས་བདག་ཉིད་ཆེན་པོ་རྣམས་གྱི་ཉམས་ལེན་དང་རླབས་ཆེན་གྱི་མངོན་རྟོགས་ལ་ཡིད་ཆེས་པའི་ཐོག་ནས་དེ་དག་གི་རྗེས་འཇུག་ཅིག་ཡིན་སྙམས་པའི་ངོས་འཛིན་གྱི་ཐོག་ནས་སློབ་སྦྱོང་བྱེད་དགོས་ཟེར་བ་ཡིན། དེ་ལྟར་བྱུང་བ་ཡིན་ན་གཞི་ནས་ཆོས་ཀྱི་ཞགས་རྩི་ཡོད་པའི་ནང་པའི་རྗེས་འཇུག་ཞིག་ཆགས་ཐུབ་རྒྱུ་རེད་ལ། ནང་པ་ལ་ཡོད་འོས་པའི་ཀུན་སྤྱོད་ཀྱི་སློབ་གསོ་དངོས་དེ་ཡང་དེ་འདྲ་བྱས་ནས་ཡོང་གི་ཡོད་པ་རེད།
དགུ།
དེང་སང་ནང་པའི་དགེ་ལས་ཚོགས་པ་དེ་འདྲས་བཙུགས་པའི་སློབ་གྲྭ྄་དང་། སྤྱིར་བཏང་གི་ཟ་ཁང་དང་ཚོང་ཁང་མང་པོ་ཞིག་གིས་རང་ཉིད་ནང་པ་ཡིན་ཡང་ཚོང་མགྲོན་འགུག་པའི་ཆེད་དུ་ཆོས་ལུགས་བྱེ་བྲག་པ་དང་མ་འབྲེལ་རྣམ་པ་གཙོར་འདོན་བྱེད་མཁན་རིགས་གཅིག་ཡོད་པ་རེད། སྤྱིར་བཏང་སྒེར་གྱི་དད་མོས་དང་སྤྱི་ཚོགས་དང་འབྲེལ་བའི་ལས་ཀ་གཉིས་བར་དབྱེ་མཚམས་འཛིན་པ་དེ་ཡང་མཐའ་གཅིག་ཏུ་སྐྱོན་ཆ་ཞིག་མ་རེད།
འོན་ཀྱང་། བོད་ནི་དེ་དང་མི་འདྲ་བར་བོད་ལ་ཡོད་པའི་རིག་གཞུང་ནི་ནང་པའི་ཆོས་ལུགས་དང་ཁ་འབྲལ་ཐབས་མེད་པ་དང་། ཁྱད་པར་ད་ལྟའི་བོད་ཀྱི་སློབ་གྲྭ་ཁག་གི་ཕྲུ་གུ་དག་གི་འཚོ་བ་དང་བསམ་བློ་ཆོས་དང་རིག་གཞུང་གི་བསམ་བློ་དང་ཁ་ཐག་རིང་དུ་འགྲོ་བཞིན་པའི་དུས་ཚོད་འདི་འདྲ་ཞིག་ལ་ཆོས་དང་འབྲེལ་བའི་ཀུན་སྤྱོད་ཀྱི་སློབ་གསོ་ཅུང་ཟད་ཡོད་པ་དེ་ཚོ་ཡང་ཆོས་དང་མ་འབྲེལ་བ་ཞེས་པའི་མིང་བྱང་འོག་ཏུ་བཅུག་ནས་རྩལ་འདོན་གནང་ཆེ་བ་ཡིན་ན་དེས་ག་ལེར་བྱས་ནས་ལྡོག་ཕྱོགས་ཀྱི་མཇུག་འབྲས་བསྐྱེད་སྲིད།
བཅུ།
ཡང་སློབ་གྲྭའི་དགེ་རྒན་དང་། ཡང་ན་དགེ་འོས་སློབ་གྲྭའམ་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་སོགས་སུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོའི་གོ་དོན་གང་ཡིན་དང་། སློབ་གསོ་དེ་བརྒྱུད་ནས་སྤྱི་ཚོགས་ཐོག་གི་ཆོས་ལུགས་ཁས་མི་ལེན་པ་དང་། ཆོས་ལུགས་དང་འབྲེལ་མེད་དུ་གནས་པའི་མི་ཚོར་ཕན་འདོགས་སྟངས་སོགས་༧གོང་ས་མཆོག་གི་བཀའ་སློབ་དང་དགོངས་བཞེད་ལྟར་ཁྱབ་སྤེལ་བྱེད་སྟངས་ཐད་ཟབ་སྦྱོང་ག་འདྲ་ཞིག་སྤྲད་ནའང་འདྲ། མི་སྒེར་གྱི་ངོས་ནས་ལས་དོན་ག་འདྲ་ཞིག་སྒྲུབ་ན་ཡང་དེ་ནི་ཧ་ཅང་འགྲིག་པ་ཞིག་རེད།
2017/7/18
རྩོམ་ཡིག་རིང་དྲག་ཏེ་ཀློག་ཐུབ་མ་སོང། ཁ་བྱང་ལ་ལྟས་ཏེ་སྐད་ཆ་ཞིག་བཤད་འདོད་བྱུང་། མ་གཞི་རྒན་ཚེ་བཀྲ་ཁྱེད་རང་གྲྭ་བ་ཞིག་རེད། དགོན་ནང་ནས་གྲོང་མཐར་ཉུལ་བའི་གྲྭ་བ་ཞིག་རེད། ཁྱེད་ཀྱིས་སློབ་མ་ཚོའི་སེམས་ཁམས་དང་གནས་བབ་ཤེས་ཀི་མ་རེད། མ་ཤེས་ན་དེ་དག་གི་སྐོར་ལ་སྐད་ཆ་བཤད་རྒྱུའི་འོས་འཚམས་ཡིན་མིན་ཡང་ཚང་མས་ཤེས་གི་རེད། ང་ཚོའི་སློབ་མ་ཚོ་བདག་པོ་རྒྱག་མཁན་ནི་༧གོང་ས་མཆོག་དང་ཕྱི་གླིང་བ་གཏོང་ཕོད་ཅན་དེ་དག་ཡིན་པ་ལས་གྲྭ་རྒན་ཆོས་ཚོང་རྒྱག་མཁན་དེ་དག་ནི་གཞལ་ནས་མིན། རྩ་བ་ཉིད་ནས་མིན། ཆོས་ཚོགས་གང་ཡང་རུང་བ་ཞིག་གིས་བཙལ་བྱོལ་དུ་སློབ་གྲྭ་གང་རུང་བརྒྱབས་སོང་བའི་སྐད་ཆ་གནའ་ནས་ད་ཐུག་གི་བར་དུ་མཐོང་མྱོང་མེད་ལ་གོ་མྱོང་ཡང་མེད། མེད་ན་སློབ་གྲྭ་ཚོ་སྒེར་བ་རེ་རེ་ཡིན། ཆོས་ཚོགས་ཚོ་གསོ་ཕྲུག་མིན། མིན་པའི་རྒྱུ་མཚན་གྱིས་xxxxxxཞུ་རྒྱུ་ཡིན། སློབ་གྲྭ་ནི་མ་གཞི་ནས་སྤྱི་ཚོགས་ཀྱི་མི་བཟོ་སའི་བཟོ་གྲྭ་དེ་ཡིན་པ་ལས་སྤྱི་ཚོགས་དང་རྒྱང་དུ་བཀྱེད་དེ་ཁེར་ལབ་རྒྱག་མཁན་དེ་དག་མིན། བྱས་ཙང་ང་ཚོས་སྤྱི་ཚོགས་འདི་དང་དུས་རབས་འདིའི་འགྲོ་སྟངས་འདུག་སྟངས་སློབ་དགོས་ཀྱི་ཡོད། དེ་དགོས་ན་ང་ཚོས་གནའ་སྒྲུང་ཞིག་ནེ་ཙོས་མ་ཎི་བགྲེང་བགྲེང་བྱས་བ་དེས་མི་འཐུས་པ་ཤེས་ཀྱི་ཡོད། ང་ཚོ་འཇིག་རྟེན་སྤྱི་མཐུན་ཞིག་གི་མི་ཚེ་ལ་མདུན་བསྐྱོད་བྱ་དགོས་པ་ལས་ཁ་འཐོར་ཡ་བྲལ་ཞིག་གི་ཁ་སྟབས་ལ་འཇུས་ཏེ་འདུག་ཚད་གཏན་ནས་མིན། དེ་མིན་ན་གོང་གི་༧གོང་ས་མཆོག་གི་ཆོས་ལུགས་དང་མ་འདྲེས་བའི་བཟང་སྤྱོད་ཟེར་བ་དེ་དུས་རབས་དང་མཐུན་ལ་གཞོན་ནུའི་སེམས་ཁམས་དང་ཡང་མཐུན་པའི་གཞལ་མཐའ་བྲལ་བའི་ལེགས་སྐྱེས་ཤིག་ཡིན་པས་ང་ཚོས་ནམ་ཡང་དེ་དང་དུ་བླང་བར་བྱའོ།།
ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་རང་རྒྱུད་ལ་སྨིན་དགོས་ན་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལ་སློབ་སྦྱོངས་བྱ་དགོས་པ་དེ་གལ་ཆེན་མ་རེད་དམ་?
ཁུངས་ལྡན་གྱི་བགྲོ་གླེང་ངམ་རྩོམ་སྒྲིག་ཤིག་བྲིས་འདུག། ཡིན་ཀྱང་ཁུངས་མེད་ཀྱི་སྒེར་ལ་དམོད་ཚིག་དང་འཐབ་འཛིང། འཐེན་ཁྱེར་གྱི་ངོ་རྒོལ་མང་ཙམ་འབྱུང་བ་ནི་གོར་མ་ཆག།
བོད་པ་ཆོས་དད་མེད་པ་ཚོར། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྟོན་ཁོ་ནས་ཕན་ངེས་ན་་་་་་
གཡག་ནི་གཡག་རང་རེད་ཧཧཧ
རྫ་ཡིས་བྲིས་པ་གཡག་གིས་ཁྱད་དུ་བསད། །
གཡག་ལ་རྫ་རིའི་དགོས་པ་དེ་བས་ཆུང་། །
གཡག་དང་རྫ་གཉིས་ནམ་ཡང་འདུ་མིན་པས། །
གཡག་རྒན་སྤང་ལ་དོང་ན་ཅིས་ཀྱང་མཛེས། །
རྫ་ཚེ་རིང་བཀྲ་ཤིས།་ལགས།
༼བོད་པ་དང་བོད་པའི་སློབ་གྲྭའི་ཕྲུ་གུ་སོགས་ལ་ནི་བཟང་སྤྱོད་ཀྱི་སློབ་གསོ་གང་གནང་ཡང་གཙོ་བོ་་་ནང་ཆོས་་་རང་གི་་་་ཐོག་ནས་སློབ་གསོ་དར་སྤེལ་བྱེད་པ་དེ་ཧ་ཅང་་་འོས་མཚམས་་་ཡིན་ལ།༽
བོན་ཆོས་དང་བན་ཆོས་གཉིས་ཀའི་ཐོག་ནས་་སློབ་གསོ་དར་སྤེལ་བྱས་པ་ཡིན་ན་འོས་མཚམས་མིན་པའི་མུ་ལ་འགྱུར་རམ། །
ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་པའི་དགེ་རྒན་ཁོ་རང་ཆོས་ལུགས་ཀྱི་རྗེས་འབྲེང་མིན་མཁན་ཞིག་དགོས་དེ་མིན་ཧ་ཅང་གི་དཀའ་མོ་རེད། དཔེར་ན། བོད་ཀྱི་ལོ་རྒྱུས་བཞིན། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་བོད་པ་རང་ཉིད་ཀྱིས་བྲིས་པ་ཡིན་ཞིང་དེ་ཡང་བོད་ཀྱི་ཆོས་རྒྱུད་ཆོས་ལུགས་གང་རུང་ཞིག་གི་རྗེས་འཇུག་པས་བྲིས་པ་ཡིན་དུས། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་ལོ་རྒྱུས་འབྲི་བ་པོ་རང་ཉིད་ཀྱི་ཆོས་ལུགས་དང་ཆོས་རྒྱུད་ཀྱི་ཆོས་འབྱུང་རྣམ་ཐར་དང་དེ་དག་གི་ལོ་རྒྱུས་ལས་བཤད་པ་རྣམས་རྩལ་དུ་བཏོན་ནས་བྲིས་པ་ཞིག་ཏུ་གྱུར་ཡོད། དཔེ་དེ་བཞིན་བོད་ཀྱི་ཆོས་རྒྱུད་ག་གེ་མོའི་དགེ་རྒན་གྱིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅིག་ཤོད་མཁན་ཉིན་སྐར་ཙམ་མིན་ནམ།
ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད་ལ་ཁྱད་པར་ག་རེ་ཡོད་འབྲེལ་བཤད་གནང་མཁན་ཡོད་ན་དགའ་བསུ་ཡོད་།
འདིར་ཆོས་ལུགས་དང་འབྲེལ་མ་འབྲེལ་ནི། ཆོས་ལུགས་ནང་གི་དཀོན་མཆོག་དང་། ལས་འབྲས་སམ་སྐྱེ་བ་སྔ་ཕྱིའམ། དམྱལ་བ་དང་། ལྷ་ཡུལ། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་ལ། དད་པ་བྱེད་དགོས་པར་མ་བཤད་པའི་ཐོག་ནས་ཚེ་འདི་ནང་རང་ལ་ལེགས་ཉེས་བླང་དོར་བསྟན་ནས། བཟང་སྤྱོད་སྤེལ་ལ་བ་གོ་དགོས་སམ་སྙམ་ལགས། ད་དུང་དཔྱད་པར་མཛོད་ཅིག
ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད་ཡིན་ནའི་འདྲ། ཆོས་ལུགས་འབྲེལ་མེད་བཟང་སྤྱོད་ཡིན་ནའི་འདྲ། གང་ལྟར་མི་ཚེ་དོན་ལྡན་ཞིག་དགོས་ཚེ་མེད་དུ་མི་རུང་བའི་རྒྱུ་ཡིན། མི་དགེ་བ་བཅུ་ནི་ཆོས་ལུགས་ཁས་ལེན་དང་མི་ལེན་མཁན་ཚང་མར་གཅིག་མཚུངས་རེད་སྙམ།
རྒྱལ་བ་རིན་པོ་ཆེ་འུ་ཐུག་པ་རེད། ཁོང་འཁྲུངས་ནས་ད་བར་འཛམ་གླིང་གི་གནས་སྟངས་འདི་ཇེ་སྡུག་ཇེ་སྡུག་ལ་ཕྱིན་པ་རེད། ཆོས་གཅིག་པུ་བཤད་ན་ནང་པར་མ་གཏོགས་ཕན་ཐོགས་ཀྱི་མེད། བྱས་ཙང་ཁོང་ནི་བྱམས་སེམས་ཅན། མི་ཤིན་དུ་བཟང་པོ་ཞིག་རེད། རང་གི་ཆོས་ལུགས་ཀྱི་ཕྱི་ལ་ཡོད་པའི་མི་ཚོར་ཇི་ལྟར་ཕན་པ་བསྒྲུབ་དགོས་པ་ཉིན་ལྟར་བསམ་བློ་གཏོང་བཞིན། མཐར་ཐབས་ཤེས་འདི་ལས་མེད་པ་མཁྱེན་ནས། ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་གཞན་ལ་སྙིང་རྗེའི་སེམས་ཤིག་བསྐྲུན་ཐུབ་ན་དེས་མིའི་བདེ་རྩར་ཕན་པ་ཡོད་པ་གཟིགས་ནས་འདི་གསུངས་པ་རེད་སྙམ།
ངས་བལྟས་ན་ཁོང་གི་བྱ་ཐབས་དང་དགོངས་པ་འདི་གཅིག་པུས་ཁོང་ལ་ཞི་བདེའི་རྟགས་པ་ཞིག་སྤྲོད་དགོས་འདུག དེ་བཞིན་ཨོ་པ་མ་དང་གཞན་པ་ཚོར་ཞི་བདེའི་རྟགས་པ་སྤྲོད་པ་ནི་དགོས་པ་མིན་འདུག
རྫ་རྒན་ལྡོམ་པོ་བཀྲ་ཤིས་ཚེ་རིང་ཟེར་བའི་མི་དེའི་རྩོམ་དང་སྒྲུང་རྒྱ་བོད་གཉིས་ཀའི་ནང་བཀླགས་མྱོང་། མི་དེ་ཡང་བོད་པའི་གྲྭ་པ་མགོ་མཁྲེགས་པོ་དེ་ཚོའི་ནང་གི་སྤྱི་ཚོགས་ནང་ལ་ཕན་པ་བསྒྲུབ་ཐབས་བྱེད་མཁན་ཞིག་རེད། ཁོ་བོད་ནས་ཡོང་ནས། ད་བར་མཐའ་གཅིག་ཏུ་བོད་སྤྱི་ལ་ཕན་པའི་ལས་ཀ་བསྒྲུབ་པར་འབད་བརྩོན་བྱེད་མཁན་ཞིག་ཡིན་པ་གསལ་པོ་འདུག
ཁོ་ལྟ་བུའི་གྲྭ་པ་ལྡོམ་པོ་ག་ཚོད་མང་བ་ཡོད་ནའང་ང་ཚོར་ཕན་གྱི་འདུག ཀུན་སློང་ཞིག་འདུག ཐབས་ཤེས་གཅིག་བྱེད་ཀྱི་འདུག ད་དུང་ཁོས་སྡོམ་པ་ཞིག་ཉར་ནས་གྲྭ་ཆས་གཙང་མ་ཞིག་གྱོན་ནས་བསྡད་སོང་། དེ་མིན་སྐྱ་མིན་སེར་མིན་དེ་ཚོ་ངོ་མ་སངས་རྒྱས་བསྟན་པ་དང་བོད་པའི་དགྲ་བོ་རེད།
ཁོ་ཤི་སོང་ན་ཉིན་གཅིག་ཁ་བརྡའི་ནང་མཁས་པའི་མིང་འཛིན་པ་ཚང་མ་ཐོན་ནས་ཁོ་ཡག་ཡག་ཁོ་འཇོན་འཇོན་བཤད་ཀྱི་རེད། ཁོའི་རྩོམ་དེ་དག་ལ་ལྟོས་དང་། སྤྱི་དོན་ཞིག་སེམས་ནང་ལ་འདུག
༄༅། ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོད་ཞེས་པ་ནི། ཆོས་ལ་ཡིད་ཆེ་བྱེད་མཁན་ཚོར་གོ་བ་དང།
ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི། ཆོས་ལ་ཡིད་ཆེ་ཡོད་མཁན་མེད་མཁན་་་
འགྲོ་བ་མིའི་རིགས་ཚ་མས་་་བཟང་སྤྱོད་ལ་ཟེར་བ་ཡིན་སྙམ་མོ།
གོ་ལ་འདིའི་ནང་ཆོས་ཁས་མི་ལེན་མཁན་དུང་ཕྱུར་་༡༠ལྷག་ཡོད་པ་དེ་ཚོ་ཚང་མས་ཡ་
རབས་དང་བཟང་པོའི་སྤྱོད་པ་ལ་ངེས་པར་ཁས་ལེན་གྱི་ཡོད་པ་རེད། མིན་ནམ་་་ཡ།
གལ་ཆེན་པོ་ཞིག་གསུངས་འདུག། དེ་ག་རང་རེད། བོད་པ་ཞིག་ཡིན་ན་ནང་ཆོས་འབྲེལ་བའི་བཟང་སྤྱོད་སློབ་དགོས་བ་དེ་གལ་ཆེན་ནང་གི་དོན་ཆེན་རེད།
བོན་པོ་ལགས། ནང་ཆོས་དང་འབྲེལ་བའི་བཟང་སྤྱོད་ཀྱི་ནང་ལ། བོན་ཆོས་དང་མི་འདྲ་བའི་བཟང་སྤྱོད་ངན་པ་གང་དག་འདུག། ནང་ཆོས་ཀྱི་བཟང་སྤྱོད་ལ་མ་འདུས་བའི་བོན་ཆོས་ཀྱི་བཟང་སྤྱོད་གང་དག་ལྷག་ཡོད་པ་རེད།
རེ་རེ་བྱས་ནས་ཤོད་ཤོག། བྲིས་ཤོག། དེ་མིན་ན་ག་དུས་ཡིན་ན་ཡང་། ངན་པ་སྐྱོན་ཅན་དང་། སེམས་པ་སྡུག་ཅན་ཡིན་མདོག་གི་དཀྲུགས་གཏམ་བཤད་པ་ཉུང་ན་མི་བཟང་ངམ།
བོད་གཞུང་ཤེས་རིག་ལས་ཁུངས་ནས་ ༢༠༠༣ ལོར་པར་དུ་བསྐྲུན་པའི་་་་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིས་བྱུས་་་རག་ཟིན་གཉིས་པ་་་་ཞེས་པའི་དེབ་ཆུངདེའི་་ལྡེབ་མ་༡༣་ནང་འདི་ལྟར་བཀོད་གནང་འདུག
ཀ༽ བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན།
༤།༡ བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་གྱི་འབྱུང་ཁུངས་གཙོ་བོ་གཡུང་དྲུང་བོན་དང་ནང་པ་སངས་རྒྱས་པའི་རིང་ལུགས་གཉིས་ཡིན་པས། དེ་དག་ནས་གསུངས་པའི་ནང་དོན་རིག་པའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ནི་སྲོལ་རྒྱུན་ཤེས་ཡོན་གཙོ་ཆེ་བ་དེ་ཡིན།
༤།༢ བོད་ཀྱི་སྒྲ་དང་ཚད་མ། བཟོ་དང་གསོ་བའི་རིག་གནས་བཞི་ཡན་ལག་དང་བཅས་པའང་བོན་ཆོས་གཉིས་ཀའི་ནང་དོན་གྱི་ཤན་ཤུགས་ཆེན་པོ་ཡོད་པས་དེ་དག་གི་གོ་རྟོགས་ཀྱང་སྲོལ་རྒྱུན་ཤེས་ཡོན་ཡིན།
༤།༣ ཤེས་ཡོན་དེ་དག་གི་བརྒྱུད་ལམ་བོད་ཀྱི་སྐད་ཡིག་ནི། དར་འཕེལ་གྱི་དུས་ཡུན་རིང་ཡང་འགྱུར་འགྲོས་ཉུང་བ། ལེགས་སྦྱར་གྱི་རང་བཞིན་ཅན། བརྗོད་དོན་སྟོན་པའི་ནུས་པ་ཆེ་བ། སྐད་གཞན་གྱི་ནང་དུ་ཡོད་དཀའ་བའི་ཆེས་གཏིང་ཟབ་ཀྱི་རིག་པའི་གཞུང་ལུགས་མང་པོའི་བསྟི་གནས་སུ་གྱུར་པ་ཡིན་པར་མ་ཟད། བོད་ཀྱི་རིག་གནས་ཀུན་གྱི་ཚད་ནུས་ལྡན་པའི་གཞི་རྟེན་གཅིག་པུ་དེ་ཡིན། ། །
དེ་སྔའི་བཙན་བྱོལ་བོད་མིའི་འགྲོ་སྟངས་སྡོད་སྟངས་ནི་འདི་འདྲ་ཞིག་ཡིན་ས་རེད། ཡིན་ནའང་རྫ་ཚེ་དང་གནམ་རྣམ་པ་གཉིས་ནས་དེ་ལ་བསྒྱུར་བ་གསར་པ་ཞིག་གཏོང་འདོད་པ་ཨེ་ཡིན་ནམ། ཡང་ན་འགྲོ་སྟངས་དེ་ལ་འདོད་པ་མེད་པ་ཡིན། ཅིས་ན་བོན་ཅེས་པའི་མིང་ཚིག་འདི་ཁར་མི་ལེན་ཚུལ་ལ་བལྟས་པ་ཡིན་ན། །
Bonpoལགས།
དེང་སང་གི་སྤྱི་ཚོགས་དེ་འགྲན་བསྡུར་རང་བཞིན་གྱི་སྤྱི་ཚོགས་རེད། མང་བ་ཚོར་འཐོབ་འགྲོ་གི་ཡོད། ཉུང་བ་ཚོ་ཤོར་འགྲོ་གི་ཡོད། འབུ་ཆེ་བས་འབུ་ཆུང་བ་བཟའ་བ་དེ་རེད། ནང་པ་མང་ཡོད་སྟབས། ནང་པ་མང་དུ་འགྲོ་བ་དང་བོན་པོ་ཉུང་བས་བོན་པོ་ཉུང་དུ་འགྲོ་བཞིན་པ་དེ་འདྲ་རེད་བཞག རྒྱ་རིགས་མང་བས་རྒྱ་མི་མང་དུ་འགྲོ་བ་དང་བོད་པ་ཉུང་བས་བོད་པ་ཉུང་དུ་འགྲོ་བཞིན་པ་དེ་ལྟར་རེད།
བོན་པོ་མི་བརྒྱ་ལྷག་ཙམ་གྱི་འདོད་པ་དེ་ནང་པ་ས་ཡ་དྲུག་ཙམ་གྱི་མགོ་ལ་གཡོག་པ་འདི་ཡང་བོན་པོའི་ཆོས་ནང་གསུང་པའི་ལས་རྒྱུ་འབྲས་དང་ཏག་ཏག་བསྡད་ཀྱི་ཨེ་ཡོད།
བྱས་ཙང་ཉུང་བས་མང་བའི་རྗེས་སུ་འགྲོ་རོགས། ང་ཚོ་བོད་པ་ཉུང་བས་རྒྱ་མི་མང་བའི་རྗེས་སུ་འགྲོ་གི་ཡིན།
དེ་ནས་ནང་པ་ཉུང་བས་ཡེ་ཤུ་མང་བའི་རྗེས་ལ་འགྲོ་དགོས་རེད། མང་བ་དེ་རྒྱལ་ཁ་རེད། ཉུང་བ་ནི་ཕམ་ཁ་རེད།
ངས་བལྟས་ནས་ལོ་བརྒྱའི་རྗེས་ལ་ཡེ་ཤུ་དང་རྒྱ་མི་རིགས་ལས་གཞན་པ་ཚང་མ་གྲངས་ཉུང་མི་རིགས་ལ་འགྲོ་ས་རེད། དེའི་སྐབས་ལ་ང་ཚོ་གྲངས་ཆེན་མི་རིགས་ནང་ལ་འཛུད་ཐུབ་པ་བྱེད་པ་ནི་ད་ལྟའི་བོད་མི་རིགས་ཀྱི་ལས་འགན་རེད་སྙམས།
དགོངས་ཚུལ་གསུངས་རོགས།
འཛམ་གླིང་འདི་ལོ་བརྒྱ་བར་གནས་ན་མང་ཤོས་དེ་ཁ་ཆེ་དང་དེ་ནས་ཡེ་ཤུ་ཆགས་ས་མ་རེད་དམ་?
ཆོས་ལ་མ་ལྟོས་པ་མ་ཡིན་པར། ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་གསུངས་པ་ལ་ལན་གཅིག་གསན་གཟིགས་གནོངས་དང་།
https://www.youtube.com/watch?v=-igtmoNEnaM&index=3&list=PLE7Wm-v0hYnkLNvOcFbBDpH39BaeXJUkG
{ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ནི་བོད་པའི་སློབ་ཕྲུག་གི་ཆེད་དུ་མིན།}
ཞེས་རྩོམ་སྤེལ་གནང་མཁན་དང་དེ་བཞིན་དེ་ལས་འཕྲོས་ནས་ཞབས་ཀྱི་མཆན་སྤེལ་རྣམས་ནས་གཤམ་གྱི་བརྙན་འཕྲིན་ལས་རིམ་དག་ལ་གཟིགས་ཐུབ་ན་ལན་མང་དག་ཅིག་འདུག་སྙམ། ཐུགས་རྗེ་ཆེ།
བརྙན་དང་པོ། https://www.youtube.com/watch?list=PLE7Wm-v0hYnkLNvOcFbBDpH39BaeXJUkG&v=Fn30JuTJ0uk
བརྙན་གཉིས་པ། https://www.youtube.com/watch?list=PLE7Wm-v0hYnkLNvOcFbBDpH39BaeXJUkG&v=nY0qI3e1BOs
བརྙན་གསུམ་པ། https://www.youtube.com/watch?list=PLE7Wm-v0hYnkLNvOcFbBDpH39BaeXJUkG&v=-igtmoNEnaM
བརྙན་བཞི་པ། https://www.youtube.com/watch?v=kvzkvDTml24
བསམ་ཤེས་ལགས།
ཁྱེད་ཀྱི་བཀའ་འདྲི་དེ་བདག་གིས་བཀླགས་ཀྱང་ལན་ཞིག་འདྲི་དགོས་བསམ་བཞིན་དེ་མུར་ལུས་སོང་བས། དགོངས་འགལ་མེད་པ་ཞུ།
བོད་པ་ཚོར་ལ་རྒྱ་དང་སྙིང་ཁམས་ཡོད་ན་བོད་གངས་རིའི་ཞིང་ཁམས་སུ་བོན་པོ་ཉུང་དུ་རྩ་བ་ནས་འགྲོ་ལེ་མ་རེད། དེ་གཙོ་བོ་བོད་མི་ཚོས་འཇོན་སྟངས་དང་སྙིང་སྟོབས་ལ་རགས་ལུས་ཡོད། བོན་ཞེས་པ་འདི་ཆོས་ལུགས་གཅིག་པུའི་སྐད་ཆ་ཞིག་མ་རེད། བསམ་ཤེས་ན་བོད་སྲིད་པ་ཆགས་པ་ནས་ཡོད་བསྡད་པའི་བོད་མི་རིགས་ཀྱི་ངོ་བོ་དངོས་གནས་དེ་མཚོན་བྱེད་དང་སྙིང་ནོར་མཆོག་ཏུ་གྱུར་པ་གཅིག་པུ་དེ་རང་རེད།
བོན་གྱི་འདོད་པ་དང་བན་གྱི་འདོད་པ་ཟེར་ནས། འདོད་ཚུལ་མཐུན་དང་མ་མཐུན་གྱི་སྐད་ཆ་གཅིག་པུ་མ་རེད། འདི་ནི་མི་རིགས་ཅིག་གི་ལོ་རྒྱུས་དང་རིག་གནས་རང་བཞིན་ཅན་གྱི་སྐད་ཆ་ཞིག་རེད། དྲང་བདེན་གྱི་ལམ་དུ་བསྐྱོད་ན་ཕན་ཚུན་འདོད་ཚུལ་གཅིག་ཏུ་གྲུབ་དགོས་ཀྱང། ཡིན་ནའང་དེ་ཞེ་དྲག་གི་ཁག་པོ་རེད། ཅིས་ན་ང་རྒྱལ་དང་རུ་ང་ཆེ་བའི་དན་རྟགས་མངོན་པར་གསལ་བས་སོ། །
བོད་ཀྱི་རིག་གཞུང་དང་། བན་དེའི་རིག་གཞུང་གཉིས་འབད་དེ་ཁག་ཁག་རེད། འདི་གཉིས་མཉམ་བསྲེས་བྱེད་མི་རུང་། འདི་གཉིས་མཉམ་བསྲེས་བྱས་པའི་རྐྱེན་ལས་མངས་པོ་ཞིག་དུས་དེ་རིང་གི་བར་མགོ་འཐོམ་བཅུག་ཡོད། བན་དེའི་རིག་གཞུང་རྒྱ་གར་ནས་བྱུང་ཟེར་ནས་ཁྱེད་རང་ཚོས་སྐད་ག་ཚོད་བརྒྱབ་ནའང་རྒྱག་་ཆོག་པ་རེད། བོན་གྱི་ཕྱོགས་ནས་ཀྱང་རིག་གནས་ཁ་ཤས་རྒྱ་གར་ནས་བྱུང་ཡོད་ངེས། ཡིན་ནའང་བོད་ཀྱི་རིག་གཞུང་རྒྱ་གར་ནས་བྱུང་ཟེར་ནས་སྐད་ཆ་བཤད་པ་ཡིན་ན། དེ་བདེན་པ་རྩ་བ་ནས་མ་རེད་ལ་ཧམ་པ་ཆེ་ཐག་ཆོད་སོང་བའི་སྐད་ཆ་རེད། བསམ་ཞིང་བསམ་ན་བོད་མི་རིགས་ཀྱི་མ་འོངས་པའི་སོན་རྩ་ཆུང་ཆུང་ཚོ་ལ་ཧ་ལས་པའི་བརྙས་བཅོས་ཀྱང་བཏང་བ་རེད། ཡག་པོ་ཞིག་བྱེད་ཀྱི་ཡོད་ཟེར་ནས། བོད་སྲིད་པ་ཆགས་པའི་རིག་གཞུང་དང་ལོ་རྒྱུས་ཀྱི་ཁ་ཕྱོགས་དེ། རང་འདོད་སྒེར་བཙན་གྱི་དབང་དུ་སོང་ནས་དུམ་བུར་དུས་ནམ་ཡང་གཏོང་མི་རུང་ངོ། དལ་འགྲོའི་རྒྱུན་བཞིན་འོང་བའི་རང་བཞིན་གྱི་གནས་བབ་གང་ཡོད་པ་དེའི་མུར་བཞག་ན་ཧ་ཅང་ལེགས་པར་སེམས་སོ། །
ཁྱེད་ཀྱིས་མི་གྲངས་མང་ཉུང་གིས་མང་བ་ནི་རྒྱལ་ཁ་དང་ཉུང་བ་ནི་ཕམ་ཁ་ཡིན་རབས་དང་། ཉུང་བ་ཚོ་མང་བའི་རྗེས་སུ་འགྲོ་དགོས་རབས་གསུངས་བཞག སྤྱིར་འཛམ་གླིང་སྤྱི་འགྲོ་ལྟར་ན་སྐད་ཆ་འདི་བདེན་མདོག་ཆེ་ནའང་། དུས་རབས་བརྒྱད་པ་དགུ་པ་ནས་མགོ་བཙུགས་ཏེ་་ཕྱི་ལོ་༡༩༥༩་ཡན་གྱི་བོད་རང་གི་དེ་སྔའི་དབང་བསྒྱུར་གྱི་ལམ་ལུགས་དེ་གཏོས་ཆེ་ས་ནས་འདྲ་མཉམ་དང་དྲང་བདེན་ཞིག་བྱུང་ཨ་ཡོད་ན། ཐ་ན་མི་ལོ་བརྒྱ་ཕྱག་མང་པོར་བོད་རྒྱལ་ཁབ་སིལ་བུར་ཐོར་ནས་བོད་མི་རྣམས་མགོན་མེད་སྐྱབས་མེད་དུ་ལུས་པ་རེད། དེ་རྗེས་བན་དེའི་བླ་མ་ཚོས་རང་ལ་འཁོར་ཚོགས་མངས་ཉུང་དང་དབང་ཆ་འཐབ་རྩོད་རྐྱང་རྐྱང་བྱས་ནས་ཉམ་ཐག་བོད་ཡུལ་ཟང་ཟིང་དང་ལང་ལོང་དུ་གནས་དགོས་ཐུག་ཡོད། དེས་མ་ཚད་སྒེར་གྱི་དགོན་བསྒྱུར་ཆོས་བསྒྱུར་ཆེད་དུ་ཕན་ཚུན་དམག་སྣ་འདྲེན་རེད་གྱིས་གསོད་རེས་ཀྱང་ཚད་མེད་བཏང་བའི་དངོས་བྱུང་ལོ་རྒྱུས་ཡོད། མཐའ་མ་བོད་ཡུལ་ག་བར་ཤོར་སོང། བོད་པ་ག་བར་སླེབས་སོང་། གནས་ཚུལ་འདི་འདྲ་ཞིག་གནས་བབ་ནས་མང་ཉུང་གི་སྐད་ཆ་བཤད་པ་ཡིན་ན་ང་ནི་ངོ་ཡང་ཚ་ས་རེད་དོ། རྐུ་མ་ཧམ་ཆེན་གྱི་སྐད་ཅ་འདྲ་པོ་རྩ་བ་ནས་མ་གསུངས་རོགས། ཐུགས་རྗེ་ཆེ་ཞུ། །
ངས་བལྟས་ན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་བསམ་བློ་ཡག་པོ་བཏང་འདུག བོད་སྤྱི་སྒེར་གཉིས་ཀས་ཆོས་སྲིད་ཟུང་སྦྲེལ་གྱི་རིག་གཞུང་འདི་རྒྱུན་བསྐྱོང་དགོས་པ་ཞིག་མཐོང་གི་ཡོད་ན། བོད་པས་རང་གི་རྩ་ཆེའི་རིག་གཞུང་རྒྱུན་འཛིན་བྱེད་དགོས། དེ་དགོས་ན། བོད་ཕྲུག་ཚོར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་བསླབས་པས་གསེར་ལེན་རྒྱུ་ཡོད་སར་རག་ཉོ་རུ་འཇུག་པ་དང་མཚུངས་པ་མིན་ནམ། ད་བོད་ཡིག་ཀློག་དེབ་ནས་ཡོད་ཚད་ཆུ་ལྟར་སླ་རུ་སླ་རུ་གཏོང་ཐལ་ཤོར་བ་ད་དུང་མ་གཟིགས་སམ། ག་ལེར་ག་ལེར་བོད་པའི་སློབ་གྲྭ་ཁག་ཏུ་སྔ་དགོས་ཞལ་འདོན་ཡང་གསུང་མི་དགོས་པར་འགྱུར་སྲིད། དེང་སྐབས་སློབ་གྲྭ་ཁག་ཏུ་ཆོས་དགེ་ཟེར་བ་ནི་མེད་པར་བཟོས་ཟིན་འདུག མ་གཞི་དེང་སྐབས་མར་དང་ཞག་ཚིལ་རིགས་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་རེད་ཅེས་ཟེར་བ་ཡོངས་གྲགས་རེད་འདུག དེ་དང་འདྲ་བར་མ་འོངས་པའི་བོད་ཕྲུག་ཚོ་ལ་ཡང་ཤེས་རིག་གི་འཐུང་ཆུ་ཞག་ཚིལ་མེད་པ་འདི་འདྲ་ཞིག་གིས་གྲ་སྒྲིག་གནང་གིན་ཡོད་པ་འདྲ། ང་ཚོའི་འགོ་གཙོ་ཚོས་༧གོང་ས་མཆོག་གི་བཀའ་སློབ་དགོངས་དོན་ལས་བཀའ་སློབ་གང་ཞིག་གཙོ་བོ་བོད་པ་ཚོར་གསུངས་ཀྱི་ཡོད་དམ། ཡང་བཀའ་སློབ་གང་ཞིག་མགོ་སེར་སོགས་ལ་གསུང་གིན་ཡོད་མེད་སོགས་ཀྱིས་དབྱེ་ཞིབ་མི་བྱེད་པར་རི་བོར་ཅལ་འདྲོགས་རང་གནང་གིན་མི་འདུག་གམ།།
ཆོས་སྲིད་ཟུང་དུ་འབྲེལ་བ་མེས་སྤོའི་སྲོལ་།
སྲོལ་བཟང་བརྒྱུད་ནས་བོད་ཀྱིས་ཆོས་སྲིད་དར་།
དར་བ་ཡུན་དུ་མ་གནས་བོད་མིའི་ལས་།
ལས་ངན་བསགས་པའི་འབྲས་བུ་དུས་སུ་སྨིན་།
མཁན་པོ་རྫ་ཚེ་བཀྲའི་དགོངས་ཚུལ་ལ་རྒྱུ་མཚན་ཆེན་པོ་འདུག