འབྲིང་བ་འཇིགས་མེད།
༄༅།།ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་བོད་མི་ཚོས་དོ་སྣང་བྱེད་ཤུགས་ཕྲན་བུ་ཆེ་རུ་འགྲོ་བཞིན་པ་འདིའི་རམ་འདེགས་སུ་དམིགས་ཏེ། དེའི་སྐོར་གྱི་རྨང་གཞིའི་ཤེས་བྱ་ཁག་ཅིག་ལུགས་འདིའི་སྲོལ་འབྱེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ལས་གཙོ་བོར་དྲངས་ནས་རང་འདྲའི་ལས་དང་པོ་པ་རྣམས་ལ་ངོ་སྤྲོད་མདོ་ཙམ་བྱས་ན།
༡༽ མིང་གི་རྣམ་གྲངས།
འདིའི་མིང་ནི་དབྱིན་སྐད་ Secular Ethics ཞེས་པ་ནས་འགྱུར་བ་ཡིན་ལ། འགྱུར་མ་འདྲ་བས་བོད་སྐད་དུ། ཆོས་དང་མ་འབྲེལ་བའི་བཟང་སྤྱོད། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཅེས་པ་སོགས་མི་འདྲ་བ་དུ་མ་མཆིས། ༸གོང་ས་མཆོག་གི་སྐུ་སྒེར་དྲ་ཚིགས་སྟེང་དུ་འཁོད་པའི་བཀའ་སློབ་ལས་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཅེས་འབྱུང་། (དེའི་དྲ་བྱང་། http://www.gyalwarinpoche.com/node/147) མིང་དེ་དག་ལས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་མིང་འདི་ལེགས་ཤོས་ཡིན་པར་མཁས་དབང་ཟམ་གདོང་རིན་པོ་ཆེས་ཉེ་ཆར་ལ་དྭགས་བོད་ཁྱིམ་དུ་གསུངས། (ཟམ་གདོང་རིན་པོ་ཆེའི་གསུང་བཤད་དེའི་དྲ་བྱང་། https://www.youtube.com/watch?v=YeMIUD1WeIs)
༢༽ དེའི་གོ་དོན་ནམ་ངོ་བོ།
༸གོང་ས་མཆོག་གི་བཀའ་རྩོམ་<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ལས། མི་འགའ་ཞིག་དང་ལྷག་པར་དུ་ཡེ་ཤུ་དང་ཁ་ཆེའི་ཆོས་གྲོགས་ཕོ་མོ་ཁ་ཤས་ལ་ངོས་ནས་བེད་སྤྱོད་བྱེད་པའི་ཐ་སྙད་ཆོས་དང་མ་འབྲེལ་བ་ཞེས་པས་དཀའ་ངལ་བཟོ་གི་ཡོད་པ་ངས་ཤེས་ཀྱི་ཡོད། འགའ་ཞིག་གི་ངོར། ཚིག་དེ་ག་རང་གིས་མཐའ་གཅིག་ཏུ་ཆོས་ཁས་མི་ལེན་པའམ་ཡང་ན་དེ་བས་ཆོས་ལ་སྡང་འཛིན་བྱེད་པ་སྟོན་ཞིང་། ཁོང་ཚོའི་བསམ་པར། ཚིག་དེ་བེད་སྤྱོད་བྱེད་པས། བཟང་སྤྱོད་ཀྱི་རྣམ་གཞག་དང་མི་མང་གི་འཚོ་བའི་གནས་སྟངས་ཀུན་གྱི་ཁྲོད་ནས་ཆོས་ལུགས་ཟུར་འདོན་བྱེད་པར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར་མཐོང་ཤས་ཆེ། དེ་ནི་ངོས་ཀྱི་སེམས་ནང་གང་ཡོད་པ་དེ་རྩ་བ་ནས་མ་ཡིན། དེ་ལས་ལྡོག་སྟེ། ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་འདིའི་ཐད་ངོས་ཀྱི་གོ་རྟོགས་ནི་རྒྱ་གར་ནང་ཡོངས་གྲགས་སུ་བེད་སྤྱོད་བྱེད་སྟངས་དེ་ལས་བྱུང་བ་ཞིག་ཡིན། ཞེས་དང་། ཚིག་དེ་རྒྱ་གར་གྱི་བེད་སྤྱོད་བྱེད་སྟངས་ནང་། ཆོས་ལུགས་སམ་ཆོས་ལ་དད་པ་ཡོད་མཁན་ལ་རྒྱབ་འགལ་མིན་པ་ལྟ་ཅི། དོན་དངོས་སུ་ཆོས་ལུགས་ཚང་མར་སེམས་གཏིང་ནས་གུས་བཀུར་དང་བཟོད་གསོལ་དགོས་ ཚུལ་སྟོན་ཞིང་། ཆོས་ལ་དད་པ་མེད་མཁན་ཚོ་ཡང་ཚུད་ཅིང་ཀུན་ལ་སྙོབ་པ་དང་ཕྱོགས་རིས་དང་བྲལ་བའི་སྤྱོད་ ཚུལ་ཞིག་སྟོན་གྱི་ཡོད། ཅེས་དང་།
ཡང་། ༸གོང་ས་མཆོག་གིས་<<ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་>>ཀྱི་སྔོན་གླེང་དུ། ངོས་ནས་ཆོས་དང་མ་འབྲེལ་བའི་སྤྱོད་བཟང་ (Secular Ethics) ཞེས་པ་ནི། མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་གཤིས་རྣམས་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གིའང་བྱམས་བརྩེའི་བསླབ་བྱའི་རྨང་གཞི་རུ་གྱུར་པ་དེ་རྣམས་ལ་ཟེར་གྱི་ཡོད། ཅེས་དང་།
ཡང་། གོང་གསལ་སྐུ་སྒེར་དྲ་རྒྱའི་ཐོག་འཁོད་པའི་བཀའ་སློབ་དེ་ལས། རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ Secular ethics ཟེེར་བ་ནི་ཆོས་དང་མ་འབྲེལ་བར་འགྲོ་བཞིན་ཡོད་པ་རེད། རྒྱ་གར་གྱི་རྩ་ཁྲིམས་ཡིན་ནའང་ཆོས་ལུགས་རིས་མེད་ Secular གཞི་རྩ་ལ་བཞག་ཡོད་པ་གལ་ཆེན་པོ་རེད། ནུབ་ཕྱོགས་རྒྱལ་ཁབ་ནང་ལ་ཆོས་ལུགས་རིས་མེད་Secular ཟེར་དུས་ཆོས་ལ་ངོ་རྒོལ་གྱི་མཐོང་ཚུལ་ཡོད་པ་དེ་གཉིས་ཐ་དད་རེད། ཅེས་གསུངས།
གཞན་ཡང་། Secular ཞེས་པ་འདིའི་དོན་ནུབ་ཕྱོགས་པ་ཚོས་བཤད་ན། ཆོས་འགལ་རིང་ལུགས། ཆོས་མེད་རིང་ལུགས། ཆོས་འགོག་རིང་ལུགས་ཞེས་སོགས་ཆོས་ལ་ངོ་རྒོལ་གྱི་དོན་ཅན་ཞིག་ཏུ་འདོད་ཀྱང་སྐབས་འདིར་དེ་འདྲ་མིན་པར་ཆོས་ལུགས་རིས་མེད་དམ་ཡང་ན་ཆོས་ལུགས་ལ་མ་བརྟེན་པ་ཙམ་གྱི་དོན་ཡིན་ཚུལ་མཁས་དབང་ཟམ་གདོང་རིན་པོ་ཆེས་ཉེ་སྔོན་རྡ་སྟེང་བོད་ཁྱིམ་དུ་གསུངས། (ཟམ་གདོང་རིན་པོ་ཆེའི་གསུང་བཤད་དེའི་དྲ་བྱང་། https://www.youtube.com/watch?v=mi_0aPUej-A)
༣༽ སྤྱི་ཁྱབ་ཀྱི་བདེ་སྐྱིད་བསྐྲུན་ཆེད་ཆོས་ཀྱི་གསར་བརྗེ་ཞིག་བྱེད་དགོས།
༸གོང་ས་མཆོག་གི་བཀའ་རྩོམ་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>ལས། ལོ་བརྒྱ་ཕྲག་ལྷག་གི་ལས་འགུལ་ཏེ། མང་གཙོ་དང་། སྒེར་དོན་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱིས་ང་ཚོའི་བསམ་བློ་མཐོར་འདེགས་བྱས་ཡོད་ཀྱང་། ཐོག་མའི་དམིགས་ཡུལ་ཇི་བཞིན་ང་ཚོར་སྤྱི་ཁྱབ་ཀྱི་བདེ་སྐྱིད་ཅིག་བསྐྲུན་མེད། ང་ཚོར་གསར་བརྗེ་ཞིག་དགོས་པ་ནི་མངོན་གསལ་ཡིན་ནའང་། དེ་ནི་ཆབ་སྲིད་དང་། དཔལ་འབྱོར། འཕྲུལ་ལས་སོགས་ཀྱི་གསར་བརྗེ་ཞིག་མིན་ཞིང་། ཕྱི་ལ་ཕྱོགས་པའི་ལས་འགུལ་ཞིག་གིས་མི་འགྲིག་པ་འདས་པའི་དུས་རབས་འདིའི་ཉམས་མྱོང་གིས་གསལ་པོར་སྟོན་པ་དང་། ངོས་ཀྱིས་འདིར་གྲོས་གཞི་རུ་འདོན་བཞིན་པ་ནི། ཆོས་ཀྱི་གསར་བརྗེ་ཞིག་ཡིན། ཞེས་དང་། ངོས་ཀྱིས་གླེང་བཞིན་པའི་ཆོས་ཀྱི་གསར་བརྗེ་ནི། ཆོས་ལུགས་ཀྱི་གསར་བརྗེ་ཞིག་མིན་ལ། འཇིག་རྟེན་གཞན་ཞིག་ལ་ཕྱོགས་པའི་འཚོ་བ་སྐྱེལ་སྟངས་ཤིག་ཀྱང་མིན་ཞིང་། རྫུ་འཕྲུལ་དང་སྦས་དོན་གྱི་ལམ་ཞིག་དེ་བས་ཀྱང་མིན། འདི་ལས་ལྡོག་སྟེ། ངོས་ཀྱིས་གླེང་བཞིན་པའི་གསར་བརྗེ་ནི། རང་ཉིད་ཁོ་ན་བསམ་པའི་བདག་འཛིན་ཉུང་དུ་བཏང་ནས་རང་ཉིད་དང་འབྲེལ་བའི་མི་ཚོགས་ལས་གྲུབ་པའི་སྤྱི་ཚོགས་ལ་བློ་ཁ་ཕྱོགས་ཏེ། རང་གི་ཀུན་སྤྱོད་ཀྱི་ངོས་ནས་རང་གཞན་གཉིས་ཀའི་བདེ་བ་འདྲ་མཉམ་དུ་ངོས་འཛིན་པའི་འབོད་སྐུལ་ཞིག་ཡིན། ཞེས་དང་། ཆོས་ཀྱི་གསར་བརྗེ་ཞེས་པ་ནི། བླང་དོར་གྱི་གསར་བརྗེ་ཞིག་ཀྱང་ནང་དུ་འདུས་པའི་ནང་སེམས་ཀྱི་གསར་བརྗེ་ཞིག་ཡིན། ཞེས་དང་། མི་མང་ཆེ་བས་ཆོས་ལུགས་ཉམས་ལེན་བྱེད་ཀྱི་མེད་སྟབས། ངོས་ཀྱི་དམིགས་ཡུལ་ནི་ཆོས་ལུགས་ལ་སྐྱབས་མ་བཅོལ་བར་འགྲོ་བ་མི་སྤྱི་ལ་ཞབས་ཕྱི་སྒྲུབ་ཐབས་ཤིག་འཚོལ་རྒྱུ་དེ་ཡིན། ཞེས་གསུངས།
ཆོས་དང་ཆོས་ལུགས་ཀྱི་ཁྱད་པར་ཡང་། དེ་ཉིད་ལས། ངོས་ཀྱི་ལྟ་ཚུལ་ལ། ཆོས་ལུགས་དང་ཆོས་གཉིས་ཀྱི་བར་ལ་ཁྱད་པར་གལ་ཆེན་ཞིག་འབྱེད་ཆོག ཆོས་ལུགས་ཞེས་པ་ནི། སྲོལ་རྒྱུན་གང་རུང་ཞིག་གིས་བཞག་པའི་མཐར་ཐུག་གི་གོ་འཕང་ལ་དད་པ་བྱེད་པ་དང་། མངོན་སུམ་ཡིན་པའི་འཇིག་རྟེན་གྱི་དངོས་ཡོད་གནས་ལུགས་ལས་འདས་པའི་ཡུལ་ཏེ། གཅིག་བྱས་ན་བཀོད་པ་པོའི་ཞིང་ཁམས་སམ་མྱང་འདས་ལྟ་བུའི་དོན་སྤྱི་སོགས་ཀྱང་དད་པ་དེའི་ཆ་ཤས་སུ་ཁས་ལེན་བྱེད་པའི་སྒྲིག་གཞི་ཞིག་ཡིན་ཞིང་། གསུང་རབ་དང་བཀའ་ལུང་། ཆོ་ག་དང་ཞལ་འདོན་སོགས་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཅིག་ཡིན། འོན་ཀྱང་། ཆོས་ནི་རང་གཞན་གཉིས་ཀར་བདེ་བ་བསྐྲུན་པའི་འགྲོ་བ་མིའི་བློ་དང་འབྲེལ་བའི་ཡོན་ཏན་ཏེ། བརྩེ་བ་དང་སྙིང་རྗེ། བཟོད་པ་དང་དགོངས་ཡངས། ཆོག་ཤེས་དང་གཞན་སེམས། མཐུན་འབྲེལ་གྱི་འདུ་ཤེས་སོགས་ལ་གཙོ་བོར་འབྲེལ་ཡོད། ཅེས་གསུངས།
༤༽ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གཞི་རྩ།
<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ལས། ཡོངས་ཁྱབ་ཏུ་ཁས་ལེན་ནུས་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་འཇུག་པའི་ཐབས་ལམ་ཆ་ཚང་བ་ཞིག་ལ། གཞི་རྩའི་རྩ་འཛིན་གཉིས་ཁོ་ན་ངོས་འཛིན་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། འགྲོ་བ་མི་ཡིན་པའི་ཆ་ནས་དེ་གཉིས་ཀ་ང་ཚོའི་རྒྱུན་ལྡན་གྱི་མྱོང་བ་དང་རྒྱུན་ཤེས་ཀྱི་ཐོག་ལ་གཞི་བཞག་སྟེ་ལས་སླ་པོར་ཤེས་རྟོགས་ཐུབ། དེ་གཉི་ག་དེང་དུས་ཉམས་ཞིབ་ཀྱི་རྙེད་དོན་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད་ཅིང་། དམིགས་བསལ་བསམ་བློའི་ཚན་རིག་དང་། དབང་རྩའི་ཚན་རིག སྨན་དཔྱད་ཚན་རིག་ལྟ་བུའི་ཁྱབ་ཁོངས་ཁྲོད་ནས་ར་སྤྲོད་བྱས་ཡོད། རྩ་འཛིན་དང་པོ་ནི། ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གཅིག་གྱུར་གྱི་མངོན་འདོད་དེ་ངོས་འཛིན་བྱེད་དགོས། གཉིས་པ་ནི། ང་ཚོའི་ལུས་པོའི་གྲུབ་སྟངས་དངོས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་ཚུད། འགྲོ་བ་མིའི་དངོས་ཡོད་གནས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པའི་འབྲེལ་བ་ཤེས་རྟོགས་བྱ་རྒྱུ་དེ་ཡིན། རྩ་འཛིན་དེ་གཉིས་ཀྱི་ཐོག་ནས། ང་ཚོ་རང་ཉིད་དང་གཞན་གྱི་བདེ་ཐབས་གཉིས་སོ་སོར་འབྱེད་མི་ཐུབ་པའི་འབྲེལ་ལམ་ངོས་འཛིན་དང་ཤེས་རྟོགས་ཐུབ་ཅིང་། དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་སྤྱོད་ཀྱི་གོ་རྟོགས་བསྐྲུན་རྒྱུ་དང་ནང་སེམས་ཀྱི་རིན་ཐང་རྒྱུད་ལ་སྐྱེད་པའི་གཞི་རྟེན་རན་པོ་ཞིག་འཛུགས་ཐུབ་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་དང་། ང་ཚོར་ཆོས་ལུགས་ཀྱི་སྒྲོམ་གཞི་ཞིག་ཡོད་མེད་ལ་མ་ལྟོས་པར། བྱམས་པ་དང་། སེམས་པ་བཟང་པོ། བརྩེ་སེམས་བཅས་ཀྱི་ཕྱོགས་ལ་བློ་ཁ་ཕྱོགས་པའི་གཞི་རྩའི་འགྲོ་བ་མིའི་རང་གཤིས་ཤིག་ཡོད། ཅེས་གསུངས།
<<ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་>>ཀྱི་སྔོན་གླེང་དུ། ང་ཚོར་ཐོག་མ་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་མེད་ཀྱང་ཕྲུ་གུའི་སྐབས་ནས་གཞན་ལ་བརྩེ་བ་དང་། བྱམས་པ་དང་། ཕན་སེམས་དང་། བཟོད་སྒོམ་སོགས་རང་གི་ངང་གིས་ཡོད་པ་དང་། དེ་དག་དང་འབྲེལ་བའི་ལུས་ངག་གི་བྱ་སྤྱོད་ཀྱང་རང་ཆས་སུ་ཡོད། དེའི་ཕྱིར་མི་ཀུན་ལ་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་རིགས་ཀྱི་བསམ་བློ་དང་བྱ་སྤྱོད་བཟང་པོ་འདི་དག་ལ་གཞི་བཅོལ་ཏེ། ངོས་ནས་ཆོས་ལུགས་དང་ལྟ་གྲུབ་བྱེ་བྲག་པ་གང་གིའང་ཁོངས་སུ་མ་གཏོགས་པའི་མིའི་གཞི་རྩའི་ཀུན་སྤྱོད་བཟང་པོ་དེ་དར་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད། ཅེས་གསུངས།
༥༽ ཆོས་ལུགས་གཅིག་པུས་བཟང་སྤྱོད་སྤེལ་མི་ཐུབ།
<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ལས། ཆོས་ལུགས་ཀྱིས་འདས་པའི་དུས་ཚོད་ནང་མི་ས་ཡ་མང་པོར་ཕན་བཏགས་ཡོད། ད་ལྟ་ཕན་འདོགས་བཞིན་པ་དང་། མ་འོངས་པར་ཡང་མུ་མཐུད་ཕན་གདགས་རྒྱུར་ཐེ་ཚོམ་མེད། འོན་ཏེ། དེས་ཀུན་སྤྱོད་ཀྱི་ལམ་སྟོན་དང་མི་ཚེ་དོན་དང་ལྡན་པ་བཟོ་བར་ཕན་ཐོགས་ཅི་ཙམ་ཡོང་རུང་། དེང་དུས་ཀྱི་(དམིགས་བསལ་)ཆོས་དང་མ་འབྲེལ་བའི་འཛམ་གླིང་ནང་། ཆོས་ལུགས་གཅིག་པུས་བཟང་སྤྱོད་ཀྱི་གཞི་རྟེན་འདང་གི་མེད། དེའི་རྒྱུ་མཚན་གཅིག་ནི། ད་ཆ་འཛམ་གླིང་ནང་གི་མི་མང་པོས་ཆོས་ལུགས་བྱེ་བྲག་པ་གང་གིའང་རྗེས་སུ་འབྲང་གི་མེད། རྒྱུ་མཚན་གཞན་ཞིག་ནི། གོ་ལ་གཅིག་གྱུར་དང་རིག་གཞུང་སྣ་མང་ཡོད་པའི་དུས་སྐབས་ཀྱི་སྤྱི་ཚོགས་ཤིག་གི་ནང་འཛམ་བུ་གླིང་གི་མི་རྣམས་གཅིག་ལ་གཅིག་བརྟེན་ངང་ཤིན་ཏུ་ཉེ་བར་འབྲེལ་ནས་ཡོད་སྟབས། ཆོས་ལུགས་གང་ཡང་རུང་བ་གཅིག་ལ་གཞི་བཅོལ་བའི་བཟང་སྤྱོད་དེ་ང་ཚོ་ཁ་ཤས་ཀྱི་བློ་ལ་མ་གཏོགས་འཚམ་པོ་མེད་ཅིང་། ཚང་མར་དོན་སྙིང་ལྡན་པ་ཞིག་མི་ཡོང་། ཞེས་དང་།
དེ་བཞིན་དུ་<<ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་>>ཀྱི་སྔོན་གླེང་དུའང་། གལ་ཏེ་ཡ་རབས་སྤྱོད་བཟང་ནི་ངེས་པར་ཆོས་ལུགས་ཤིག་ལ་བརྟེན་དགོས་ཚེ། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གི་བསླབ་བྱ་ལ་བརྟེན་པའི་ཀུན་སྤྱོད་ནི་ཆོས་དད་མེད་པའི་སྐྱེ་བོ་ཚོར་ཁྱབ་མི་ཐུབ་པ་དང་། ཆོས་དད་མེད་པ་ཚོར་ཆོས་དད་མེད་པ་དང་ཆབས་ཅིག་བྱམས་བརྩེ་སོགས་ཡ་རབས་སྤྱོད་བཟང་དག་ཀྱང་འཐུས་ཤོར་བར་འགྱུར། ཞེས་གསུངས།
༦༽ ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྤེལ་དགོས།
<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ལས། དེང་གི་ཆར་ང་ཚོས་སྣང་མེད་དུ་བཞག་པའི་ནང་སེམས་ཀྱི་རིན་ཐང་གི་དཀའ་ངལ་དག་སེལ་བར་ཆོས་ལུགས་བྱེ་བྲག་པ་གང་ཡང་རུང་བ་ཞིག་ལ་གཞི་བཅོལ་ན། དེ་ཡོངས་ཁྱབ་རྩ་བ་ནས་ཆགས་མི་ཐུབ་ཅིང་ཏག་ཏག་འདང་གི་མེད། ད་ལྟ་ང་ཚོར་དགོས་པ་ནི་ཆོས་ལུགས་ལ་མ་བརྟེན་པར། ཆོས་དད་ཡོད་པ་དང་མེད་པ་ཚང་མས་གཅིག་གྱུར་གྱིས་ཁས་ལེན་ཐུབ་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐབས་ལམ་ཞིག་དགོས། ཞེས་དང་། དེང་སང་འཛམ་གླིང་ནང་གི་དངོས་ཡོད་གནས་ཚུལ་ནི་བཟང་སྤྱོད་ཀྱི་གཞི་རྩ་ཆོས་ལུགས་ནང་འཛིན་པ་དེས་ད་ཆ་འདང་གི་མེད། རྒྱུ་མཚན་དེ་ལ་བརྟེན་ནས། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སེམས་དོན་རིག་པ་དང་བཟང་སྤྱོད་ཐད་ལ་བསམ་བློ་གཏོང་བའི་ཐབས་ལམ་ཞིག་འཚོལ་བའི་དུས་ལ་བབ་ཡོད་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་དང་།
དེ་བཞིན་དུ་<<ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་>>ཀྱི་སྔོན་གླེང་དུའང་། ཆོས་ལུགས་དང་རིག་གཞུང་སྣ་མང་ལས་གྲུབ་པའི་གོ་ལ་གཅིག་གྱུར་གྱི་སྤྱི་ཚོགས་འདིའི་ནང་དུ་ཆོས་ལུགས་བྱེ་བྲག་པ་ཞིག་ཡ་རབས་སྤྱོད་བཟང་གི་རྒྱབ་རྟེན་དུ་འཛིན་རྒྱུར་བདེ་པོ་མེད། དེས་ན་ཀུན་ལ་ཁྱབ་པའི་སྤྱོད་བཟང་ཞིག་སྤེལ་དགོས་ན་དེ་ནི་མིའི་གཞི་རྩའི་བཟང་གཤིས་རྣམས་དར་སྤེལ་གཏང་རྒྱུ་ལས་མ་འདས། ཞེས་དང་། ཆོས་ལུགས་ལ་མ་བརྟེན་པར་ང་ཚོ་ཞི་བདེར་འཚོ་གནས་ཐུབ་ཀྱང་། མིའི་གཞི་རྩའི་དགོས་མཁོ་བྱམས་བརྩེ་དང་ཁ་བྲལ་ན་ང་ཚོ་གསོན་པོར་གནས་དཀའ་ཞིང་གནས་ཀྱང་བདེ་སྐྱིད་ཀྱིས་ཕོངས་པའི་ཁེར་རྐྱང་གི་མི་ཚེ་ཞིག་ཏུ་འགྱུར་བར་ངེས། ཞེས་གསུངས།
༧༽ བཟང་སྤྱོད་ནི་ཆོས་ལུགས་ལ་མ་བརྟེན་པར་སྤེལ་ཐུབ།
<<ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་>>ལས། འཇིག་རྟེན་ཡོངས་ཁྱབ་ཀྱི་བཟང་སྤྱོད་ལ་འཇུག་པར་ཆོས་དང་མ་འབྲེལ་བའི་ཐབས་ལམ་གསར་པ་ཞིག་འབད་བརྩོན་བྱེད་པ་དེ་ནི་འགྲུབ་སྲིད་པ་ཞིག་དང་དགེ་མཚན་ལྡན་པ་ཞིག་ཏུ་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། ངའི་ཡིད་ཆེས་དེ་ནི་ངོ་ཚོ་འགྲོ་བ་མི་ཚང་མ་གཞི་རྩའི་ཆ་ནས་ཡག་པོ་བྱུང་ན་བསམ་པའི་བློའི་འཁྱེར་སོ་དེར་ངེས་ཤེས་རྙེད་པ་ལས་བྱུང་། ཞེས་དང་། ངེས་པར་དུ་ཆོས་ལུགས་ལ་ལྟོས་མི་དགོས་པར་ནང་སེམས་ཀྱི་རིན་ཐང་གི་གཞི་རྩ་བརྟན་པོ་བཟོ་བའི་ལམ་ཞིག་དང་ཐབས་ལམ་ཞིག་ང་ཚོའི་གོ་རྟོགས་ཀྱི་ཁྲོད་དུ་ཡོད་པར་ངོས་ལ་ཡིད་ཆེས་བརྟན་པོ་ཡོད། ཅེས་དང་། བཟང་སྤྱོད་ནི་ཆོས་ལུགས་ཀྱི་ལྟ་ཚུལ་ལམ་ཡིད་ཆེས་ཐོག་ལ་རྩ་བ་ཚུགས་དགོས་སྐོར་དེར་ངོས་ནས་མོས་མཐུན་བྱེད་ཀྱི་མེད། དེ་ལས་གཞན་དུ། བཟང་སྤྱོད་ནི་འགྲོ་བ་མིའི་རིགས་དང་འགྲོ་བ་མིའི་ཐུན་མོང་གི་གནས་བབས་ལ་རང་བཞིན་དང་རྒྱུ་མཚན་ལྡན་པའི་རྣམ་འགྱུར་ཞིག་གི་ངོ་བོར་ཐོན་གྱི་ཡོད་པར་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཅེས་དང་། མི་རྣམས་ཀྱི་དབར་མཛའ་མཐུན་སྐྲུན་པ་དང་། ལམ་སྟོན་དང་སེམས་གསོ་བྱེད་པ། མི་རྣམས་ཀྱིས་མིག་དཔེར་བཟུང་ནས་འབད་པར་འོས་པའི་མི་ཚེ་བཟང་པོ་ཞིག་གི་འཆར་སྣང་སྐྲུན་པ་བཅས་ཀྱི་དེའི་ཕན་ཡོན་ཆ་ཚང་ལ་བསམ་བློ་བཏང་ན། ངའི་བསམ་པར་ཆོས་ལུགས་ནི་སེམས་དོན་རིག་པའི་མི་ཚེར་མེད་དུ་མི་རུང་བ་ཞིག་རེད་བསམ་གྱི་མི་འདུག ཅེས་དང་།
ངོས་ནས་བཟང་སྤྱོད་དེ་ཆོས་ལུགས་ལ་རག་ལས་མེད་ཚུལ་སྒྲུབ་པ་དེ་ཅུང་སྟབས་བདེ་པོ་ཞིག་ཡིན། སེམས་དོན་རིག་པའི་ཐོག་ནས་དེ་ལ་ཕྱོགས་གཉིས་ཡོད་པ་ངས་མཐོང་གི་འདུག ཕྱོགས་དང་པོ་ནི། ནང་བསམ་བློ་དང་། མྱོང་ཚོར་གྱི་སྟོབས་ཤུགས། ཆ་མཉམ་བཅས་ཡོད་པའི་རྩ་བའི་སེམས་ཀྱི་བདེ་ཐབས་དེ་ཡིན། དེ་ནི་ཆོས་ལུགས་ལ་མ་བརྟེན་པར། སྙིང་རྗེ་དང་། སེམས་པ་བཟང་པོ། གཞན་ལ་གཅེས་སྐྱོང་བྱ་རྒྱུར་རང་བཞིན་གྱིས་བློ་ཁ་ཕྱོགས་པའིི་གང་ཟག་ཅིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཐོག་ནས་ཡོང་གི་ཡོད། ཕྱོགས་གཉིས་པ་ནི། ཕལ་ཆེར་ཆོས་ལུགས་ལ་གཞི་བཞག་པའི་སེམས་དོན་རིག་པ་དེ་ཡིན། དེ་ནི་ང་ཚོའི་འཚར་ལོངས་དང་རིག་གཞུང་གི་ཁྲོད་ནས་ཡོང་ཞིང་། ཡིད་ཆེས་དང་ཉམས་ལེན་བྱེ་བྲག་པ་ཞིག་ལ་སྦྲེལ་ནས་ཡོད། དེ་གཉིས་ཀྱི་ཁྱད་པར་ནི་ཆུ་དང་ཇའི་ཁྱད་པར་དང་འདྲ་པོ་ཡོད། ཆོས་ལུགས་ཀྱི་བསམ་ཚུལ་མེད་པའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཆུ་དང་འདྲ་ཞིང་། འཕྲོད་བསྟེན་དང་འཚོ་གནས་ཆེད་ང་ཚོར་ཉིན་ལྟར་དགོས་པ་ཞིག་ཡིན། ཆོས་ལུགས་ཤིག་གི་སྐབས་དོན་ཐོག་གཞི་བཅོལ་བའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཇ་དང་འདྲ། ཞེས་དང་། ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་ག་ནང་བཞིན་ང་ཚོ་ཐོག་མར་སྐྱེ་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་། སྙིང་རྗེ་མི་དགོས་པའི་ཐོག་ནས་སྐྱེས་བསྡད་པ་ཞིག་མིན། དེའི་ཕྱིར་ཆོས་ལུགས་ལས་དགོས་གལ་ཆེ་བ་ནི་ང་ཚོའི་གཞི་རྩའི་འགྲོ་བ་མིའི་སེམས་དོན་རིག་པ་དེ་ཡིན། ཞེས་དང་།
<<ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་>>ཀྱི་སྔོན་གླེང་དུ། བྱམས་བརྩེའི་རིན་ཐང་ང་ཚོའི་མི་ཚེའི་ནང་ཅི་ཙམ་མཁོ་གལ་ཆེ་མིན་ཉིན་རེའི་འཚོ་བའི་ནང་ཤེས་རྟོགས་ཐུབ་པ་དང་། ཐ་ན་དུད་འགྲོ་དག་ཀྱང་བརྩེ་སེམས་ཀྱི་ཚོར་བས་འཚོ་བཞིན་ཡོད་སྟབས། བྱམས་བརྩེའི་བསམ་བློ་ནི་ངེས་པར་ཆོས་ལུགས་ལ་བརྟེན་མི་དགོས་པར་གསལ། ཞེས་གསུངས།
གཞན་ཡང་། སྙིང་རྗེ་རྩ་བར་བྱས་ནས་བྱམས་པ་དང་། བཟོད་སེམས། ཆོག་ཤེས། དྲང་བདེན་སོགས་ཀྱི་སྒོ་ནས་བཟང་སྤྱོད་ལ་ཇི་ལྟར་འཇུག་པའི་ཚུལ་ནི་རང་རེ་ལ་གོ་ཐོས་མ་མང་ནའང་མི་ཉུང་བས་འདིར་མ་དྲངས་སོ།།
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༤ ལ།
བཀའ་དྲིན་ཆེ། ཞིབ་ཀློག་ཅིག་བྱས་ཡོད།
དེང་སང༧་རྒྱལ་རིན་པོ་ཆེ་མཆོག་གི་secular ethics དང་beyond religion ཟེར་བ་བསྒྱུར་མཁན་ཚོས་གཡས་འཐེན་གཡོན་འཐེན་བྱས་གང་ཡོང་། དེ་གཉིས་ཀྱི་དོན་ལ་བོད་ཡིག་ནང་དུ་རིས་མེད་ཀུན་སྤྱོད་དང་མི་ཆོས་ཀུན་སྤྱོད་གཉིས་ཡིན་དགོས། དེ་ནས་རིས་མེད་ཀུན་སྤྱོད་དང་མི་ཆོས་ཀུན་སྤྱོད་ཟེར་གཉིས་ལ་འགྲེལ་བཤད་རྒྱག་སྐབས་ཆོས་ལུགས་སོགས་ཀྱི་སྐོར་ནས་གླེང་དགོས་ཀྱི་ཡོད།
སྔོན་མ་ལོན་ཏོན་གྱི་དཔར་སྐྲུན་ཁང་ཞིག་གིས་༼Critique of pure reason ༽འཇར་མན་སྐད་ཡིག་བྲིས་པ་དེ་དབྱིན་བསྒྱུར་དཔར་བསྐྲུན་བྱེད་པའི་ཆོག་མཆན་ཞུས་པར། ཐོག་མར་འཇར་མན་གྱི་མཚན་ཉིད་རིག་པ་ཨའེ་མོལ་ནོལ་ཁམས་ལགས་ཀྱིས་དཔེར་བསྐྲུན་ཁང་དེ་ལ། བསྒྱུར་མཁན་སུ་རེད། བསྒྱུར་མཁན་དེ་འཇར་མན་གྱི་རིག་གཞུང་ལ་སྦྱངས་ཆ་ཡོད་མེད་དྲིས་པ་རེད།
ང་ཚོའི་སྤྱི་ཚོགས་ནང་ལྟོས་དང་ཇི་ལྟར་བསྒྱུར་གནང་གི་ཡོད་མེད་ཤེས་ཐུབ།