སྡིག་པ་ར་ཛ།
བོད་ཀྱི་ཡུལ་གྲུ་གང་སར་དགོན་པ་ཧ་ཅང་གིས་མང་ཞིང་། དེར་གནས་སྡོད་བྱེད་བཞིན་པའི་གྲྭ་བཙུན་སྔགས་གསུམ་གྱི་སྡེར་གྲགས་པ་ཧ་ཅང་གི་མང་པོ་རེད། དགོན་པ་དྲུག་སྟོང་གཡས་གཡོན་ཞིག་གི་ནང་དུ་གྲྭ་བཙུན་འབུམ་བཞི་དང་དྲུག་སྟོང་བདུན་བརྒྱ་ཡོད་ཅེས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བྲིས་འདུག བོད་ཀྱི་སྲིད་གཞུང་གི་ལས་སྣེ་ཕལ་མོ་ཆེ་གྲྭ་བཙུན་ཆགས་ཤིང་། དགོན་པས་བོད་ཡོངས་ལ་དབང་བསྒྱུར། མདོ་དབུས་ཁམས་གསུམ་གྱི་དགའ་ལྡན་པའི་དགོན་པ་ཡོངས་རྫོགས་ས་གནས་དེ་གེའི་ཆབ་སྲིད་ཀྱི་བདག་པོ་དང་། ལྷ་ལྡན་སྡེ་བ་གཞུང་གི་གནས་ཚུལ་ཆ་ཚང་དགོན་པའི་དབུ་འཛིན་རྣམས་བརྒྱུད་ནས་དར་སྤེལ་བྱས་པའི་ལུགས་སྲོལ་དེ་བྱུང་བ་རེད།
ས་སྐྱའི་བོད་ལ་དབང་བསྒྱུར་བ་ནས་འགོ་བཙུགས་ཏེ་ད་ལྟའི་བར་ངན་པ་རྒྱུན་འབྱམས་སུ་གྱུར་ཏེ། བོད་པ་ཚོས་ཆོས་དང་སྲིད། དགྲ་དང་གཉེན། སྐྱ་བོ་དང་སེར་མོ་སོ་སོར་འབྱེད་མི་ཤེས་པར་གྱུར། དགོན་པ་ཟེར་བ་དེ་འདུལ་བ་ལས་བཤད་པའི་རབ་བྱུང་གི་སྡེ་ཁོ་ན་བཞུགས་སའི་གནས་མ་ཡིན་པར། བོད་ཀྱི་སྲིད་ལུགས་ཀྱང་དེ་ནས་ཤེས་དགོས། སྲིད་དོན་པ་ཡང་དེ་ལས་ཐོན་དགོས། དེ་ཕྱིར་ས་དགེ་བཀའ་རྙིང་རྐུན་བོན་དང་བཅས་པས་རང་ནུས་གང་ཡོད་ཀྱིས་ས་ཁུལ་རེ་བདག་པོ་རྒྱག་སྟེ། ཆོས་མིན་སྲིད་མིན་གྱི་ཟློས་གར་འཁྲབ་པ་ལ་བསམ་བློ་བཏང་ན། དགོད་དགོས་པ་དང་། ངུ་དགོས་པ་མ་ངེས་པ་མང་པོ་རེད།
ཆོས་ལུགས་ཀྱི་བར་དང་། དགོན་སྡེའི་བར་རྙོག་དྲ་བྱུང་བ་མཐའ་དག་གྲྭ་བཙུན་སྔགས་གསུམ་གྱིས་ཆབ་སྲིད་ལ་ལག་པ་འཆང་བ་ལས་བྱུང་བ་རེད། ནུབ་ཕྱོགས་སུ་སྔོན་གྱི་དུས་སུ་ཆོས་ལུགས་མི་སྣ་དང་སྐུ་དྲག་མཉམ་སྡེབས་ཀྱིས་མི་སེར་སྡུག་ལ་སྦྱར་བའི་གནས་ཚུལ་མང་པོ་རེད། དེ་བཞིན་ཁ་ཆེ་རྙོག་ཟིང་རྒྱུན་མ་ཆད་པ་འབྱུང་བཞིན་པ་དང་། འབར་མ་དང་། བཱང་ལ་དཱེ་ཤིའི་ནང་དུ་སངས་རྒྱས་པ་དང་། ཁ་ཆེའི་བར་གྱི་གནས་ཚུལ་མཐའ་དག་ཆོས་ལུགས་གཙང་མ་འཛིན་མ་ནུས་པར་ཆབ་སྲིད་དང་འབྲེལ་སོང་བས་རེད།
དགའ་ལྡན་པའི་དགོན་པ་ཚོ་གཞུང་འཛིན་པའི་རྫོང་དང་། ས་ཁུལ་གྱི་སྲིད་གཞུང་ཡིན་མིན་དེ་ཆགས་སའི་ས་གནས་ལ་ལྟོས་དང་ཤེས། ཕལ་མོ་ཆེ་ས་མདོ་ཁ་དང་། གྲོང་སྡེ་ཆེ་སར་ཆགས་ཡོད། དེ་ཕྱིར་ཤྰཀྱ་ཐུབ་པའི་བསྟན་པ་རྒྱ་གར་ནས་འཇིག་སོང་བ་དེ་ཡང་གྲྭ་བཙུན་སྔགས་གསུམ་ཆབ་སྲིད་ལ་འབྲེལ་དྲག་སྟེ། ནང་པ་དང་མུ་སི་ལིམ་བར་འགལ་ཟླ་བྱུང་དང་། འདོད་ཡོན་དང་། བུད་མེད་ལ་བག་མེད་དུ་སྤྱོད་པ་ལས་བྱུང་བ་རེད་ཅེས་མཁས་བླུན་ཀུན་གྱི་མགྲིན་ན་ཡོད་པ་དེ་རེད། བོད་ཀྱི་བླ་མ་ཚོས་ཆོས་དང་སྲིད་བསྲེས། དགོན་པ་དང་སློབ་གྲྭ་བསྲེས། མདོར་ན་འཁོར་བའི་ཆོས་དང་། འཁོར་བ་ལས་འདས་པའི་ཚུལ་ལུགས་རྣམས་སོ་སོར་དབྱེ་འབྱེད་དཀའ་བར་གྱུར།
ཆོས་སྲིད་ཟུང་འབྲེལ་དེས་ཕན་ཐོགས་ཡོད་དམ། ཉེས་པ་ཆེ། ཁེ་ཉེན་གཉིས་གང་ཆེ་བསྡུར་བ་ན། སངས་རྒྱས་པའི་ཆོས་ལུགས་གཅིག་པུ་མ་ཡིན་པར། འཇིག་རྟེན་ན་ཆོས་སྲིད་ཟུང་འབྲེལ་གྱི་ལུགས་སྲོལ་མཐུག་པོ་ཡོད་པའི་ས་ཁུལ་གྱི་གཞུང་དང་། མི་བུ་ཆ་ཚང་རྙོག་དྲ་རྫོགས་རྒྱུ་མེད་པ་དང་། དེ་ཡང་ཆོས་ཀྱི་རྩོད་རྙོག ཆབ་སྲིད་ཀྱི་རྩོད་རྙོག དཔལ་འབྱོར་གྱི་རྩོད་རྙོག མི་རིགས་ཀྱི་རྩོད་རྙོག འཚོ་བའི་རྩོད་རྙོག་སྟེ། རྩོད་རྙོག་ལྡ་ལྡན་དུ་གྱུར་ཏེ། སྲིད་འབྱོར་གཙོ་བོ་བྱེད་སའི་ལུང་པ་བཞིན་གཞུང་འཛིན་མི་བདེ་བ་དང་། འཐོར་སླ་བ། བསྡུ་བསོགས་རྒྱག་རྒྱུ་མེད་པ། རྒྱལ་ཁྲིམས་བསྡམས་ན། ད་དུང་ཆོས་ཁྲིམས་ཡོད་མདོག་དང་། ཆོས་ཁྲིམས་དམ་ན་དེའི་གོང་ལ་གཞུང་ཁྲིམས་ཡོད་པར་བཤད་དེ། མི་མང་གི་སེམས་ཁ་ཕྱོགས་གཅིག་ལ་བསྐོར་ཐུབ་པ་ལ་དཀའ་ངལ་ཧ་ཅང་ཆེ། དེ་ཕྱིར་རྒྱལ་ཁབ་ཀྱི་གཞུང་དེ་ཆོས་མེད་དམ། ཡང་ན་སྲིད་འབྱོར་གཙོ་བོ་ཡིན་ན་སྲ་བརྟན་ཡོང་བ་ལ་ཕན་ཐོགས་ཡོད།
ཨ་རི་དང་། རྒྱ་ནག ཨོསི་ཊི་རེ་ལི་ཡ། དབྱིན་ཇི། ཇྰ་པཎ། ཀོ་རི་ཡ་སོགས་སྟོབས་ཆེན་རྒྱལ་ཁབ་རྣམས་སྲིད་འབྱོར་གཙོ་བོ་རེད། དེ་ཕྱིར་རི་གྲོང་གང་དུ་སོང་ན་གཙང་སིང་ངེ་རེད། རྒྱལ་ཁབ་དེ་ལ་ཆོས་ལུགས་འདྲ་མིན་གྱི་འཚང་ཁ་ཤིགས་སེ་ཡོད་ན་ཡང་། སྲིད་འབྱོར་གཉིས་ཀྱི་གོང་དུ་རྩ་བ་ནས་གཏོང་སྲོལ་མེད། དེ་ལ་བརྟེན་ནས་མི་མང་འཛིན་སྐྱོང་བྱེད་པ་ལ་སྟབས་བདེ་བ་དང་། གཞུང་གཅིག ལམ་ལུགས་གཅིག་གི་འོག་ལ་ཡོད་ཚད་བཅུགས་ནས་ཡོད། ཆོས་འབྱོར་སྲིད་གསུམ་གོ་ས་གཅིག་པ་དང་། ཆོས་ཀྱི་གོ་ས་མཐོ་བའི་ས་ཁུལ་ནི། རྡུལ་མང་ཞིང་། གཞོབ་དྲི་ཁ་བ། མི་བརྟན་པ། ཆོས་ཀྱིས་སྲིད་འབྱོར་ལ་གནོད། སྲིད་འབྱོར་གྱིས་ཆོས་ལ་འཚེ། ནང་ཕན་ཚུན་གནོད་བྱ་གནོད་བྱེད་ཁོ་ན་ཆགས་ཏེ། རྒྱལ་ཁབ་དང་། མི་རིགས་དེ་ལ་གསོན་ཤུགས་ལྡན་པའི་འཚོ་བ་རྣལ་མ་ཞིག་དུས་ནམ་ཡང་སྨིན་འཇུག་གི་མེད།
ཡེ་ཤུ་དང་། ཁ་ཆེ། ཧིན་དུ་གསུམ་པོའི་མི་གྲངས་མང་འདུག་པ་དེ་ཡང་ཆོས་ལུགས་པ་གཙང་མའམ། ཞེན་འཁོག་ཆེན་པོ་ཡོད་མཁན་གང་ཡང་མ་རེད། ཕལ་མོ་ཆེ་དོན་ལ་ཆོས་ཁས་མི་ལེན་མཁན་འདྲ་བོ་རེད། དེ་ཚོས་སྲིད་འབྱོར་གཙོ་བོ་བྱས་ཏེ་ཡུལ་གྲུ་གང་སར་དབང་བསྒྱུར་བྱས། དེའི་འོག་ནས་ཆོས་སྤེལ་བ་ལས། བོད་པ་ནང་བཞིན་ཆོས་ཁ་ལ་འཁྱེར། སྲིད་ཁོག་ལ་རུམ་སྟེ་མགོ་བསྐོར་གཏོང་མཁན་སུ་གཅིག་མེད། ཁོ་ཚོའི་ཆོས་ལུགས་པ་ཡིན་ཟེར་མཁན་ཕལ་མོ་ཆེ་འཇིག་རྟེན་བྱེད་པོ་ལ་ཡིད་ཆེས་ཡོད་མཁན་དཀོན་པོ་རེད། ཡིན་ན་ཡང་སྲིད་འབྱོར་གཉིས་ཀྱི་བྱ་བས་བསྐྱངས་པ་དང་། སྲིད་འབྱོར་གཉིས་ཀྱི་འཛིན་སྐྱོང་འོག་ཏུ་འཚོ་བཞིན་པའི་རྒྱུ་མཚན་ཙམ་ལ་བརྟེན་ནས། ཆོས་བརྒྱུད་དེའི་མིང་འཁུར་བཞིན་པ་རེད། ཁོ་ཚོའི་སྲིད་འབྱོར་གཉིས་ཀྱིས་ཆོས་རུམ་ནས་ཡོད། བོད་པ་ཚོས་ཆོས་ཀྱིས་སྲིད་རུམ་ནས་ཡོད། དེ་ཕྱིར་ནུས་པ་གང་ཆེ་ལེགས་པར་དཔྱོད་ཅིག
ཁྱད་པར་དུ་ཡང་ཡེ་ཤུའི་ཆོས་པ་མང་ཤོས་ཤིག ཚོང་པ་དང་། ཆབ་སྲིད་པའི་གཟུགས་སུ་གནས་ཡོད་པ་ལས། ཆོས་པའི་མིང་ཅན་དང་། ཆོས་གཟུགས་སུ་ཡོད་མཁན་དཀོན་པོ་རེད། དེ་ཕྱིར་ཁོ་ཚོའི་ཆོས་པའི་མིང་དང་། རིག་གཞུང་བརྒྱུད་འཛིན་བྱེད་པའི་ཆེད། དཔལ་འབྱོར་དང་། སློབ་སྦྱོང་། སྨན་ཁང་། གོ་ས་ཕར་སྤྲད་དེ་ཚུར་བསྡུ་ཐབས་བྱེད་བཞིན་པ་ལས། བོད་པ་ཚོ་ནང་བཞིན་སློབ་མ་དང་། དད་ལྡན་ཚོ་བཅོམ་སྟེ་འདི་མེད་ཕྱི་མེད། ཁྲིམས་མེད་ལུགས་མེད་བྱེད་མཁན་དཀོན་པོ་རེད། རྩ་བའི་ཆ་ནས་ཡེ་ཤུ་ཆོས་ལུགས་ལྟ་གྲུབ་ཟབ་མོ་མེད་པ་དེས་ཡིན་ནམ། གང་ལྟར་ཡང་ཆོས་ཀྱི་སྲོག་ངོ་མ་དེ་བརླགས་ཟིན་པ་རེད། མུ་སི་ལིམ་ནི་དང་པོ་ནས་སྲིད་འབྱོར་ཆེད་དུ་བཟོས་པའི་ཆོས་ལུགས་ཤིག་རེད། ཁ་ཆེ་ཟེར་བ་ནི་བོད་པས་གསར་དུ་བཏགས་པ་ཞིག་ཡིན་ས་རེད། ཁ་ཤི་མིར་གྱི་ས་ཁུལ་དུ་དར་བའི་མུ་སི་ལིམ་ལ་ཁ་ཆེ་ཞེས་ཡུལ་མིང་ཆོས་ལུགས་ལ་ཐོགས་པ་ཡིན་ནམ་སྙམ།
དེ་ཕྱིར་སངས་རྒྱས་པའི་ཆོས་སྲུང་འདོད་ན་འདྲ། བོད་ཀྱི་སྲིད་སྐྱོང་འདོད་ན། དཔལ་འབྱོར་ཡར་རྒྱས་གཏོང་འདོད་ན། གང་ལྟར་ཡང་སྲིད་འབྱོར་གཉིས་ཀ་གཙོ་བོར་བྱེད་དགོས་པ་དང་། གྲྭ་བཙུན་སྔགས་གསུམ་སྲིད་འབྱོར་དང་གཏན་དུ་ཁ་བྲལ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཆོས་སྲིད་ཟུང་འབྲེལ་བྱས་པས་ཉེས་སམ། མི་རིགས་འདིས་ལས་དབང་རླུང་རྟ་གུད་པ་ཡིན། གང་ལྟར་ཡང་བོད་ནང་ཁུལ་ཡིན་ན་རེད། ཕྱི་རྒྱལ་ཁག་ཏུ་འདུར་བཞིན་པའི་ཆོས་གཟུགས་ཁྲོད་དུ་ཞིབ་དཔྱོད་ནན་མོ་བྱེད་ཡོང་དུས། སྤྱི་ཚོགས་མདུན་ལ་ཐོན་འདུག་པ་ཕལ་མོ་ཆེ་མི་རང་འདོད་ཆེན་པོ་ཅན། ཁ་ཙམ་མ་གཏོགས་ཁོག་ན་ཆོས་རྩ་བ་ནས་མེད་མཁན་ཤ་སྟག་རེད། དད་ལྡན་མང་ཚོགས་ཀྱིས་ཡར་རེ་བ་སངས་རྒྱས་གསོན་པོ་བཅས་ན་ཡང་། ཁོ་ཚོས་ངན་པ་ལག་སྦྲེལ་གྱིས་ངག་ནས་དང་པོ་ཚུར་བྲིད་པའི་ཆེད་ཤཱཀྱ་ཐུབ་པའི་དམ་ཆོས་བཤད། སེམས་པས་བྱི་ལས་ཙི་ཙི་ལ་འཛིན་སྟངས་དང་། སྤྱང་གིས་ར་ལུག་ལ་བྱེད་སྟངས་གཅིག་པ་རེད།
བོད་པ་ལྐུགས་པ་ཚོས་རྒྱ་ལ་ཁ་བལྟས་གཅག་པའི་ཆེད་ཡིན་ཟེར་ཏེ། རྒྱ་གར་པད་འབྱུང་གི་སྐུ་འདྲ་བོ་བཞེངས། དེའི་ནང་དུ་རྒྱ་གར་བའི་མི་ཡིས་བྲིས་པའི་སྐད་ཆ་དེ་ཚོ་བླུགས། གནའ་སྔ་མོའི་བོན་པོ་དེ་ཚོ་ནང་བཞིན་གྲུབ་ཐོབ་ཟེར་བའི་མིང་ཐོས་པ་དང་བརྒྱལ་འགྲོ་མཁན་ད་མེད་པ་རེད། རྒྱ་མི་དགོས་ང་ཡང་སངས་རྒྱས་པའི་ལྷ་སྲུང་ནས་བཟུང་སྟེ་ཆོས་ལུགས་པ་ཡོད་ཚད་ཀྱིས་བྲིས་པ་དང་། བཤད་པ་ལ་འཇིགས་ཞུམ་གཏན་ནས་མེད། ལྷ་སྲུང་ཟེར་ཁ་ཆེན་སྣ་ཆེན། མིག་བསྒྲད་ལྟོ་ལུག་དེ་ཚོ་མཐོང་ཡོང་དུས་ཁོང་ཁྲོ་ཟ་ས་ཞིག་ལས། དེ་ཚོ་བཟོས། མཆོད། བསྟོད་བྱེད་ན་ཕན་ཐོགས་སྐར་གང་མེད་པར་དུས་ཚོད་དང། དཔལ་འབྱོར་འཕྲོ་བརླགས་རེད།
རྒྱ་ལ་ཁ་བལྟས་གཅོག་འདོད་ན། སངས་རྒྱས་པའི་གསུང་རབ་སྙིང་པོ་སྡེ་སྣོད་གསུམ་དང་། བསླབ་པ་གསུམ་ཁ་ཞེ་མེད་པར་ཉམས་སུ་བླངས་ཏེ། ཁ་ཞེ་གཉིས་མེད་ཀྱི་ཕན་སེམས་བླ་མེད་ཕ་མ་དངོས་ཀྱི་འདུ་ཤེས་དང་མ་བྲལ་བས་རྒྱ་རིགས་གཙོ་བོར་གྱུར་པའི་འཛམ་གླིང་དད་ལྡན་མང་ཚོགས་བཀུགས་དགོས་རེད། ཡིན་ན་ཡང་དེ་བོད་པའི་གྲྭ་བཙུན་སྔགས་གསུམ་གྱིས་འཇོན་མ་སོང་། བླ་ཆེན་ཚོ་རྒྱབ་ལ་ལང་། ཕུང་གསུམ་པ་ཚོ་ཇག་རྐུན་ཆས་ཏེ་ཁ་ཞེ་མི་མཚུངས་པ་ཤ་སྟག་བྱས། གཡོ་སྒྱུ་ཁོ་ན་བྱས་ཏེ་ཡོད་ཚད་བརླགས་ཚར་སོང་། བོད་ཀྱི་བླ་ཆེན་ཟེར་བ་འདི་ཚོ་ཁེ་མཚར་པོ་ཞིག་རེད། བལྟས་བལྟས་རིག་རིག་སར་དད་ལྡན་མགོ་བསྐོར་བཏང་། གཡོ་རྒྱུ་འཁྲབ་འདུག་པ་ཤེས་ན་ཡང་ངན་པའི་དཔུང་རོགས་བྱེད་ཀྱིན་འདུག་གོ། །
ད་མི་སྐྱ་ཚོས་ཁ་ཡོད་ལག་ཡོད་ཀྱིས་འཚོ་བ་གསར་བའི་ལྟ་གྲུབ་ལ་བསླབ། དེང་སང་གི་དངོས་པོ་གང་འདྲ་ཞིག་བཟོ་དགོས་ན། མི་ཤེས་པ་མེད་པ། དེ་ཡང་ལག་རྩལ་དེ་མི་རིགས་གཞན་དང་། རྒྱ་མི་རིགས་ལ་འགྲན་ཐུབ་པ་ཞིག་ལ་བསླབ་དགོས་རེད། དེ་དངོས་གནས་བྱས་ན་བཙན་བྱོལ་དུ་བོད་པ་མི་ལོ་དྲུག་ཅུ་ལ་ཆོས་ལུགས་དང་། ཆོལ་ཁ། རང་གི་རྐུབ་འཛུགས་ས་གཙོ་བྱེད་མི་འདུག་པར་སློབ་སྦྱོང་ཞིག་སྤྲད་ཡོད་ན་རེ་བ་ཡོད་རེད། སྐབས་དེ་དུས་རྒྱ་གར་དང་། ཨ་རི་སོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་རེད། ཅིའི་ཕྱིར་མ་བསླབས་པ་ཡིན་མིན་མི་ཤེས། མི་ལོ་དྲུག་ཅུའི་ནང་ཐ་སྙད་གསར་བཟོ་རྩ་བ་བྱས་མི་འདུག དངོས་པོ་རྣམས་ལ་ལོངས་སྤྱད་ཟིན་པ་དང་། སྤྱོད་བཞིན་རེད། ཡོད་ཚད་རང་ཉིད་ས་ཆ་གང་དུ་ཡོད་ན་དེ་གའི་ཐ་སྙད་རང་ལས་མི་འདུག
དཔེར་ན་ཀློག་ཀླད་ནང་གི་སྲ་ཆས་མཉེན་ཆས་མཐའ་དག་ལ་ཁྱབ་པའི་གཞི་རིམ་གྱི་བོད་ཡིག་དང་། དགོས་དགུ་དང་། ངོ་དེབ་སོགས་ཀྱི་མ་ཡིག་ནང་ལ་བོད་ཡིག་བཞག་མ་ཐུབ་པ་ཅིའི་ཕྱིར་ཆགས་པ་རེད། བཙན་བྱོལ་ནང་གི་དགོན་སྡེ་ཁག་གི་འདུ་ཁང་ལ་ལྟོས་དང་། ཏ་ལེ་བླ་མའི་འཐེབ་རྩ་ཚོགས་པ་དང་། བོད་ཀྱི་དགེ་རྩ་ཚོགས་པ་མང་པོ་འདུག་ག དེ་ཚོ་ལ་དངུལ་ནི་ཡོད་རབས་འདུག ངོ་ཤེས་ནི་ཡོད་རབ་འདུག དེང་སང་གི་གློག་ཀླད་མ་ལག་ཚང་མ་དང་། དྲ་རྒྱའི་མ་ལག་ཡོད་ཚད་ནང་བོད་ཡིག་ཡོད་ན། སྐད་ཡིག་སྲུང་སྐྱོབ་ཀྱི་མ་རྩ་གཅིག་གྲུབ་པ་རེད། བྱ་བ་འདི་ཚོ་མ་གྲུབ་པའི་གནད་འགག་དེ་རྩ་བ་ནས་ཤེས་མ་སོང་།
མི་རིགས་གཞན་པ་ཚོས་སྐད་ཡིག་སྒྲ་ཐོག་ནས་ཕར་འབྲི་བ་དང་། ཡིག་ཐོག་ནས་ཕར་སྒྲ་ཐོག་ལ་ཕག་པ་ཚང་མ་བཟོ་ཚར་འདུག ཁྱོད་ཚོས་མི་ལོ་དྲུག་ཅུ་ལ་སྐུ་དྲག་ཚོའི་ཁ་མ་སོས། རྒྱབ་མ་ཁེབ་ནས་རྡ་སར་འཚང་འདུག་པ་ལས། ཁ་ཡོད་ལག་ཡོད་ཀྱི་བྱ་བ་བྱས་མི་འདུག རྒྱ་ནག་གཞུང་གིས་རྒྱ་རིགས་ཀྱི་རྣམ་དཔྱོད་མཐོར་འདེགས་དེ་དྲུག་བཞིའི་དོན་སྐྱེན་གཡས་གཡོན་ནས་ཏིང་ཤཱོ་ཕིན་གྱིས་ཐབས་ཤེས་ལ་བརྟེན་ནས་ཚ་རླབས་འཕྱུར་བ་ཞིག་རེད། ཁོས་རྒྱ་རིགས་རྣམ་དཔྱོད་ཅན་ཚོ་ཕྱི་རྒྱལ་ལ་སློབ་སྦྱོང་བྱས་སར་བཏང་། དེ་ནས་རང་རྒྱལ་ལ་ལོག་ནས་བྱ་བ་བསྒྲུབས་ཏེ་ད་ལྟ་འཛམ་གླིང་གོང་ལ་གོམ་པ་སྤོ་བཞིན་པ་རེད། དེ་ཚོ་ཚང་མ་མི་ལོ་སུམ་ཅུ་དང་། བཞི་བཅུའི་ནང་བཟོས་པ་ཞིག་རེད།
གནད་དོན་གཅིག་ཁྱོད་ཚོ་ལ་ཁག་མི་འདུག འཁོར་ཡུག་མེད་པའི་དཀའ་ངལ་དེ་རེད། རྒྱ་གར་སོགས་རྒྱལ་ཕྱི་ནང་གང་ཡིན་ཡང་གཞན་གྱི་ས་ཐོག་རེད། དེ་ལ་ངོས་ལེན་ཡོད། ཡིན་ན་ཡང་བོད་གཞུང་གིས་དཀའ་ལས་བརྒྱབས་ཏེ་ཕྱི་རྒྱལ་སློབ་སྦྱོང་བཏང་བ་རྣམས་ལས་མང་པོ་ཞིག གཞུང་ལ་དུང་བ་དེ་འདྲ་ཞིག་མེད་པ་འདྲ། དེ་ཅིའི་ཕྱིར་ཆགས་པ་རེད། བོད་པའི་མི་རིགས་འདི་ལ་ཕྱི་ནང་དང་། བཟང་ངན་མེད་པའི་སྐྱོན་ཞིག་ཡོད་ནས་རེད་དམ། བོད་པས་གཡོ་སྒྱུ་འཁྲབ་ན། མི་བསད་ན། རྐུ་བྱས་ན་ཚང་མ་ཆུང་ས་དང་། གནད་འགག་ཆུང་ཆུང་ཞིག་ལ་རྙོག་དྲ་བཟོ་བ་དང་། དད་ལྡན་ཉམས་ཆུང་ཚོ་བཅོམ་འདུག་པ་ལས། རྒྱལ་ཁབ་དང་། འབྱོར་ལྡན་ཆེན་པོ་ཚོའི་ཁ་ཡ་མི་ཡོང་བ་དེ་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་བ་རེད།
ཆོས་སྲིད་ཟུང་དུ་འབྲེལ་བ་་མེས་སྤོའི་སྲོལ་།
སྲོལ་བཟང་རྒྱུད་ནས་བོད་ཀྱི་བསྟན་སྲིད་དར་།
དར་བ་ཡུན་དུ་མ་གནས་བོད་མིའི་ལས་།
ལས་ངན་བསག་པའི་འབྲས་བུ་དུས་ལ་སྨིན་།
ཆོས་སྲིད་ཟུང་དུ་འབྲེལ་བ་དམ་པའི་བཀའ་།།
ཆོས་ལོག་སྲིད་དང་སྒྲིག་པ་སྨྱོ་པའི་ཚིག།
ཆོས་མིན་ཆོས་སུ་འདོད་པ་བོད་པའི་ལས།།
ཆོས་དང་ཆོས་ཞེས་འབོད་པ་དེང་གི་གཤིས།།
ཆོས་ཁ་ཁ་ཅན་ཀུན་གྱི་ཁ་ན་འཁྱིལ།།
ཆོས་དོན་ལག་ཅན་གྱི་ནི་ལག་རྡུམ་ཡིན།།
ཆོས་སྲིད་ཟུང་དུ་འབྲེལ་ཞེས་རྒྱུ་མཚན་བཀོད།།
ཆོས་སྲིད་འགལ་བ་ཁོ་ནའི་གནས་ལུགས་བཤད།།
དེང་གི་སྤྱི་ཚོགས་ཐམས་ཅད་འདི་ལྟར་ཡིན།།
དེང་གི་མྱི་སྐྱག་ཐམས་ཅད་སྨྱོས་ནས་ཡོད།།
དེང་གི་མཁས་བ་ཐམས་ཅད་སྤས་ནས་ཡོད།།
དེང་གི་བླུན་པོ་ཐམས་ཅད་སྔོན་ལ་མཆོང་།།
དེང་ལ་ཞེ་སེམས་གཏིང་ནས་ལོག་བཞིན་ཡོད།།
དེང་ལ་ཁོ་ཐག་སྔོན་ནས་ཆད་བཞིན་ཡོད།།
དེང་མྱི་འདི་ལ་ཡིད་ཆེས་རྦེ་དེ་བརླག།
དེང་འདི་བོད་པ་ཚར་བའི་སྔོན་རྟགས་ཡིན།།
ཆོས་སྲིད་ཟུང་འབྲེལ་ཤེས་མཁན་སྡིག་པ་ར་ཛ་དང་མྱི་དཀར་གཉིས།
ཆོས་སྲིད་ཟུང་ཀྱི་འདམ་རྫབ་དོང་ནང་འཁོར་བའི་གངས་ཅན་པ་ཀུན།
ཆོས་ཟུང་མི་ཤེས་ཀྱང་འཁོར་བ་གཡོས་སྟེ་མཐར་ལམ་འདོད་པ་ཅི།
ཁྱེད་གཉིས་ཚིག་སྤྱོར་བཟང་ཡང་གངས་ཅན་པར་འདོད་མེད་ལྷུང་འབྲས་དེ།
རང་སོའི་ལས་ངན་འབྲས་ཀྱང་གངས་ལྗོངས་བསོད་ནམས་དབེན་ལས་གཞན་ཅི།
་ཡང་།
དེང་གི་མཁས་བ་ཐམས་ཅད་སྤས་ནས་ཡོད།།
ཅེས་པ་མི་བདེན། མཁས་པ་ཁྱེད་དང་སྡིག་པ་ར་ཛ་གཉིས་ཆོས་ཅན།་སྦས་ནས་མེད་དེ་ཁ་བརྡ་ནང་མངོན་གསལ་དོད་པོས་མཐོང་མི་གདའ།
དེང་གི་བླུན་པོ་ཐམས་ཅད་སྔོན་ལ་མཆོང་།།
ཅེས་པ་བདེན་རེ་གདའ། ང་ལྟ་བུ་བོད་ཡིག་ཤེས་ཙམ་ཞིག་གིས་སྙན་རྩོམ་རྒྱབ་ལ་བལྟོས། ཡིན་ཀྱང་་བླུན་པོས་མཁས་པའི་དགོངས་ཞིབ་ཏུ་རྩོམ་། སྐུ་ཚེ་རིང་།
སྡིག་པ་ར་ཛས་ཡག་པོ་བྲིས་འདུག སྔོན་ཆད་ཁ་བརྡ་དྲ་ཐོག་ཏུ་མཆན་འདེབས་མཁན་མང་པོ་ཡོད། ད་ལྟའི་ཆར་མཆན་འདེབས་མཁན་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། ངས་འདིར་དྲི་བ་ཞིག་འགོད། ལན་དྲང་མོ་རེ་འདེབས་རོགས་ཞུ། རྒྱལ་དབང་ལྔ་བ་ཆོས་སྲིད་གཉིས་ལ་འགྲན་ཟླ་བྲལ་བར་འདོད་ཀྱི་ཡོད་དམ། བོད་ལ་བཀའ་དྲིན་ཆེན་པོ་རེད་དམ། །
ཆོས་ཕྱོགས་ནས་བཤད་ན། བདག་བས་གཞན་གཅེས་པར་འཛིན་དགོས། འཇིག་རྟེན་གྱི་ཕྱོགས་ནས་བཤད་ན་གཞན་ལས་རང་གཙོ་བོར་འཛིན་དགོས། དེའི་ཕྱིར་ཆོས་སྲིད་ཟུང་འབྲེལ་ཟེར་ན་གད་མོ་ཤོར་བའི་གནས་རེད། ད་ལྟའི་བོད་ཀྱི་ནང་ཆོས་ནི་བརྒྱ་ཆ་བརྒྱད་ཅུའི་ཙམ་ལོགས་ཆོས་ལས་མ་འདས། །
རེད་བདེན་པ་བདེན་རྐྱང་རེད། བོད་ཀྱི་ནང་ཆོས་དེ་ལོགས་ཆོས་ཡིན་ཐག་ཆོད་རེད། འོན་ཀྱང་ལོག་ཆོས་ཡིན་སྙམ་ན་ཡེ་ནས་མོས་མཐུན་ཞུས་དཀའ།