—རྫ་ཚེ་རིང་བཀྲ་ཤིས།
སྤྱི་ལོ་༢༠༡༦ ཟླ་༩ ཚེས་༢༥ ཉིན། ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པས་གོ་སྒྲིག་ཞུས་པའི་འཛམ་གླིང་ཞི་བདེའི་འདུ་འཛོམས་ཞེས་པའི་ཆོས་ལུགས་འདྲ་མིན་གྱི་མི་སྣ་མཉམ་ཞུགས་གནང་བའི་ཚོགས་འདུའི་ཐོག་གི་གཏམ་བཤད།
བརྩེ་བའི་ཆོས་གྲོགས་རྣམ་པ། ཐོག་མར་ངས་ཚང་མར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད། དེ་རིང་ངས་དོན་སྙིང་དམིགས་བསལ་ཡོད་པའི་འདུ་འཛོམས་འདིའི་ཐོག་ནས་ཁྱེད་རྣམ་པར་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཞིག་གི་ངོས་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་། ང་ཚོ་ཆོས་ལུགས་མ་འདྲ་བར་དད་པ་བྱེད་མཁན་ཡིན་ན་ཡང་། ང་ཚོར་ཐུན་མོང་གི་དད་མོས་ཞིག་ཡོད་སྟེ། དད་ཡུལ་དེའི་མིང་ལ་འཚེ་བ་མེད་པའི་སྙིང་རྗེ་ཞེས་ཟེར།
སངས་རྒྱས་ཀྱི་གསུང་གི་དབང་དུ་བྱས་ནའང་དེ་ནི་ཆེས་བླ་ན་མེད་པའི་དད་ཡུལ་ཆགས་ཡོད། ནང་པའི་ལོ་རྒྱུས་ཀྱི་ཐོག་གི་སངས་རྒྱས་གཉིས་པར་གྲགས་པའི་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ཨརྱ་དེ་བས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་གྱིས་གསུངས། །ཞེས་ཧ་ཅང་ཁ་གསལ་པོས་གསུངས་འདུག་པ་དེ་རེད། རྒྱུ་མཚན་དེའི་དབང་དུ་བྱས་ན་ང་ཚོ་ལ་ཐུན་མོང་གི་དད་མོས་ཀྱི་རྟེན་གཞི་ཞིག་ཡོད་ཅིང་། དེའི་ཆ་ནས་ཚོ་ནི་སྙིང་ཉེ་བའི་ཆོས་གྲོགས་ཡིན་པར་རྩི་ཆོག
མཁྱེན་གསལ་ལྟར། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཡོངས་ཁྱབ་ཀྱི་མཛད་འགན་གསུམ་གྱི་གཙོ་བོ་ཡང་། འགྲོ་བ་མིའི་རིགས་སྤྱི་ལ་ཁྱབ་པའི་བྱམས་བརྩེའི་ནུས་པ་ཁྱབ་སྤེལ་གནང་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་གྱི་མཐུན་ཕྱོགས་ཀྱི་ནུས་པ་གོང་འཕེལ་དུ་གཏོང་རྒྱུ་དེ་ཁོ་ན་ཡིན་ཞེས་གསུངས་ཀྱི་ཡོད།
ད་དུང་ཁོང་གིས། ཆོས་ལུགས་སོ་སོ་ལ་མི་སྡུག་ཅག་ཅིག་ཡག་པོ་བཟོ་རྒྱུའི་ནུས་པ་ཡོད་པའི་ཡིད་ཆེས་བྱེད་ཆོག་པ་དང་། དེ་ནི་ཆོས་ལུགས་དད་མོས་ཀྱི་དམིགས་ཡུལ་ངོ་མའང་ཡིན་པས་། འདི་ཙམ་ཁོ་ནའི་ཆ་ནས་བཤད་ན་ཡང་ང་ཚོས་ཆོས་ལུགས་ཕན་ཚུན་བར་གུས་བཀུར་བྱ་རྒྱུར་རྒྱུ་མཚན་འདང་ངེས་ཡོད་པ་རེད་ཅེས་གསུངས་ཡོད།
དེ་ནི་ངས་དེ་རིང་ཁྱེད་རྣམ་པར་སེམས་ཀྱི་གཏིང་ནས་གུས་ཞབས་ཞུ་བའི་རྒྱུ་མཚན་ཡིན་པར་མ་ཟད། ང་ཚོ་ཐུན་མོང་གི་ཉམས་ལེན་ཡང་རེད།
འོག་ཏུ་ངས་ཁྱེད་རྣམ་པར་སེམས་འགུལ་ཐེབས་པའི་ལོ་རྒྱུས་ཤིག་ཞུས་ན་བསམ།
ཟླ་བ་འདིའི་ཉེར་གཉིས་ཏེ། ཉིན་གཉིས་ཏག་གི་སྔོན་ངས་ཨོ་གླིང་གི་དྲ་ཐོག་གསར་འགྱུར་ཞིག་བཀླགས་པ་ཡིན། དེ་ནི་སི་རི་ཡའི་གཡུལ་ས་ནས་རྨས་སྐྱོན་ཕོག་པའི་བྱིས་པ་ཞིག་གི་དཔར་རིས་དང་འབྲེལ་བའི་གསར་འགྱུར་ཞིག་རེད། བྱིས་པ་དེའི་མིང་ལ་ཨོམ་རན་(Omran Daqneesh)ཟེར། བྱིས་པ་དེ་ལོ་ལྔ་མ་གཏོགས་མ་རེད། ཟླ་བ་སྔ་མར་སི་རི་ཡ་ཡི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨ་ལི་ཡན་དུ་འབར་གས་གནོད་འཚེ་ཆེན་པོ་ཞིག་ཕོག་ཅིང་། ཨོམ་རན་ནི་སྐབས་དེར་འབར་གས་བྱུང་སའི་ཞིག་རོའི་ཁྲོད་ནས་བསྐྱབས་ཐུབ་པ་བྱུང་བ་ཞིག་རེད།
པར་རིས་ལས་མངོན་པ་ལྟར་ན། བུ་ཆུང་ཨམ་རན་ཁོང་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་གྱི་སྐུབ་སྟེགས་ཤིག་གི་ཐོག་ཏུ་བཞག་ཡོད་པ་དང་། མིག་གཡས་པ་ཙམ་མ་གཏོགས་མིག་གཡོན་པ་ཁྲག་གིས་འབྱར་ནས་སྔུན་མི་མཐོང་བ་ཆགས་འདུག ངུ་དིར་རྣ་ལ་གཟན་པའི་མི་ཚོགས་ཀྱི་དཀྱིལ་ནས་མདུན་དུ་འགྲོ་བཞིན་ཡོད་ཅིང་། ཨམ་རན་གྱི་ལག་པ་གཡོན་པ་ཡར་བཀྱག་ནས་མིག་གཡོན་པ་དང་དཔྲལ་བ་ལ་འཕུར་འཕུར་བཏང་ནས་ལག་པ་མར་ལེན་དུས་ལག་པ་ཡོངས་རྫོགས་ཁྲག་གིས་དམར་པོ་ཆགས་ཡོད་པ་དེ་མིག་ལ་མངོན། ལོ་ལྔ་ལས་མིན་པའི་ཕྲུ་གུ་ཨམ་རན་གྱི་གདོང་ལས་ཅི་བྱ་གཏོལ་མེད་དང་འཇིགས་བསྔངས་ཡི་ཆད་ཀྱི་ཉམས་ཧ་ཅང་གསལ་པོར་མངོོན་པ་ན་ཡང་། མིག་ཆུ་བཏང་ནས་ངུ་རྒྱུའི་ནུས་པ་ཡོངས་སུ་ཟད་འདུག སྐབས་དེའི་ཁོང་གི་སེམས་པ་གས་འཐོར་དུ་ཕྱིན་པའི་རྨ་ཁ་དེ་གཟུགས་པོའི་སྟེང་གི་རྨ་ཁ་ལས་རྦད་དེ་ཆེ་ཞིང་ཟབ་པ་ཞིག་རེད།
སྣང་བརྙན་དེས་འཛམ་གླིང་ཧྲིལ་པོར་སེམས་འགུལ་ཐེབས་སུ་བཅུག་ཡོད། དེའི་ནང་ནས་ལོ་ན་དྲུག་ལ་སོན་པའི་ཨ་རིའི་ནིག་ཡོག་གི་བྱིས་པ་ཨ་ལེཀ་སི་(Alex) ནི་དཔེ་མཚན་གལ་ཆེ་ཤོས་ཤིག་རེད། ཨ་ལེཀ་སི་ཡིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་འཕྲིན་ཡིག་ཅིག་བྲིས་ནས་ཕུལ་བ་རེད། ཅིག་བྱས་ན་གནས་ཚུལ་དེ་ཁྱེད་ཚོས་མཁྱེན་ཡོད་ངེས་རེད། ཨ་ལེཀ་སི་མ་གཞི་ཆ་རྐྱེན་འཛོམས་ཤིང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་གི་བུ་ཡིན་འདུག
ཁོའི་ཕྲིན་ཡིག་གི་ནང་དུ། བརྩེ་བའི་སྲིད་འཛིན་ཨོ་བྷ་མ། ཁྱེད་ཀྱིས་སྐྱོབ་འཁོར་གྱི་ཐོག་གི་སི་རི་ཡའི་བྱིས་པ་དེ་དྲན་གྱི་འདུག་གམ། ངས་ཁྱེད་ལ་བྱིས་པ་དེ་འཚོལ་རོགས་ཞེས་རེ་བཅོལ་ཞིག་ཞུས་ན་འགྲིག་གམ། ཁོང་ངའི་ནང་ལ་ཁྲིད་ཡོང་བ་ཡིན་ན་ང་ཚོའི་ནང་གིས་ཁོ་ལ་ཁྱིམ་གཞི་ཞིག་སྦྱིན་ངེས་ཡིན་པར་མ་ཟད། ཁོ་རང་ངས་རང་ཉིད་ཀྱི་སྤུན་ཟླ་བྱེད་ཀྱི་ཡིན་ཞེས་བྲིས་ཡོད།
བདུན་ཕྲག་འདིའི་ནང་དུ། ཨ་རིའི་སྲིད་འཛིན་ཨོ་བྷ་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུ་འཛིན་ཚོགས་འདུའི་ཐོག་སྐད་ཤུགས་ཆེན་པོའི་ནེཀ་ཡོག་གི་བྱིས་པ་ལོ་དྲུག་ཅན་ཞིག་གིས་ཕུལ་བའི་ཕྲིན་ཡིག་འདི་སྒྲོགས་སྦྱང་གནང་ཡོད། ད་དུང་ཁོང་གིས་ལོ་ན་དྲུག་ལས་མིན་པའི་བུ་ཆུང་ཨ་ལེཀ་སིས་ང་ཚོ་ལ་བསླབ་བྱ་ཧ་ཅང་མང་པོ་སྤྲད་ཡོད། ང་ཚོས་བུ་ཆུང་འདི་ལ་སློབ་སྦྱོང་བྱེད་འོས་ཞེས་བཤད།
ངས་ད་དུང་གཏམ་རྒྱུད་གཞན་ཞིག་ཞུ།
སྤྱི་ལོ་༢༠༡༤ ཟླ་༡༢ ནང་བརྙན་ལེན་མཁན་ཞིག་གིས་སི་རི་ཡའི་ཨ་ཐི་མི་ཤ་ཞེས་པའི་ས་གནས་ཀྱི་སྐྱབས་བཅོལ་གྱི་སྒར་ས་ཞིག་ནས་ལོ་ན་བཞི་ལ་སོན་པའི་ཕྲུ་གུ་ཞིག་བརྙན་ལེན་བྱས། ཕྲུ་གུའི་མིང་ལ་ཧ་དཱ་ཞེས་འབོད།
པར་ཆས་ཀྱི་ལེན་ཤེལ་(鏡頭)སྔུན་དུ་ཚད་ཡོང་སྐབས། ཧ་དཱས་ལེན་ཤེལ་མེ་མདར་ནོར་ཏེ། མ་མགལ་ཁ་རུ་དམ་པོར་བཅུག་ནས་གོམ་པ་བརྟན་པོར་འགྲེང་བཞིན་ལག་པ་གཉིས་ཡར་བཀྱགས་ཏེ་མགོ་འདོག་བྱེད་པའི་བརྡ་བསྟན་པ་རེད། བྱིས་པ་དེའི་མིག་འོད་ལས་ཆེས་ཐ་མའི་ཚེ་སྲོག་གི་འགྲོ་ལམ་འཚོལ་བའི་རྣམ་འགྱུར་བརྗོད་ཐབས་བྲལ་བ་ཞིག་མངོན་ཡོད། འདྲ་པར་དེས་འཛམ་གླིང་ཧྲིལ་པོར་སེམས་ཚོར་ཧ་ཅང་ཟབ་མོ་སྤྲད་ཡོད།
དྷའི་ཨེ་ཇིའེཞེས་པའི་བརྒྱུད་ལམ་གྱིས་ཕྱིར་བསྒྲགས་བྱས་པ་ལྟར་ན། སྤྱི་ལོ་༢༠༡༢ ལོའི་ཤི་རི་ཡའི་ནང་འཁྲུགས་མགོ་བཙུགས་པ་ནས་མི་ཁྲི་ཚོ་ལྔ་བཅུར་ཉེ་བ་གཡུལ་འཁྲུགས་ཁྲོད་རྐྱེན་ལམ་དུ་ཕྱིན། དེའི་ནང་གི་བརྒྱ་ཆ་ཉི་ཤུ་ཕྲུ་གུ་རེད། ཡུལ་གྱར་དུ་ཕྱིན་པ་ཁྲི་བཞི་བརྒྱ་སུམ་ཅུ་བརྒལ་བ་དང་། དེའི་ནང་གི་ཕྱེད་ཀ་ཕྲུ་གུ་ཡིན་འདུག ཉེས་མེད་ཀྱི་ཕྲུ་གུ་འདི་དག་གནོད་འཚེ་ཕོག་ཡུལ་གཙོ་བོ་ཞིག་ཏུ་གྱུར་པ་རེད། ཁོང་ཚོའི་ནང་བསམ་བློའི་འཚར་ལོང་ལ་ཕོག་པའི་མནར་གཅོད་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། འོན་ཀྱང་འདི་ཚང་མ་འཛམ་གླིང་གི་ཉིན་རེའི་གསར་འགྱུར་གྱི་ཆ་ཤས་ཀྱི་དཔེ་མཚོན་ཙམ་རེད།
ཉེ་ཆར་ཨ་རིའི་དགུ་བཅུ་གཅིག་གི་དོན་རྐྱེན་རྗེས་དྲན་གྱི་ཉིན་མོར་ཨོ་གླིང་གི་གསར་འགོད་པ་ཞིག་གིས་གསར་འགྱུར་གྱི་མགོ་བརྗོད་དུ། དེ་རིང་ནི་དགུ་བཅུ་གཅིག་གི་དོན་རྐྱེན་གྱི་ལོ་བཅོ་ལྔ་འཁོར་བའི་ཉིན་མོ་རེད། འོན་ཀྱང་། ཤི་རྨས་གྱི་གྲངས་ཀ་ནི་མུ་མཐུད་འཕར་བཞིན་ཡོད་ལ། འཇིགས་སྐུལ་རིང་ལུགས་པ་ནི་ཐ་ན་ཨོ་གླིང་དུ་ཡང་ཁྱབ་བཞིན་ཡོད། ཅེས་བྲིས་འདུག
མདོར་ན། འཛམ་བུ་གླིང་གི་ས་ཁུལ་མང་པོ་ཞིག་ལ་ཞི་བདེ་དང་འདྲ་མཉམ་མེད་པ་དང་། དམག་འཁྲུག་གི་འཇིགས་པ་དང་མུ་གེ་སོགས་ཉམ་ཐག་གི་གནས་སྟངས་ཁྲོད་ལྷུང་ཡོད། ཁོང་ཚོའི་ནང་གི་གནོད་འཚེ་ཕོག་ཡུལ་མང་ཆེ་བ་ནི་ཕྲུ་གུ་དང་བུད་མེད། ཡང་ན་མི་སེར་དཀྱུས་མ་རེད།
མཐར། ང་ཚོས་དེ་རིང་གི་འདུ་འཛོམས་འདི་བརྒྱུད་ནས་སའི་གོ་ལ་འདིའི་ཐོག་ཏུ་ཡོད་པའི་སྐྱེ་འགྲོ་ཚང་མ་སྡུག་བསྔལ་གྱི་གནས་སྐབས་ཐམས་ཅད་དང་བྲལ་ནས་བདེ་བ་དང་བདེ་བའི་རྒྱུ་ཕྱིན་ཅི་མ་ལོག་པར་སྤྱོད་ཐུབ་པའི་སྨོན་ལམ་འདེབས། ང་ཚོས་སོ་སོའི་དབུགས་ཀྱི་འབྱིན་རྔུབ་ཚུན་ཆད་མི་དང་དུད་འགྲོ་རང་བྱུང་གི་ཁམས་བཅས་ཀྱི་འཚོ་གནས་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་རྒྱུའི་སྨོན་ལམ་འདེབས།
ང་ཚོས་སྡུག་བསྔལ་གྱིས་མནར་བའི་སྐྱེ་བོ་གཞན་གྱི་ཆེད་དུ་རང་ཉིད་ལ་དབང་བའི་དུས་ཚོད་སྐར་མ་རེ་རེ་དང་། ཡང་ན་བག་ལེབ་ཅིག་གི་ཕྱེད་ཀ་ཡིན་ནའང་ཆོག ཚོར་བ་དངོས་ཀྱི་ཟིན་པའི་ཐོག་ནས་སྐྱེ་བོ་གཞན་གྱི་ཆེད་དུ་གཏོང་རྒྱུའི་གོ་སྐབས་དང་ཆོད་སེམས་ཡོང་བར་སྨོན་ལམ་འདེབས།
དེ་རིང་གཙོ་སྒྲུབ་ལས་ཁུངས་ཀྱི་ངོས་ནས་ཕྲན་ལ་གོ་སྐབས་དང་དུས་ཚོད་གནང་བར་ཐུགས་རྗེ་ཆེ་ཞུ། བཀྲ་ཤིས་བདེ་ལེགས།
ང་ཚོའི་ནང་ཆོས་ནི་སྨོན་ལམ་འདེབས་རྒྱུ་ལས་གཞན་གང་ཡང་མེད། ཁྱེད་ཀྱིས་ཀྱང་སྨོན་ལམ་ཐེངས་གསུམ་བཏབ་འདུག དེའི་ནུས་པས་འཛམ་གླིང་ཞི་བདེ་གང་འདྲ་བསྐྲུན་མིན་ཁྱེད་ཀྱིས་ལོས་ཤེས། དེང་སང་སྨོན་ལམ་འདེབས་པའི་དུས་ཚོད་ཅིག་མ་རེད། ལག་ལེན་དངོས་ཐོག་ཏུ་ལེན་པའི་དུས་ཚོད་ཡིན། མི་མངོན་པའི་དབྱིངས་ནས་ཡོང་རྒྱུ་ཞིག་དཀའ་མོ་རེད་ཡ། ང་ཚོས་བསམ་པར་ནང་པ་བ་ནི་འཚེ་མེད་ཞི་བདེར་སྨྲ་མཁན་དང་སྤྱོད་མཁན་ཞིག་ཏུ་ངོས་འཛིན་དང་ཁ་ཆེ་བ་ཚོ་ནི་འཚེ་བར་སྤྱོད་མཁན་ཞིག་ཏུ་བསམ་བཞིན་ཡོད་མོད། དེ་ལྟར་མིན། བོད་རྒྱུད་ནང་བསྟན་པས་ཅི་བྱས་འདས་པའི་ལོ་རྒྱུས་ལ་དཔྱོད། ཉེ་ཆར་པ་ཀིས་ཏན་གྱི་ཁ་ཆེ་བའི་མི་ཞིག་གིས་ད་ཕྲུག་འབུམ་ཕྲག་མང་པོར་རོགས་པ་བྱས་པ་དང་བུད་མེད་ཁྲི་ཕྲག་མང་པོ་རོགས་བྱས་པ་སོགས་རང་ཉིད་ཀྱི་འདུག་ས་ཐབ་ཆག་གཅིག་གི་ཁང་པའི་ནང་དུ་བསྡད་ནས་གཞན་ཕན་གྱི་ལས་ཀ་བྱེད་སྟངས་ལ་བསམ་ན། ང་ཚོས་སྨོན་ལམ་རྐྱང་བཏབ་ནས་སྡོད་པ་ནི་བགད་མོ་ཤོར་བྱེད་རང་རེད། ང་ཚོའི་མངའ་བདག་མགོན་པོ་སྐྱབས་ཡུལ་ཡིན་ཟེར་ས་དེ་ཚོ་ནི་སྣུམ་འཁོར་རིན་ཐང་ཆེ་ཤོས་དང་བླ་བྲང་རྫིག་རྔམ་ཆེན་པོ་རྒྱས་སྤྲོས་ཡོད་སའི་ནང་དུ་བཞུགས་ནས་དམའ་མོའི་ཉམས་ཐག་འགྲོ་བ་རྣམས་གཟིགས་ཐུབ་ཀྱི་མེད།
མཁན་པོས་འདྲ་པར་རྣམས་ལྷན་སྦྱར་གནང་བ་བཅས་དམིགས་ཡུལ་བཟང་པོ་ཞིག་འགྲུབ་ཕྱིར་སྐུ་ལས་བསྐྱོན་འདུག ལས་ཀ་ཡག་པོ་ཞིག་བསྒྲུབས་པ་ལ་ཡི་རང་བྱ།
ཡིན་ཡང་མཁན་པོས་ད་དུང་བརྡ་སྤྲོད་ཀྱི་གཞུང་སྦྱང་དགོས་པར་གདའ། ཡིག་ནོར་ལ་ཤས་གཏགས་ནོར་ཙམ་མ་ཡིན་པར་མ་ཤེས་པའི་ནོར་འཁྲུལ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད།
ཐུབ་ཕུན་གྱིས་མཁས་དབང་སྔ་མ་ཚོའི་རིང་ལའང་དབེྱ་མཚམས་མ་ཆོད་པའི་རིགས་ཕྱོགས་སྔར་བླངས་ཏེ། བདག་སྒྲ་ལ་ དཔྱད་པ་གཡག་ཞར་གྱིས་རྩྭ་ཟོས་པ་ཙམ་བྱས་རྗེས། འདོད་ཕྱོགས་རང་དང་མ་མཐུན་པ་དག་ལ་བརྡ་སྤྲོད་སྦྱོངས་ཟེར་པ་ལས་བརྡ་སྤྲོད་སྨྲྲ་བ་ཀུན་ལ་ཐུན་མོང་དུ་གྲུབ་པའི་རིགས་དཔྱིས་ཕྱིན་པར་ཤེས་མེད་པ་དག་ལ་དེ་ལྟར་བརྗོད་ན་ནི་དོན་དུ་འགྱུར་རོ།།
ཡིག་ནོར་རྣམས་བསྟན་དགོས་སམ།
ལོ་ཡག་ཁྱོད་རང་མི་དྲང་པོ་ཅིག་རེད་འདུག་གོ།
༸གོང་ས་མཆོག་གིས།
་
https://www.facebook.com/voatibetan/videos/1048282898540828/
ངས་མ་གཞི་བརྡ་སྤྲོད་ཕལ་ཆེར་ཆེད་སྦྱོང་ཡང་མ་མྱོང་། དག་ཆ་ལ་དཀའ་ངལ་འདུག ཡིག་ནོར་བཅོས་རོགས། ལོ་ཡག་ལགས།
རྫ་ཚེ་རིང་བཀྲ་ཤིས། ཁྱེད་ཀྱི་རྩོམ་ཡིག་དག་ནམ་རྒྱུན་ཀློག་གིན་ཡོད། བློ་སྐྱེད་དཔེ་མེད་རག་གི་འདུག ཚིག་རྩལ་ཡང་ཧ་ལས་པ་འདུག ཁྱེད་ཨོ་སི་ཁྲི་ལི་ཡར་གཏན་བཞུགས་ཁེལ་བ་ཡིན་ནམ།
#4 ཀརྡོ་རབ་འབྱམས་པ་ ་ལགས་ཀྱིས་སྤེལ་དོན།:
September 28th, 2016 at 3:21 am
ལོ་ཡག་ཁྱོད་རང་མི་དྲང་པོ་ཅིག་རེད་འདུག་གོ།
འདི།
ལོ་ཡག་ཁྱོད་རང་མི་དྲང་པོ་ཅིག་རེད་ མི་ འདུག་གོ།
མཁན་པོ་རྫ་ཚེ་ལགས།
ངའི་གཏམ་གྱིས་
ཁྱེད་རླུང་ལངས་མེད་པ་འདྲ་ན། དེ་ག་ཉིད་ཀྱི་ཆེ་བ་ཡིན།
གློག་ཀླད་རྐུན་མར་ཤོར་བས་གསར་པ་ཞིག་ཉོས་ཙམ་ཡིན། འོན་ཀྱང་ཀུ་ཤུ་ཡིན་བརྟེན་ མཉེན་ཆས་བླུག་མ་ཐུབ་པར་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པའི་སྒང་ཡིན། དེ་ གྲུབ་རྗེས་མགོ་ནས་མཇུག་བར་དུ་ཁས་བླངས་ལྟར་ཞུ་དག་བྱ་ཆོག
ད་ལྟ་ཁ་པར་ནས་གཏག་དཀའ་ཡང་ས་བཅད་མ་སྟོང་ཙམ་འབྲི་གཅིག་ཁོ་ནར་ཨུ་ཚུགས་བྱ།
ཁྱེད་ཀྱིས་ “རྗེས་འབྲངས་པ” ཞེས་བྲིས་དང་འབྲི་བཞིན་པ་མ་དག་སྟེ། བྱེད་པ་པོ་ལ་བྱེད་ཚིག་འབྲི་ཞིང་བྱེད་ཚིག་ལ་ནི་དུས་གསུམ་ལས་ད་ལྟ་བ་ཁོ་ན་ལས་འོས་མེད་པ་ཡིན་པས་ “རྗེས་འབྲང་བ་” འམ་བ་ཡིག་བདག་སྒྲར་ཁས་མི་ལེན་པའི་གྲས་ཡིན་ན་ “རྗེས་འབྲང་པ” ཞེས་གང་རུང་བྲི་དགོས། འདི་བྱ་བྱེད་ཐ་དད་པའི་ལས་ཚིག་མིན་ཡང་། བྱ་བྱེད་ལས་གསུམ་གྱི་རྣམ་གཞག་ཡོད་པ་རེད།
འདི་དང་འདྲ་བར་
ཀླུ་སྨྱོན་ལགས་ཀྱིས་བཏབ་པའི་ (འབུམ་རམས་པ་ཞིག་གིས་རྩོམ་རིག་གླེང་བ་) མཆན་དུ།
“བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་དང་བླ་མ་སྐྱབས་ཀྱི་རིགས་འདིས་རྩམ་པ་བཟའ་མ་མྱོང་བར་རྩམ་པའི་ཞིམ་མངར་བཤད་ཀྱི་ཡོད་ནི་རེད། ངེས་པ་དོན་གྱི་བོད་ཀྱི་རྩོམ་རིགས་དཔྱད་བརྗོད་པ་ནི་དཔལ་དོན་གྲུབ་རྒྱལ་རེད།” ཅེས་བྲིས་འདུག་པར།
འདིའི་ནང་གི་ “དཔྱད་བརྗོད་པ” ནོར་ཏེ། “དཔྱད་རྗོད་པ” ཞེས་བྲི་དགོས། རྒྱུ་མཚན་ནི་འདས་མ་འོངས་ཀྱི་ཆ་ནས་མ་ཡིན་པར། དུས་གསུམ་བྱེ་བྲག་པའི་དངོས་པོ་བདག་གི་སྒྲ་ཡིན་པས་རེད། སྔོན་འཇུག་ཕོ་ཡིག་སྦྱར་ན་དངོས་པོ་གཞན་འཇུག་ལ་སོང་བས་ནོར་བར་ཤེས་པར་བྱ། རྟགས་འཇུག་ཤེས་ན་འདི་འདྲ་འདི་ལ་རྩོད་པ་མེད། མི་ཤེས་པའི་མིས་རྩོད་པ་མང་དུ་བྱ་ཐང་སྟེ་ཞེ་སུན་ནོ། །
གྲོགས་པོ་ཀརྡོར་ལགས་ཀྱིས་ཁ་སང་ལོ་ཡག་ནི་མི་དྲང་པོ་ཞིག་རེད་ཟེར། ད་རིང་མི་མི་དྲང་བ་ཞིག་རེད་ཟེར། དེ་གཉིས་འགལ་བ་མ་རེད་དམ།
ལོ་ཡག་མི་དྲང་པོ་ཞིག་ཡིན་ཏེ། རྒྱུ་མཚན་ཤོད། མི་མི་དྲང་བ་ཞིག་ཡིན་ཏེ། རྒྱུ་མཚན་ཤོད།
ང་ནི་གད་མོ་བགད་རྒྱུར་ཧ་ཅང་སྤྲོ་བས། གྲོགས་པོས་སླར་ཡང་གད་མོ་ཞིག་སློངས་དང་། སྐུ་མཁྱེན། །
ལོ་ཡག་ལགས།
་་་་་་་ ཐུབ་ཕུན་གྱིས་མཁས་དབང་སྔ་མ་ཚོའི་རིང་ལའང་དབེྱ་མཚམས་མ་ཆོད་པའི་རིགས་ཕྱོགས་སྔར་བླངས་ཏེ། བདག་སྒྲ་ལ་ དཔྱད་པ་གཡག་ཞར་གྱིས་རྩྭ་ཟོས་པ་ཙམ་བྱས་རྗེས། འདོད་ཕྱོགས་རང་དང་མ་མཐུན་པ་དག་ལ་བརྡ་སྤྲོད་སྦྱོངས་ཟེར་པ་ལས་བརྡ་སྤྲོད་སྨྲྲ་བ་ཀུན་ལ་ཐུན་མོང་དུ་གྲུབ་པའི་རིགས་དཔྱིས་ཕྱིན་པར་ཤེས་མེད་པ་དག་ལ་དེ་ལྟར་བརྗོད་ན་ནི་དོན་དུ་འགྱུར་རོ།། ་་་་་་
འདི་ལ་བརྟེན་ནས་་་་་་་
གྲོགས་པོ་ཀརྡོར།
འོ་ན་ངས་བ་བོ་བདག་སྒྲ་ལ་འདོད་མཁན་སྔོན་གྱི་མཁས་གྲུབ་རེ་གཉིས་(ལྷ་ས་བ། གཞན་ཡང་མང་)ཀྱི་མཚན་སྨྲྲས་ཤིང་། སྔོན་གྱི་བསྟན་བཅོས་ནའང་ཡོད་པའི་བ་བདག་སྒྲ་ཅན་ཁ་ཤས་ (ཤིན་ཏུ་མང་) དཔེ་མཚོན་དུ་དྲངས་ཏེ་བསྟན་པ་ལ་ཐུབ་ཕུན་དང་ཐུབ་ཕུན་ཚོ་ལ་དེ་ཡིན་འདི་མིན་གྱི་ལན་ན་གཅིག་ཀྱང་མེད་པ་ཅི་ལ་ཐུག། འཁོར་གསུམ་སོང་བའི་རྟགས་རེད། ཧ་ཧ་ཧ། ཀུ་རུ་དང་བདེན་པ་སྦྲག་མ་ཡིན།
ལོ་ཡག་ལགས།
་
བདག་སྒྲ་ཡར་གྱུར་བ་དང་་ནི། །
ཆ་ལ་པ་ཉིད་སྦྱོར་པ་ལེགས། །
ཞེས་སོགས་མཁས་པའི་གསུང་འདི་ཡང་། དབུས་གཙང་པའི་ཁ་སྐད་ཀྱིས་དབང་དུ་ཤོར་ཉེས་པའི་སྐྱོན་དུ་གོའོ།།
ཀརྡོར་ལགས་སུ་རྒྱུ་མཚན་སྨྲ་རྒྱུ་ཡོད་ཡོད་འདྲ། སྨྲྲོས་དང་། སྔོན་གྱི་མདོ་བསྟན་བཅོས་ན་བ་བདག་སྒྲ་ཅན་མང་པོ་ཡོད་པ་དེ་དག་ལ་ལན་ཅི་ཡོད། ཁ་སྐད་ཨེ་རེད། ཁ་སྐད་ཡིན་ན་ཡིག་སྐད་མ་ཡིན་དགོས་པས་ཁྱབ་པ་སུས་ཞོག ཞོག་ན་ ེཁ་སྐད་དང་ཡིག་སྐད་ཀྱི་ས་མཚམས་གང་ཡིན། དབུས་གཙང་དང་ཨ་མདོ་བའི་ཁ་སྐད་ལ་གཞི་འཛིན་སོ་མེད་ན། བོད་ཡིག་ཁམས་ཀྱི་ཁ་སྐད་གཅིག་པུ་གཞིར་བཞག་ནས་གསར་གཏོད་བྱས་པ་ཅིས་ཀྱང་ཡིན་དགོས། ཧཧཧ། ཧམ་པ་ལ།
ཁྱེད་རྣམ་པ་ཚོའི་ཤེས་ཚད་ནི་སི་ཏུ་པཎ་ཆེན་གཅིག་པུའི་ལུང་ལ་འཇུ་ཤེས་པ་གཅིག་པུ་དེ་ཁོ་ན་ཙམ་མོ། །
ཀླུ་སྨྱོན་ལགས། གུས་པ་ཨོ་གླིང་དུ་ཆབ་སྲིད་བཙོན་ཟུར་གྱི་མིང་ཐོག་ནས་ཡོང་ཡོད།
ཡིག་ཆ་སོགས་བརྟན་པོ་ཆགས་པ་དང་ཀུན་ཏུ་རྒྱུ་བྱེད་ངེས།
ལོ་ཡག་ལགས་ཀྱིས་བཀའ་ལན་གནང་བ་བཀའ་དྲིན་ཆེ།
#14 ལོ་ཡག ་ལགས་ཀྱིས་སྤེལ་དོན།:
September 30th, 2016 at 7:51 am
ཀརྡོར་ལགས་སུ་རྒྱུ་མཚན་སྨྲ་རྒྱུ་ཡོད་ཡོད་འདྲ། སྨྲྲོས་དང་། ་་་་་
ལན།
ད་ལྟའི་བར་ས་སྟེང་འདིར་སི་ཏུ་ལས་ལྷག་པའི་སུམ་འགྲེལ་མཁན་པོ་བྱེད་ཅིག་བྱོན་ཐུབ་ཡོད་མ་རེད་དོ། ལོ་ཡག་ལགས།
ལན།
ད་ལྟའི་བར་ས་སྟེང་འདིར་སི་ཏུ་ལས་ལྷག་པའི་སུམ་རྟགས་འགྲེལ་མཁན་པོ་བྱེད་ཅིག་བྱོན་ཐུབ་ཡོད་མ་རེད་དོ། ལོ་ཡག་ལགས།