རས་པ།
(གསུམ་བཅུའི་དུས་དྲན་བསུ་བ།)
ཉིན་གཅིག་གི་རྗེས་སུ
སྐད་འབོད་གནམ་ས་འགངས་པ་བྱས་ཏེ
ལམ་རྙིང་ཞིག་ཡང་བསྐྱར་བརྒྱུད་དགོས་པ་དྲན་དུས
ངའི་སེམས་ཁོངས་སུ་ཡིག་ཆ་ནས་ཡིག་ཆ་བརྩེགས་ཤིང
གསལ་བཤད་ཡང་བཤད་ཀྱི་རྩ་འགྲེལ་དགོངས་འགྲེལ་མང་པོ་བྱས
ས་འོག་ནས་ས་ཁར་འཕྱུར་འོངས་པའི་བཅིངས་འགྲོལ་དམག་མི་རྣམས
ངའི་མགྲིན་པར་དལ་ལྷོད་ལྷོད་ཀྱིས་འགྲོ་བའི་འོ་ཇ་འདི་དང་མི་འདྲ་བར
ཚ་ཚ་འུར་འུར་གྱི་བུན་ཁྲོན་ས་འགུལ་དང་འདྲ་བར་བདག་གི་སྙིང་ལ་ཟུག་ཅིང
བྱ་བརྒྱ་ཚང་ལ་ལོག་པ་ལྟ་བུའི་བོད་བསྐྱོད་རྒྱ་མི་རྣམས་ཀྱང་དེ་ལྟར་དྲན
རྒྱ་གར་གྱི་ཕོར་བར་བླུགས་པའི་བོད་ལུགས་ཀྱི་འོ་ཇ་འདི་ཡིས
རྒྱ་ནག་གི་ཕོར་བར་དྲངས་པའི་འོ་ཇ་དེ་མཚོན་པར་བྱས་ན
བྲོ་བ་གཅིག་མཚུངས་ཀྱི་འཆར་སྣང་གིས་བདག་ལུས་སྦྲིད་པར་བྱེད་ཅིང
འབྲི་མོ་བཞོ་དབྱངས་ཀྱི་འགྱུར་ཁུགས་སྙན་མོས་བདག་ལ་སེམས་གསོ་ཐོབ
འོན་ཀྱང ཁྱེད་ཉིད་དྲན་ཚུལ་འདི་ནི་གདུང་ཡས་ཤིག་ཀྱང་རེད་ཨང
ཇ་ཕོར་བ་གང་འཐུང་ཞོར་དུ
ངས་བོད་བོད་ཅེས་ཡང་ཡང་སྨྲས་ཤིང
མི་རིགས་ས་གནས་རང་སྐྱོང་ཞེས་ལན་མང་བཟླས
ཨ་མས་གསུངས་པའི་གཟུངས་བསྔགས་བཞིན
༢༠༡༠ཟླ་༢ཚེས ༨ཉིན།