རྡོ་རྗེ་རིན་ཆེན།
༡
ཁོང་དང་ཁོང་གི་བུ་རབས་ཚ་རྒྱུད་རྣམས་ཀྱིས། ཡ་གླིང་གི་གནམ་ས་དབང་དུ་བསྡུས་ཤིང། རྟུལ་ཕོད་ཀྱི་མདུང་མོ་ཡོ་རོལ་གླིང་དུ་གཏད་མྱོང་བ། ཁྱོད་ཀྱིས་གོ་འེ་མྱོང་།
༢
ཁོང་ནི་བཙན་པོ་གཉའ་ནས་གནོན་མཁན་གྱི་བཙན་འཛུལ་བ་ཡ་མེད་ཅིག་དང་། གནའ་བོའི་ཁན་ཐེ་(Khentii mountain)རི་བོའི་ཉེ་ཞབས་ན་འཚོ་བའི་དམུ་རྒོད་ཀྱི་སོག་པོ་མི་རིགས་ལ། བླ་ན་མེད་པའི་རྒྱལ་ཁམས་དང་། ཁྲིམས་ཀྱི་ལྕགས་རི་བསྐོར་མཁན་དེ་ལགས།
༣
མ་ཟད། དར་ལམ(Silk road)རིང་མོ་བདག་དུ་བཟུང་ནས། ཡ་གླིང་དང་ཡོ་རོལ་གླིང་གི་རིག་གནས་དང་ཚོང་ལས་སོགས་ཀྱི་ཆུ་བོ་གཅིག་ཏུ་འདུས་སུ་བཅུགས། (He also conquered the central part of Asia and took control of trade routes from China to Europe.)
༤
འདོར་ན། ཁོང་ནི་དགུན་གྱི་འཁྱག་རླུང་དང་དབྱར་གྱི་ཚ་བས་མནར་བའི་ཁན་ཐེ་རི་བོས་བརྡུངས་བའི་ཡ་གླིང་གི་ལྕགས་ ནག་གི་མདུང་མོ་ཞིག་གོ། (Mongolian Khentii Mountains, winters were very long and cold, and summers were very hot and dry. Both his parents and the mountains helped him to grow into a strong man.)
༥
ང་ཇིག་གར་རྒྱལ་བོར་དགའ་བ་ནི། ཁོ་དུས་རབས་གཅིག་གི་དཔའ་པོ་ཡིན་པ་ཙམ་གྱི་ག་ལ་ཡིན་ཏེ། ཁོའི་དམག་འཁྲུག་གིས་ཡེ་ཤ་ཡ་དང་ཡོ་རོལ་གླིང་གི་རིག་གནས་དང་དཔལ་ཡོན་གྱི་སྒོ་མོ་ཆེ་ཆེར་ཕྱེས་པས་སོ།།
༦
ཁྱོད་ཀྱིས་ཁོ་ནི་མི་གསོད་ལག་དམར་གྱི་སྡིག་ཅན་མི་སྲིད་པ་ཞིག་དང་། ཡེ་ཤ་ཡ་གླིང་གི་གཙང་བོ་དང་རྩྭ་ཐང་མ་ལུས་ཁྲག་གིས་སྦག་མཁན་དེ་རེད་བརྗོད་ན་ནི།
༧
བདག་གིས་ལོ་རྒྱུས་ཀྱི་ངོས་ནས་རང་ཅག་གི་ཆོས་རྒྱལ་དུ་འབོད་པ་དང་། གཞན་པའི་སྡིག་ཅན་དུ་འབོད་པའི་བཙན་འཛུལ་བ་ཡོད་དོ་ཅོག གཞན་སྡེ་དགྲ་བོ་བཅོམ་པ་ལ་སྙིང་རྗེ་མི་མངའ་བ་ནི་གཅིག་མཚུངས་རེད་ཅེས་བརྗོད་དོ།།
༢༠༡༥།༡།༧།ཉིན། ཇིང་གར་རྒྱལ་བོའི་མི་ཚེ་ལོ་རྒྱུས་བཀླགས་རྗེས།
ཇིང་གིར་རྒྱལ་པོ། རླབས་ཆེན་གྱི་མི་སྣ་ཞིག་རེད། ༡༽ཆོས་རྒྱལ་དང་བདུད་རྒྱལ་གཉིས་ཀྱི་ཁྱད་པར་ནི། ཆོས་རྒྱལ་སྤྱི་དོན་དང་གཞན་པན་གཙོ་བོར་བྱས་ཏེ་རང་དོན་ཞོར་ལ་འགྲུབ་པ་ཞིག་རེད། དམག་འཁྲུགས་གཙོ་བོ་ཉམས་ཆུང་ལ་སྲུང་སྐྱོབས། ཡུལ་རིས་བདེ་ཐབས། ཆོས་ལུགས་དང་མི་རིགས་ཀུན་ལ་དྲང་བདེན་དང་མཐུན་སྒྲིལ་ནུས་པ་ཞིག་དགོས། བདུད་རྒྱལ་རང་རྒྱལ་འདོད་ཀྱི་ཁེ་བཟང་ཁོ་ན་གཙོ་བོར་གཉེར་ཏེ་གཞན་དོན་ཁ་ལ་ཁྱེར་བ་ཞིག་རེད། དམག་འཁྲུགས་རྒྱག་དོན་ཕལ་ཆེར་ཆོས་ལུགས་དང་མི་རིགས་རེ་གཉིས་ཀྱི་ཁེ་ཕན་དོན་གཉེར་གྱིས་ཐུབ་ཚོད་དང་བརྙས་བཅོས། སྒེར་གཅོད་གཙོ་བོར་གཉེར་བས་དྲང་བདེན་ལས་ལྡོག་པ་ཞིག་རེད། ༢༽ཇིང་གིར་རྒྱལ་པོ་ནི་ཆོས་ལུགས་རིས་མེད་དང་། མགོ་སྒུར་མཁན་ལ་གོ་གནས་སྟེར་བ། བཙན་རྒོལ་མཁན་ལ་ཆད་པ་གཅོད་མཁན་ཞིག་རེད། མ་ཟད་ཚུར་ལ་མ་བརྙས་པར་ཕར་དམག་གཏན་ནས་འདྲེན། རྒོལ་བ་བྱེད་མཁན་ཞིག་ཡིན་ཚེ་མི་རིགས་དང་ཆོས་ལུགས་སུ་ཡིན་ཀྱང་འཛེམ་བག་མེད་པར་རྒོལ་ལན་སྤྲོད་པ་དང་གཞོམ་ནུས་པ་ཞིག་རེད། ༣༽མི་རིགས་ཞིབ་འཇུག་འགའ་ཞིག་གིས་བཤད་པ་ལྟར་ན་ད་ལྟའི་འཛམ་གླིང་གི་ཕོ་རིགས་བཞི་ཆ་ཙམ་ལ་ཇིང་གིཪ་ཧན་གྱི་ཁྲག་རྒྱུན་ཡོད་པར་མ་ཟད། ཕྱི་ལོ་༡༩༥༨་བར་གྱི་མདོ་སྨད་དང་སོག་པོའི་ཕྱོགས་ཀྱི་སྡེ་དཔོན་ཕྱེད་ཙམ་ཁོའི་བུ་རབས་ཚ་རྒྱུད་ཡིན་པའི་ལོ་རྒྱུས་གསལ་བོ་ཡོད་དོ། །༤༽ལྕང་སྐྱ་རོལ་བའི་རྡོ་རྗེས། ཇིང་གིར་ཧན་ཕྱག་ན་རྡོ་རྗེའི་སྤྲུལ་བར་བཤད་ཅིང་། གསོལ་མཆོད་ཀྱི་ཡི་གེའང་བརྩམས་ཡོད་དོ། །
རིན་ཆེན་རྡོ་རྗེ་ལ་གཏམ་དུ་བྱ་བ། ཇིན་གུར་ཧན་གྱིས། མི་ཚེ་གང་བོར་དམག་འཁྲུགས་ཁོ་ནས་ལས་གཉེར་ཏེ་རྒྱལ་ཁབ་དང་རྒྱལ་ཕྲན་མང་བོ་ཆམ་ལ་ཕབ་ཅིང་མངའ་འོག་ཏུ་བཅུག་པ་སུས་ཀྱང་བསྙོན་དུ་མེད་མོད། ཤེས་རིག་གི་སྒོ་མོ་ཆེས་ཆེར་ཕྱེས་ཟེར་ན་མི་བདེན་ནོ།། མངའ་དབང་དང་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་དེ་རིང་བོར་མ་གནས་པར་ཁ་འཐོར་དགུ་འཐོར་དུ་སོང་བ་ནི་ཇིང་གུར་ལ་ཆབ་སྲིད་ཀྱི་དམིགས་རྒྱང་ཐུང་དྲགས་པ་དང་། གཅིག་སྡུད་ཇུས་འགོད་ཀྱི་ཐབས་ལ་མ་མཁས་པས་རེད་ཅེས་ཕྱི་སོག་པ་ཚོས་བཤད་ཀྱིན་ཡོད། ཁོས་དམག་འཁྲུགས་རྒྱག་སྟངས་དེར་ཡང་དམིགས་ཡུལ་ཆེན་པོ་མེད་པར་དྲེད་མོང་གིས་བྱི་བ་གདས་པ་ལྟར་ཡིན་པ་ལོ་རྒྱུས་སུ་གསལ། འོན་ཏེ། བུད་མེད་དང་ཆང་ལ་སྤྱོད་པར་དགའ་དྲགས་པས་མཐའ་མཇུག་གི་མི་ཚེ་དེ་ཡང་འཕྱོན་མ་ཞིག་གིས་བརླགས་ཏེ་ལོ་རྒྱུས་སུ་སྦས་སྐུང་བྱེད་དགོས་པའི་གནས་ཚུལ་ཐབས་སྡུག་ལ་ཡ་ང་བ་ཞིག་བྱུང་།
ཇིང་གར་ལ་དགའ་མཁན་དང་མི་དགའ་མཁན་ཚང་མ་བསུ་བ་བྱེད་དོ།།
ཇིང་གིར་ཧན་གྱི་དམག་འཇུས་ནི་རྒྱ་ནག་སྐད་དུ་༼奇计༽ངོ་མཚར་དམག་འཇུས་ཟེར་བ་དེ་རེད། རང་ཤེས། གཞན་ཤེས། དུས་ཤེས། ཐབས་ཤེས། རྒྱལ་ཤེས་པ་སྟེ་ད་ལྟ་ཚན་རིག་ལག་རྩལ་འདི་བཞིན་དར་བའི་དུས་སྐབས་ཡང་ཁོའི་ལམ་ལུགས་ལས་མ་འདས་ཤིང་། ཁོའི་ལམ་ལུགས་ཅི་བཞིན་པར་ཤེས་དཀའ་བས་དམག་འཇུས་སྨྲ་བ་པོ་ཀུན་ཀྱིས་བསྟོད་བསྔགས་བྱེད། དེ་ནང་བཞིན་ཁོ་ནི་ལ་རྒྱ་ཅན་དང་། སྐྱིད་སྡུག་མཉམ་མྱོང་ལ་དགྱེས་པ་ཞིག་རེད།
ཧོར་ཇིང་གིར་་དཔོན་གྱི་ལོ་རྒྱུས་ཤེས་འདོད་ན་སྦེང་ལོར་ནི་ལ་མངྒ་ལའི་འགོ་
འཛིན་ཇིང་གིར་དཔོན་གྱི་མི་རྒྱུད་གཞུང་ཞབས་སྙིང་པ་དཔོན་དགྲ་འདུལ་ལ་
བཀའ་འདྲི་ཞུས་ན་མཁྱེན་ཐུབ་།
ཇུས་གཏོགས་ལེགས། དཔོན་དགྲ་འདུལ་ཟེར་བ་དེ་ས་གནས་དཔོན་པོ་སུའི་བརྒྱུད་པ་རེད།
དཔལ་པོ་དེ་གང་འདྲ་བྱེད་ནས་ཤི་ཡོད་མེད་གསལ་མཁྱེན་མཁན་ཡོད་ན་གསུང་རོགས་ཞུ་
དྲི་མེད་ལགས་་་སྐྱེས་མཆོག་ཇར་གེ་རྒྱལ་པོ་ལ་ཁྱོད་དགའ་ཞེན་ཡོད་པ་འདི་ཡག་པོ་རེད། རིགས་ཞེན་ལ་རྒྱ་མ་ཉམས་པའི་མི་ཞིག་ཡིན་པའི་རྟགས་རེད། བོད་ཀྱི་མི་ངན་དག་ལ་མཚོན་ན་བོད་ཀྱི་རྒྱལ་པོའི་མགོ་ལ་གླང་རྭ་སྐྱེས་ཡོད་བདུད་རེད་ཟེར་གྱི་རེད། རྒྱ་ནག་གོང་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་རེད་ཟེར་གྱི་རེད། རིགས་ཞེན་ལ་རྒྱ་མེད་པའི་མྱི་ངན་གླུད་རྫས་འདྲ་བའི་བོད་མི་མང་སོང་བས་རྒྱུ་མཚན་གྱིས་རང་ཡུལ་དགྲ་ལག་ཏུ་ཤོར་ཐལ།
་་་་་་་་་་་་་ འོན་ཏེ། བུད་མེད་དང་ཆང་ལ་སྤྱོད་པར་དགའ་དྲགས་པས་མཐའ་མཇུག་གི་མི་ཚེ་དེ་ཡང་འཕྱོན་མ་ཞིག་གིས་བརླགས་ཏེ་ལོ་རྒྱུས་སུ་སྦས་སྐུང་བྱེད་དགོས་པའི་གནས་ཚུལ་ཐབས་སྡུག་ལ་ཡ་ང་བ་ཞིག་བྱུང་། ་་་་་་་་་་་་་་
སོག་པོའི་རྒྱལ་པོ་ཇིང་གེས་ཁཱན་གྱིས། དགེ་བ་ལས། སྡིག་པ་མང་བ་བསགའས་ཡོད་པ་ནི་ཐག་ཆོད་གཞན་ཁོའི་སྐོར་ལ་དིང་སང་གིས། བོད་པས་ཤེས་ན་ཕན་ཐོགས་ཅི་ཡོད།
དུས་རབས་གསར་པའི་ནང་ལ་ནུབ་ཕྱོགས་སུ་མི་གདུག་རྩུབ་ཆེ་ཤོས་དེ། ཧིཊ་ལར་དང་། ཤར་ཕྱོགས་པ་མའོ་ཙེ་ཏུང་ལས། གདུག་རྩུབ་ཆེ་བ་བྱུང་མེད་ཚོད་འདུག
ཇིང་གིར་རྒྱལ་པོ་ནི་ཨེ་ཤ་ཡར་དྲང་བདེན་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་ལས་བྱུང་མེད་ན་གཅིག་ཁོང་ཉིད་རེད་པར་འགྱུར་རོ། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་ངེས། ང་ཆེས་དགའ་སའི་དཔའ་རྒོད་ཡིན། ཁོང་གི་མི་རྒྱུད་རྣམས་ཀྱང་དྲང་བདེན་ལ་དགའ་ཞིང་བློ་རྩ་བརྟན་པའི་རིགས་ཡིན་ཡིན། འོན་ཀྱང་ཕོ་རིགས་བཞི་ཆ་ཁོང་གི་མི་རྒྱུད་གཏོགས་པར་བཤད་པ་བསེ་དྲི་དྲོ་བའི་རིགས་དང་ནོར་བ་རང་རེད།
དེ་ཞིབ་འཇུག་པའི་སྐད་ཆ་མ་རེད།
ཁོང་ནི་རིག་གནས་དང་བདེན་པར་དགའ་བས་ཨ་ཤོ་ཀ་ལས་དམན་པ་མེད།
རིག་གནས་ལྡན་པའི་རྒྱ་གར་དུ་སྐུ་འཁྲུངས་ཡོད་ན་ཆོས་རྒྱལ་འགྲན་ཟླ་མེད་པ་དེ་ཡིན་ངེས།
དིང་སང་གི་གཞིས་བྱེས་གཉིས་ཀྱི་བོད་རིགས་ཚོས། ང་རང་ཚོའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྟ་དམག་ལ་དྭང་དད་སྐྱེས་མ་ཐུབ་པའི་དུས་འདིར། དེང་གི་མའོ་དང་། སྔར་གྱི་ཇིང་རྒྱལ་ལ་མིག་དཔེ་མ་ལྟ་བར། དིང་གི་འཚེ་་མེད་ཞི་བའི་ལམ་སྟོན་པ་གནྡྷི་མཆོག་དང་། ཨ་རི་ནག་རིལ་ལོ་ཐར་ཀིང་མཆོག་དང་། ལྷོ་ཨཕ་རི་ཀའི་ནེལ་སན་མན་ཌ་ལ་མཆོག་སོགས་དང་། རང་གི་རིགས་དང་། རང་གི་༸མགོན་༸སྐྱབ་ས༸གོང་ས་།༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པའི་རྗེས་སུ་ཐད་ཀར་འབྲངས་ཐུབ་པ་ན། རང་གི་མི་ཚེ་འདི་ཡང་། བློ་བདེ་བ། བག་ཕེབསཔ། རང་གཞན་གཉིས་སྨན། མི་ཚེ་དོན་ལྡན་ཅིག་ཏུ་འགྱུར་ཐུབ་པའི་གོ་སྐབས་ཅིགའདུག་སྙམ་མཁན་ཅིག་ཡིན་ནོ།།
ཇིང་གིར་རྒྱལ་པོའི་ལོ་རྒྱུས་ཅུང་ཟད་བཤད་ན། ཁོའི་བཏགས་མིང་ལ། བྱེ་ཐང་གི་གླག་རྒོད། རྩྭ་ཐང་གི་ཁྱི་སྤྱང་། རྟ་སྟེང་གི་རྒྱལ་པོ། གུར་ནང་གི་རྒྱལ་པོ། ཡུལ་སྐོར་བའི་རྒྱལ་པོ། དམག་གི་རྒྱལ་པོ་སོགས་ཆེ་བསྟོད་ཀྱི་མིང་ཤིན་ཏུ་མང་ངོ་། དངོས་མིང་ནི་ཐེ་མུ་ཅེན་ཟེར། རྒྱལ་པོར་གྱུར་པའི་མིང་ལ་ཆིང་གི་སྲའམ་བོད་ཡིག་ཏུ་ཇིང་གིར་རྒྱལ་པོའོ། །༡༽མི་རྒྱུད་ནི་བོད་ཀྱི་རྒྱལ་སྲས་ཉ་ཁྲིའི་བརྒྱུད་དུ་གྲགས། ཇིང་གིར་སྐབས་ཀྱི་རྒྱ་ནག་ཏྭ་ཅོ་ཆོས་ལུགས་ཀྱི་བླ་མ་ཞིག་གིས་བྲིས་པར་ཁོའི་མི་བརྒྱུད་བྱང་ཕྱོགས་ནས་བྱུང་བའི་དཔོན་བརྒྱུད་ཅིག་སོག་པོའི་དམག་པར་གྱུར་ཏེ་དཔོན་པོར་གྱུར་ཅེས་བཤད། བུ་སྐབས་ཉི་ཧོང་དངཕྱི་རྒྱལ་ཚོང་ཟིན་དུ་སོག་པོའི་རིགས་དང་གཞན་རིགས་འདྲེས་པ་ཞིག་གིས་རྒྱལ་པོ་བྱས་ཞེས་བྲིས། ཇིང་གིར་ཚ་བོ་ཧུ་པེ་ལེ་སེ་ཆེན་སྐབས་འགྲོ་མགོན་འཕགས་པའི་དམངས་བཀུར་རིགས་སུ་བཞེད། ཡོན་རྒྱལ་རབས་བཀའ་རྒྱ་མ་ཞེས་པའི་ནང་དུ་སོག་པོའི་ནང་ཁུལ་རིགས་བྱེ་ཕྲག་པ་ཞིག་ཏུ་བཤད། རྒྱལ་དབང་བསོད་ནམས་རྒྱ་མཚོའི་སྐབས་བསྒྲིགས་པའི་སོག་པོའི་ལོ་རྒྱུས་གསེར་ཕྲེང་དུ་བོད་རྗེ་ཉ་ཁྲིའི་བརྒྱུད་པར་བཤད། ཕྱིས་འབྱུང་སོག་པོའི་ལོ་རྒྱས་སྨྲ་བ་ཀུན་ཁ་གཅིག་གྲགས་སུ་དེ་ལྟར་བཤད་དོ། །༢༽མི་ཚེའི་ལོ་རྒྱུས། ཆུང་ངུའི་སྐབས་ཕ་དུག་གིས་བཀྲོང་ དྭ་ཕྲུག་ལ་ཁྱིམས་ཚེས་སོགས་ཀྱི་བརྙས་བཅོས་བྱས། སྡེ་བ་འཐོར། ཕ་ཁྱིམ་མི་ཚང་བཞི་ཙམ་ལས་ཁྱིམ་མཚེས་གྲོགས་བྱེད་གཅིག་ཀྱང་མེད་པར་གྱུར། རྟ་ནོར་ཀྱང་དགྲས་འཕྲོག ཉ་དང་རི་དྭགས། རི་བོང་བསད་དེ་འཚོ་བ་བསྐྱལ། ཕ་གཅིག་པའི་སྤུན་གྱིས་ཀྱང་བརྙས་པས་དཔའ་སུ་ལ་ཡོད་གདོང་བཙུག་ཏེ་མདའ་འཕེན་རེས་བྱས་ནས་བསད། ལོ་བཅུ་་གྲངས་ལ་་ཁྱིམ་ཀྱི་འཚོ་རྟེན་ཐམས་ཅད་གཞན་གྱིས་ཁྱེར། སོག་པོའི་ལྷ་མདུང་རྔ་དར་དམར་པོ་ཅན་གཅིག་ལས་ཅ་ལག་བཟང་པོ་གཅིག་ཀྱང་ལྷག་མེད་པས། ཇིང་གིར་དགྲ་ཤ་རྩོད་སར་སོང་བས་བཙོན་ཏུ་བཟུང་། དེ་ནས་བྲོས། ཤོར་ཏུ་རྟ་ཁ་ཤས་བརྐུས་ཏེ་ཡོང་། དེའི་ར་མདར་དམག་མང་པོ་ཡོང་བར་མནའ་ཤག་དང་དཔུང་སྡུང་གིས་་མི་དྲུག་གིས་མི་བརྒྱ་སྐོར་ཕམ་པར་བྱས། དཔའ་བོ་གསུམ་བསད། ཇིང་གིར་ལ་དཔའ་བོའི་གྲགས་པ་རྒྱས། དེ་ནས་སྔོན་གྱི་སྡེ་འཐོར་རྣམས་བསྡུས། ཕ་གསོད་ལ་རྒོལ་ལན་སྤྲད། དེ་དག་དབང་ཏུ་སྡུས། ལོ་༢༨་སྟེང་སོག་པོ་པལ་ཆེར་དབང་འོག་ཏུ་བཅུག་སྟེ་རྩྭ་ཐང་གི་རྒྱལ་པོར་གྱུར། རིམ་པར་སོག་པོ་སྤྱི། འཁོར་ཡུག་གི་རྒྱལ་ཁབ་ཁག་རིམ་པར་དབང་དུ་བསྡུས། གང་དུ་དགྲ་བྱས་ཀྱང་མགོ་འདོགས་མཁན་དང་། ལག་རྩལ་པ། ཡོན་ཏན་ཅན་རྣམས་སྲུང་སྐྱོབས་བྱེད། མཐར་རི་དྭགས་བཤོལ་བའམ་རྟ་རྒྱུགས་སྐབས་བརྡབ་སྐྱོན་ལ་རྐྱེན་བྱས་ནས་གཤེགས་པར་བཤད། ༣༽རང་བཞིན། རྒྱལ་པོ་ཁོའི་རང་བཞིན་ནི། རྒྱུན་ཏུ་ཁ་མི་གྲགས་པའི་ངོ་ནག གཞན་ཀྱིས་དཔྱོད་པར་དཀའ་བའི་སྒམ་པོ། དཀའ་སྡུག་རྐྱེན་ངན་ཐེག་པའི་སྲན་ཐུབ། བཀའ་ལུང་ལྡོག་ཏུ་མེད་པའི་བཙན་པོ། མཐུན་ཕྱོགས་བུ་བཞིན་སྐྱོང་པའི་བྱམས་མགོན། དགྲ་ཕྱོགས་གཞོམ་ལ་མཁས་པའི་དཔའ་བོ། ཁེ་ཕན་སྙོམ་པོར་སྤྱོད་པའི་དྲང་པོ། ཁ་གཏམ་དོན་ཏུ་ཁེལ་བའི་བདེན་པ། སྐྱིད་སྡུག་མཉམ་མྱོང་ཐུབ་པའི་བློས་ཐུབ། ཉམ་ཆུང་མགོ་ནས་འདྲེན་པའི་རྒྱབ་རྟེན། ཅེས་ལོ་རྒྱུས་སྨྲ་བ་རྣམས་མགྲིན་གཅིག་ཏུ་སྒྲོགས་སོ། ། ༤༽ཁོའི་སྐྱོན་ནི། ཡི་གེ་མི་ཤེས། སློབ་སྦྱོང་མེད། སོག་རིགས་སྤྱི་ལྟར་ཆང་འཐུང་བར་མཉེས། སྐྱེས་མ་གསུམ་ལས་མེད། དེའང་ཁོའི་སྐྱེས་མ་དང་པོ་ལ་བརྩེ་དུང་ཆེ་བས་བློན་པོ་རྣམས་ཀྱིས་ལན་མང་དུ་བསྐུལ་ཡང་སྐྱེས་མ་དང་པོ་ལ་མོས་མཐུན་མ་བྱུང་བག་མར་བསུས་མེད། བུད་མེད་མང་པོ་ལ་དགའ་བ་རྫུན་མ་རེད། དེ་བཞིན་དགྲ་ལ་རྒོལ་དུས་སྙིང་རྗེ་མེད་པས་ཀུན་ཀྱིས་གཏུམ་པོར་སྨྲ། དཔེརན་ཚ་བུའི་དགྲ་ཤ་ལེན་དུས༼དགྲ་བོ་ངུ་བའི་སྐད་ནི་ངའི་རྣ་བར་སྙན་པའི་གཏམ་ཡིན། དགྲ་བོའི་མགོ་སྐེ་གཅོད་པ་ནི་མིག་ཏུ་མཛའ་བའི་ལྟད་མོ་ཡིན། མི་ཐམས་ཅད་རོ་རུ་གྱུར། ཆུ་ཐམས་ཅད་ཁྲག་ཏུ་བསྒྱུར། མཁར་ཐམས་ཅད་གྱང་རུལ་ཏུ་གྱུར་དུས་ངའི་བསམ་པ་འགྲུབ་པ་ཡིན།༽ཞེས་བཤད་པའི་གཏམ་འདི་ལ་ཀུན་ཀྱིས་སྨོད་པ་བྱེད་མོད། ནམ་རྒྱུན་ཁོའི་བསམ་བློ་དང་བཤད་པ་ཐམས་ཅད་དེ་ལྟར་མ་ཡིན་པ་མཛད་རྗེས་ཀྱིས་རྟོགས་ཐུབ། ཁོའི་ལྟ་བ་ནི། ཚུར་ལ་བློ་གཏད་ན་དགྲ་ཡིན་ཡང་བློ་གཏོད་དགོས། ཚུར་ལ་བྱམས་ན་དགྲའ་ཡིན་ཡང་བྱམས་དགོས། དམག་་ལས་རྒྱལ་བ་ལས་མགོ་འདོགས་མཁན་བྱུང་ན་རྒྱལ་བ་དངོས་ཡིན། དཔའ་བོ་དང་ཡོན་ཏན་ཅན་འགོ་འདོགས་མཁན་བྱུང་ན་དེ་ལ་བརྩི་བཀུར་སྔར་ལས་ལྷག་པ་ཡོང་ཐབས་བྱེད་དགོས། ཁྲེལ་མེད་བླ་བཙོང་མཁན་གཉེན་ཉེ་བ་ཡིན་ཡང་མེད་པ་བྱེད་དགོས། ལ་རྒྱ་དང་མི་རིགས་བཙོང་ན་ནང་མི་ཡིན་ཡང་ཆད་པ་གཅོད་དགོས་ཞེས་འདོད་མཁན་ཞིག་གོ། །
་་་་་་་་་་་་་་་་ ཁྲེལ་མེད་བླ་བཙོང་མཁན་གཉེན་ཉེ་བ་ཡིན་ཡང་མེད་པ་བྱེད་དགོས། ལ་རྒྱ་དང་མི་རིགས་བཙོང་ན་ནང་མི་ཡིན་ཡང་ཆད་པ་གཅོད་དགོས་ཞེས་འདོད་མཁན་ཞིག་གོ། ། ་་་་་་་་་་་་་་་་་་་་
སོག་པོ་ཇིང་གིར་རྒྱལ་པོའི་ལོ་རྒྱུས་སྙན་པོ་འདུག བོད་ཀྱི་ལོ་རྒྱུས་ནང་དུ་དམག་དང་དཔའ་བློ་ཁོག་བཤད་ཡོང་དུས། ་སོག་པོ་ཡང་ཡང་འཐོན་གྱི་འདུག བཙན་པོའི་རྗེས་སུ་བོད་ལ་དཔའ་ཡོད་པའི་ལོ་རྒྱུས་མི་འདུག མདོ་སྟོད་སྨད་ཕྱོགས་ལ་དཔའ་ཡོད་ལོ་རྒྱུས་ཆེ་ཁག་གོ་རྒྱུ་མི་འདུག
ཇིང་གིར་རྒྱལ་པོ་ཡང་བོད་ཀྱི་བཙན་པོའི་གདུང་རྒྱུད་ལས་བྱུང་བ་ཞིག་མཁས་དབང་དགེ་ཆོས་ཀྱིས་གསུང་ཡོད་པ་དྲན།
ཇིང་གིར་རྒྱལ་པོ་བོད་ཀྱི་བཙན་པོའི་གདུང་རྒྱུད་ལས་བྱུང་བ་ཞིག་མཁས་དབང་དགེ་ཆོས་ཀྱིས་གསུང་ཡོད་པ་དྲན།
ཇིང་གུར་ཧན། བོད་རྒྱལ་གྲི་གུམ་བཙན་པོའི་རྒྱུད་པ་ཡིན་པར་སོག་པོ་རང་གི་ལོ་རྒྱུས་སྨྲ་བ་ཞིག་གིས་བཤད་ཡོད་པ་རྗེ་དམུ་དགེ་ཚང་གིས་ཀྱང་གསུངས་ཡོད་མོད། དེ་ཡིན་ན་དགའ་དགོས་པ་དང་མིན་ན་སྡུག་དགོས་པ་གང་ཡང་མེད། ཕ་བཟང་མ་བཟང་མཚང་རེད།།རང་བཟང་རུས་པ་གསེར་རེད།། རང་ཅག་ཚོར་སྔོན་བྱོན་གྱི་མེས་པོ་ས་སྟེང་དུ་འགྲན་ཟླ་བྲལ་བ་རེ་བྱུང་ཡོད་ཀྱང་། དེང་གི་དུས་སུ་མ་འཇོན་པ་དང་མ་བྱུང་བ་ནི། ང་རང་ཚོའི་ཐོག་ཏུ་བབས་ཡོད་པ་ལས་གཞན་སུ་ལ་ལེ་གདའ་བྱེད་ས་མེད། མེས་པོ་སྲོང་བཙན་སྒམ་པོའི་སྐབས་སུ་དང་ཐོག་བོད་ལ་དམག་མི་གཅིག་ཁྲི་ལོངས་པ་ཡང་མེད་ཚོད་ཡིན་མོད། ཁོང་གི་དཔའ་རྩལ་དང་ཐབས་ཇུས་ལས་རྒྱལ་ཁབ་ཆེན་པོའི་མངའ་ཐང་བསྐྱེད་ཡོད། ད་སྐབས་མང་བོ་ཞིག རང་ཉིད་མལ་སར་ལྷོད་ཀྱི་ལེར་བཞུགས་ནས། ཅིག་གིས་བྱེད་ཀྱི་མི་འདུག ཉིག་གིས་འཇོན་གྱི་མི་འདུག་ཟེར་བ་ལས། རང་ཉིད་ནས་མགོ་བརྩམས་ཏེ་ལས་གཞི་རྩོམས་དང་། རྒྱལ་ཁ་སུས་བླངས་ཀྱང་འགྲིག་གི་རེད།
་་་་་་་་་་་་་་་ # 19 པདྨ་དཀར་པོ།་ལགས་ཀྱིས་མཆན་བཏབ་པ།:
January 9th, 2015 at 5:32 AM
ཇིང་གུར་ཧན། བོད་རྒྱལ་གྲི་གུམ་བཙན་པོའི་རྒྱུད་པ་ཡིན་པར་སོག་པོ་རང་གི་ལོ་རྒྱུས་སྨྲ་བ་ཞིག་གིས་བཤད་ཡོད་པ་རྗེ་དམུ་དགེ་ཚང་གིས་ཀྱང་གསུངས་ཡོད་མོད། ་་་་་་་་་་་་་་
སོག་རྒྱལ་ཇིན་ཀེས་ཁན་གྱི་རུས་བརྒྱུད་དེ། བོད་རྒྱལ་གྲི་གུམ་བཙན་པོའི་སྲས་རྒྱུད་ཡིན་ཚུལ་དང་གཅིག སོག་པོའི་རྒྱལ་པོ་ཆི་ཇི་མེར་གན་དེ་ནི། སྲིན་པོའི་ཁ་གནོད་མཛད་མཁན་སློབ་དཔོན་པདྨ་འབྱུང་གནས་ཡིན་ཚུལ་ཅིག་ཀྱང་འདུག་པས། དཔྱད་པར་འཚལ།
དྲི་མེད་ལྷག་བསམ་ལགས་ཀྱིས་སོག་པོ་ཇིང་གིར་རྒྱལ་པོའི་མི་ཚེའི་སྐོར་ལ། བསྡུས་དོན་ཧ་ཅང་སྙན་པ་ཞིག་བྲིས་གནང་འདུག་མོད། འོན་ཀྱང་སོག་པོ་ཇིང་གིར་རྒྱལ་པོས་དད་མོས་བྱེད་སའི། སོག་པོ་ཚང་གི་གདོད་མའི་ཆོས་ལུགས། ཏིང་རི་ཞེས་པ་དེའི་སྐོར་ལ་ཚིག་སྣ་གཅིག་ཀྱང་མི་འབྲི་བ་གང་ཡིན་ནམ། ངས་ཇིང་གིར་རྒྱལ་པོའི་སྐོར་གྱི་གློག་བརྙན་ཁ་ཤས་བལྟས་པ་ཡིན། དེ་ཚོའི་ནང་སོག་རྒྱལ་ཇིང་གིར་ཁོང་སོག་པོའི་གདོད་མའི་ཆོས་ལུགས་དེ་ལ་བཅོས་མིན་དད་མོས་གནང་མཁན་ཞིག་ཡིན་པ་སྟོན་གྱི་འདུག དེ་ཚོ་བདེན་པ་ཡིན་ནམ། ཏིང་རི་ཞེས་པ་དེ་ལྷའམ་ལྷ་མོ་གང་ཞིག་ལ་གོ་བ་ཡིན་ནམ། ཡང་ན་ནམ་མཁའ་ལ་གོ་བ་ཡིན། ཏིང་རིའི་ནང་དོན་དང་ཚིག་དོན་གང་ཡིན་ནམ། ཤེས་མཁན་ཡོད་ན་གསུངས་རོགས། བཀའ་དྲིན་ཆེ། །
ཇིང་གིར་ལྟ་བུའི་དཔའ་རྒོད་འཇིག་རྟེན་དུ་འབྱུང་དཀའ། ཨུ་དུམ་ཝ་རིའི་མེ་ཏོག་དང་འདྲ།
དེང་སང་ཅོ་རི་ལྟ་བུའི་སྒོ་ཁྱི་ཡིན་ཡང་རྒྱ་ལ་ལྕེ་ནུར། རྔ་མ་ཕྱིར་གུག མཆེ་བ་ནང་དུ་བསྲང་ལྟོ་ཆས་ཟོས་པ་དང་ཁྱི་སྐད་ཀྱིས་དཔའ་གཏམ་འདྲ་བཤད། ཏང་མིར་བརྫིས་ནས་ཏང་གཏམ་འདྲ་བཤད། རྨོང་དད་ཀྱིས་འདྲེ་ལ་མཆོད་བཀུར་བྱས། དུས་ཚོད་ཡག་པོ་མིན་ཡང་གླང་དར་མ་དྲན་དགོས་པ་ཅང་མིན་འདུག
དོལ་ཚོགས་ལྟ་བུའི་ཁྱི་ཚོགས་མེད་པ་ཡིན་ན་དགེ་ལུགས་པས་ད་ལྟའང་རྙིང་ཆོས་ནང་ཆོས་མ་རེད་བསམ་ནས་བསྡད་ཡོད་པ་རེད། དོལ་ཚོགས་ཀྱིས་དགེ་ལུགས་རིས་མེད་པར་ཕར་རྒོལ་བྱས་པ་ལས་དགེ་ལྡན་པ་གུ་ཡངས་པའི་ཆོས་རྒྱུད་ཡིན་པར་་ཤེས་མཁན་ཇེ་མང་ཇེ་མང་འགྲོ་འི་ཡོད། འདྲེ་ཚོགས་ལ་ཁྱད་ཆོས་མེད་པ་མ་རེད།
༼རྒྱལ་དབང་བསོད་ནམས་རྒྱ་མཚོའི་སྐབས་བསྒྲིགས་པའི་སོག་པོའི་ལོ་རྒྱུས་གསེར་ཕྲེང་དུ་བོད་རྗེ་ཉ་ཁྲིའི་བརྒྱུད་པར་བཤད། ཕྱིས་འབྱུང་སོག་པོའི་ལོ་རྒྱས་སྨྲ་བ་ཀུན་ཁ་གཅིག་གྲགས་སུ་དེ་ལྟར་བཤད་དོ།༽ གསུངས་འདུག་པས་ཁྱེད་ཀྱི་་་ཉ་ཁྲི་་་ཞེས་པ་དེ་ཡོངས་གྲགས་ཀྱི་བོད་རྒྱལ་ཐོག་མ་་་གཉའ་ཁྲི་བཙན་པོ་་་མཆོག་ལ་གོ་བ་ཡིན་ནམ། ཡང་ན་གྲི་གུམ་བཙན་པོའི་སྲས་གཉིས་སམ་གསུམ་གྱི་ནང་ནས་གཅིག་ལ་གོ་བ་ཡིན་གསལ་ཁ་ཡོད་པ་ཞུ། །
ཏིང་རི་ཟེར་ན་མི་ཤེས་ཏེ་ཐིང་ཀིར་ཞེས་པ་སོག་སྐད་དུ་ནམ་མཁའི་དོན་ཡིན་པ་ཡོད། སོག་པའི་གཞས་པ་གྲགས་ཅན་ཐིང་ཀར་ཞེས་པ་བོད་སྐད་དུ་ནམ་མཁའ་ཟེར་བར་བཤད། ཇིན་གར་རྒྱལ་པོའམ་དངོས་མིང་ཐེམ་ཆེན་སྐབས་དེ་ཤེད་དུ་སོག་པོས་གནམ་རྒན་མ་ལ་མཆོད་སྐད།
Bonpoལེགས། ༡༽གྲི་གུམ་བཙན་པོའི་སྲས་ཉ་ཁྲི་ལ་བཞེད་དོ། །ལོ་རྒྱུས་གསེར་ཕྲེང་མཇུག་གི་རྒྱ་ནག སོག་པོ། བོད་པའི་མཁས་པ་ལོ་རྒྱུས་གླེང་མཁན་ཕལ་མོ་ཆེས་དེ་ལྟར་བཞེད།རེ་རེ་བཞིན་བཤད་པའི་དུས་ཚོད་མ་བྱུང། དགེ་ཆོས། དམུ་དགེ། ཤིང་ཟ་སོགས་ཀྱང་དེའི་རྗེས་འབྲངས་སོ། །༢༽སོག་པོའི་གནའ་བོའི་ཆོས་ལུགས་ཤ་མན་ནམ་ཕྲ་མེན་ཡིན་པར་གྲགས། དེ་ལ་ད་ལྟའི་བར་བོད་སྐད་ཅི་བཞིན་བོན་པོར་ཡང་འབོད། ཇིང་གིར་ནི་ཆོས་ལུགས་ཡིན་ཚད་ལ་གུས་པ་བྱེད་མཁན་ཞིག་རེད། ཡོན་ཏན་ཅན་གྱིས་རྒོལ་བ་མ་བྱས་ན་མི་གསོད་པའི་ཁྲིམས་ལུགས་སུ། ཁ་ཆེ། རྒྱ་གར། རྒྱ་ནག་ལུགས་སོགས་ཡོད། ཁོ་ལྷ་འདྲེ་ལ་ཡིད་ཆེས་དཔེ་མེད་ཡོད་ཀྱང་དམག་འཁྲུགས་སྐབས་ལྷ་འདྲེའི་གྲོགས་བྱེད་པ་ལ་ལས་དམག་འཇུས་ལྷ་འདྲེ་ལ་འདྲི་སྲོལ་མི་འདུག །ཁོ་རང་དད་པ་བྱེད་ས་གཙོ་བོ་རང་རེ་ལ་གྲགས་ཆེ་བའི། ཚེ་རིང་གནམ་གྱི་ལྷ་ཞུ་བ་དེ་རེད། དེ་གཟུགས་མེད་ཅིག་ཡིན་པས་སྐུ་འདྲ་བཞེངས་སྲོལ་མེད། ཕལ་ཆེར་སྟོབས་ཤུགས་ཞིག་ལ་ངོས་འཛིན། མདའ་མདུང་རྡོ་གང་རུང་ཞིག་མཆོད་ནས་དེ་ལ་ཞུགས་པར་གསོལ་བ་བཏབ། རྟེན་དེ་གང་ལ་བཀོལ་བ་དེར་ནུས་པ་ཡོད་པར་འདོད། ཇིང་གིར་རྒྱལ་པོར་མངའ་གསོལ་དང་མཚན་གསོལ། ཤེལ་ཐམ་ཆེན་མོ་གཏེར་ནས་ལེན་མཁན་ཚང་མ་ཆོས་ལུགས་དེའི་སློབ་དཔོན་ལྷ་བ་དེ་རེད། ལྷ་བའི་ཕ་ཤི་ནས་བུས་རྒྱུད་འཛིན་སྐབས་ཕྱོགས་ཞེན་དང་དཀྲུགས་ཤིང་གི་ལྷ་ལུང་རྫུན་མ་འགའ་ཞིག་གིས་རྫུན་རྐུབ་རྡོལ་བས། ཇིང་གིར་ཧན་གྱིས་ལྷ་བ་བསད། ཕྱིས་སུ་ལྷ་བ་སུ་ཡིན་གྱི་ཁ་ལ་མི་ཉན་པའི་ཁྲིམས་བཟོས་འདུག འོན་ཀྱང་ལོ་མཆོད་རྒྱས་སྤྲོས་ཆེན་པོ་རྒྱུན་མ་ཆད་པར་གནང་འདུག ༣༽སོག་པོའི་ནབན་དེའིང་ཆོས་ནི་དུས་རབས་བདུན་པའི་སྔོན་ནས་ཡོད་པར་འདོད་པ་སོག་པོའི་མཁས་པ་བློ་བཟང་རྟ་དབྱངས་སོགས་རེད། བྷ་ཏ་ཧོར་གྱི་སྒོམ་གྲྭ་ཞེས་པེ་དཀར་གདན་འདྲེན་པའི་ཡུལ་ལ་བཤད་པ་མི་འདྲ་བ་དུ་མ་ཡོད་མོད། གཅིག་གི་འདོད་པ་ཕྱི་སོག་ཡུལ། གཅིག་གི་འདོད་པ་ད་ལྟའི་ཨབ་གྷ་ནི་སུ་ཋན་གྱི་གྲོང་ཁྱེར་བྷ་ག་ལོར་ཡིན་པར་བཤད། སོག་པོའི་དམ་ཆོས་ཐོག་མ་ནི་གསེར་འོད་ས་བཅུ་པ་དང་། སྐུ་རྟེན་ཐོག་མ་སྟོན་པ་ཤཱཀྱ་ཐུབ་པ་དག་། ཕྱག་ན་རྡོ་རྗེ་ཡིན་པར་འདོད། ཕྱག་རྡོར་ཁྲབ་བྱང་དུ་བཀོད་པ་དང་། གསེར་འོད་ས་བཅུ་དང་པདྨ་བཀའ་ཐང་ལ་མཆོད་པ་བྱེད་པ་ནི་སོག་རིགས་ཕལ་མོ་ཆེར་སྔར་ནས་དར་ཡོད་པར་འཁོད་ཡོད་དོ། །
# 24 BONPO་ལགས།
ཉག་ཁྲིའམ་གཉའ་ཁྲི་བཙན་པོ་བོད་རྒྱལ་ཐོག་མར་གྲགས་པ་དང་། བོན་རྒྱལ་གྲི་གུམ་ལ་སྲས་ཤ་ཁྲི། བྱ་ཁྲི། ཉ་ཁྲི་དང་གསུམ་ཡོད་རེད། ཤ་ཁྲི་ནི། གྲི་གུམ་བཙན་པོའི་བུ་རྒན་པའི་མིང་སྟེ། ཤ་རིགས་འཇོག་སའི་སྟེགས་ཁྲིའི་སྟེང་ན། ས་སྐལ་དུ་ཀོང་པོ་ཐོབ་པ་དེའོ། བྱ་ཁྲི་ནི། གྲི་གུམ་བཙན་པོའི་སྲས་འབྲིང་བའི་མིང་སྟེ། སྤོ་བོའི་ས་ཆ་ཡུལ་སྐལ་ཐོབ་པ་དང། ཉ་ཁྲི་ནི། གྲིགུམ་བཙན་པོའི་བུ་གསུམ་པའི་མིང་ངོ་། དེ་ལ་བོད་ནང་ས་སྐལ་ཐོབ་པ་བཤད་མེད་སྟངས་ལ་བལྟས་ན། ཇིན་ཀེས་་ཁན་གྱི་རིགས་བརྒྱུད་བྱ་ཁྲི་ནས་མཆེད་པ་མིན་ནམ་སྙམ་པ་ཅིག་འདུག་པས་ད་དུང་དཔྱད་པར་བྱའོ།། །།
ཧོར་ཇིང་གེར་རྒྱལ་པོ།
http://en.wikipedia.org/wiki/Mongol_Empire
ཇེན་གེས་ཁན་Genghis Khanགྱི་གློ་བརྙན།
https://www.youtube.com/watch?v=brkDDtDVGOo
ཀ་རྡོ་ལགས་ཀྱིས་གསུངས་པ། རྒྱལ་པོ་ཆི་ཇི་མེར་གན་དེ་ནི། སྲིན་པོའི་ཁ་གནོད་མཛད་མཁན་སློབ་དཔོན་པདྨ་འབྱུང་གནས་ཡིན་ཚུལ་ཅིག་ཀྱང་འདུག ཟེར་བ་དེ་ལྟར་གྲགས་སོ། །ཧཱོར་ཅིར་མེར་གན་ནི་རྒྱལ་སྲས་ཡིན་པ་ལས་རྒྱལ་པོ་བྱས་པ་མ་ཐོས། མི་རབས་ནི། ༡་ཉ་ཁྲི་འམ་པོར་ཏ་ཆི་ནོ་དང་པོར་བརྩི། ༢་དེའི་སྲས་པཱ་ཐཱོ་ས་ཧན་དང་པཱ་ཐོ་ཆཱ་གན་གཉིས། ༣པཱ་ཐྭོ་ཆཱ་གན་གྱི་སྲས་ཐམ་ཆིག ཐམ་ཆིག་ལོ་༢༠༠་ལྷག་བཞུགས་ཀྱང་ཟེར། ༤དེའི་སྲས་སློབ་དཔོན་ཆེན་མོ་ཧཱོར་ཆིར་མེར་གན་ཡིན། ཉ་ཁྲི་ནས་བརྩིས་པའི་རྒྱལ་རབས་བཞིཔའོ། །ཁོང་ཉིད་ཀྱིས་པདྨ་འབྱུང་གནས་ཀྱི་སྤྲུལ་བར་ཞལ་གྱིས་བཞེས། ཆུང་ངའི་དུས་ནས་མངོན་ཤེས་དང་རྫུ་འཕྲུལ་ལ་དབང་ཐོབ། སྨན་རྩིས་དུད་འགྲོའི་སྐད་ཚུན་ཆད་མ་བསླབ་པར་ཤེས། ཁོང་སྐུ་ཆུང་དུས་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ། ནར་སོན་དུས་གྲོང་གསེབ་ཏུ་སྨན་གྱིས་འགྲོ་དོན་སྤེལ། བཙུན་མོ་མང་དུ་ཡོད་པར་གྲགས། རྒྱལ་སར་སྲས་ཆེ་བ་གཏད། ཕྱོགས་མེད་དུ་འགྲོ་དོན་མཛད། ཚེ་ཡི་རིག་འཛིན་བརྙས། རྒྱལ་རབས་དུ་མར་བློ་འདྲི་དགོས་དུས་ཁོང་གི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་ན་ཕེབས་པར་གྲགས། ཕྱིས་སུ་སོག་པོའི་མི་ཚང་ཡོད་དོ་ཅོག་གིས་པདྨ་བཀའ་ཐང་མཆོད་པའི་སྲོལ་རྩ་བ་འདི་ལ་བརྟེན་པ་ཡིན། སློབ་དཔོན་པདྨ་འབྱུང་གནས་ཀླགས་པའི་ཚེ། ལ་ས་པོན། པ་དམ་འབྱོང་ཟེར།
དྲི་མེད་ལྷག་བསམ་ལགས།
ཁྱེད་ཀྱིས་འགྲེལ་བརྗོད་རྒྱས་པར་གནང་བས་གནས་ཚུལ་གསར་པ་མང་པོ་ཤེས་བྱུང་། བཀའ་དྲིན་ཆེ་ཞུ། །
ཡིག་ཆ་རྙིང་པའི་ཁུངས་ལུང་མི་འདྲ་བ་ཁག་དྲངས་ནས། གྲི་གུམ་བཙན་པོ་ལ་སྲས་གཉིས་དང་གསུམ་དུ་འདོད་མཁན་རིགས་གཉིས་ཡོད་པར་གསལ།
སྲས་མཆེད་གཉིས་ནི་ཤ་ཁྱི་དང་ཉ་ཁྱིར་བཏགས་ཏེ། རྐོང་ཡུལ་དུ་སྤྱུགས་ཏེ་བཀྱེའོ། གསུངས་པ་དེ་འདྲ་ཡོད་པར་གོ།
སྐབས་འགར་ཉང་ཀོང་དྭགས་གསུམ་ལ་སྤྱུགས་གསུང་པ་དེ་འདྲ་ཡང་ཡོད་པར་གོ། །
ཏུན་ཧོང་ཡིག་རྙིང་སོགས་ལུང་ཁག་གཅིག་ཏུ། ཤ་ཁྱི་དང་ཉ་ཁྱི་གཉིས་སུ་བཏགས་པའི་སྲས་གཉིས་རང་གསལ་ཡོད་པར་བཤད།
དཔེར་ན། ཏུན་ཧོང་ཡིག་རྙིང་ལས། སྲས་མཆེད་གཉིས་ནི་ཤ་ཁྱི་དང་ཉ་ཁྱིར་བཏགས་ཏེ། རྐོང་ཡུལ་དུ་སྤྱུགས་ཏེ་བཀྱེའོ།
གསལ་བ་ལྟ་བུ་རེད།
དེར་མ་ཟད་གྲི་གུམ་ལ་སྲས་མོ་གཅིག་ཀྱང་ཡོད་པས། དེ་ལོ་ངམ་གྱི་བཙན་གྱིས་བཙུན་མོར་བཞག་པར་གྲགས།
ལོ་ངམ་གྱིས་བཙན་པོ་གྲི་གུམ་བགྲོངས་དུས་གྲི་གུམ་དགུང་ལོ་སུམ་ཅུ་རྩ་དྲུག་ཡིན་པར་བཤད།
ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་དུས་རབས་བཅུ་བཞི་པའི་ནང་བརྩམས་པ། རྒྱལ་རབས་གསལ་བའི་མེ་ལོང་དུ།
ཤ་ཁྲི་དང་། ཉ་ཁྲི་གདན་མ་དྲངས་ཏེ། རྐོང་པོ་དང་ཉང་པོའི་རྗེ་མཛད་ནས་ད་ལྟ་ཡང་གདུང་རྒྱུད་ཡོད་དོ།
སྤོ་བའི་ཡུལ་ནས་སྲས་་བྱ་ཁྲི་གདན་དྲངས་ཏེ་ཡར་ལུང་དུ་བཞུགས། ཅེས་སོགས་གསུངས་པ་ཡང་ཡོད་སྐད། །
ཉ་ཁྲིའི་སྐོར། བྱ་ཁྲི། ཤ་ཁྲི། ཉ་ཁྲི་སྤུན་གསུམ། སྲས་མོ་བཅས་ཡོད་པ་བོད་ཀྱི་ལོ་རྒྱུས། ཉང་ཆོས་འབྱུང་། ལྡེའུ་ཆོས་འབྱུང་། ས་སྐྱའི་ཡིག་རྙིང་། གྲགས་པ་རྒྱལ་མཚན་སོགས་བོད་ཀྱི་ཡི་གེ་རྙིང་པ་སྤྱི་ལ་གྲགས། ཏུན་ཧོང་དུ་མ་འཁོད་ཀྱང་མེད་པར་ཐག་བཅད་མེད། སྤྱིར་ཏུན་ཧོང་ཡིག་རྙིང་ཡིན་པ་རྩོད་མེད་ཡིན་རུང་། ཁུངས་ལྡན་དང་། མཁས་པའི་ཕྱག་དཔེ། གཞུང་ཡིག་ལྟ་བུ་སྤུས་གཙང་མེད་པས་ཆད་ལྷག་ནོར་འཁྲུལ་ཅི་ཡང་འབྱུང་སྲིད་པས་སོ། དཔེར་ན་རྒྱལ་པོ་སྲོང་བཙན་གྱི་བླ་དཔེ། འབུམ་ཤ་སྒྲོམ་མ་སོགས་དཔེ་ཚད་ལྡན་རྣམས་ནི་བཀོད་ལེགས་པ། སྒྲོས་གཙང་པ། སྤུས་ལེགས་པ་འདུག་པས་སོ། །
་་་་་་་་་་་་་་ དཔེར་ན་རྒྱལ་པོ་སྲོང་བཙན་གྱི་བླ་དཔེ། འབུམ་ཤ་སྒྲོམ་མ་སོགས་དཔེ་ཚད་ལྡན་རྣམས་ནི་བཀོད་ལེགས་པ། སྒྲོས་གཙང་པ། སྤུས་ལེགས་པ་འདུག་པས་སོ། ། ་་་་་་་་་་་་་་
རྒྱལ་པོ་སྲོང་བཙན་གྱི་བླ་དཔེ། འབུམ་ཤ་སྒྲོམ་མ་སོགས་ཀྱི་སྐོར་ལ་ཤེས་འདོད་ཡོད་པས་་་་་་་
༄། །སོག་ཡུལ་གྱི་ཕྲ་མེན་བསྣུབས་པ། བོན་ནམ་ཤ་མེན་ནམ་པྲ་མེན་དུ་གྲགས་པ་གཅིག་རེད་ཅེས་ཐག་གཅོད་དཀའ་ཡང་ཕན་ཚུན་འདྲེས་ནས་ཡོད་པ་ཞིག་གོ། ཇིང་གིར་སྐབས་སུ་ལྷ་འབེབས་རྒྱུ་མེད་པ་དང་ཕྲ་མེན་པ་སྲིད་ཀྱི་ལས་ལ་ཞུགས་མི་ཆོག་པ་ལས་ཆོས་ལུགས་ཀྱི་མཛད་སྒོ་རྣམས་སྔར་ལས་རྒྱས་སྤྲོས་ཆེ་བ་མཛད། ཧུ་པེ་ལའི་སྐབས། ཡང་ལྷ་འབེབ་པ་དར་ནས་ཧུ་པེ་ལེ་རྒྱ་ཡུལ་དུ་ལྐོག་ཏུ་སོང་བ་ཤི་སོང་ཞེས་བསྒྲགས། བཙུན་མོ་་དང་བགྲོས་ནས་སྲས་ཆུང་རྒྱལ་སར་བཀོད་པའི་ངན་གཡོ་བྱས་པ་སོགས་ཀྱིས་ཧུ་པེ་ལེ་རྒྱལ་སར་འཁོད་མ་ཐག་ལྷ་བ་རྣམས་བསད། མྱེས་སྐབས་ལྟར་དམ་བསྒྲགས་བྱས། རྒྱལ་ཁབ་ཀྱི་ཆོས་ལུགས་གཙོ་བོ་བན་དེའི་ནང་ཆོས་བྱེད་པར་ཐག་བཅད། ཆོས་ལུགས་གཞན་རྣམས་ཀྱི་མཛད་སྒོ་སྔར་ལྟར་ལ། ཕྲ་མེན་ལ་གཞུང་གིས་རྒྱབ་སྐྱོར་མེད་པར་བཟོས། རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐབས་སུ་དམར་མཆོད་བསྣུབས། ཕྲ་མེན་གྱི་ཆོས་ལུགས་བསྒྱུར། སོག་པོ་ཏཱ་བླ་མས་བྲིས་པའི་དགོན་པའི་བཅའ་ཁྲིམས་སུ། མུ་སྟེགས་བོན་དང་ཕྲ་མེན་སོགས་ཡང་དག་པའི་ཆོས་ལ་བཀོད་ཅེས་འབོད་ཡོད། ཚངས་དབྱངས་རྒྱ་མཚོ་སོག་པོར་ཕེབས་པ་དེའི་སྐབས་རྟེན་འབྲེལ་དགོན་སོགས་སུ་རྙིང་བོན་ཅུང་ཟད་སྤེལ་བཅུག་པ། སུམ་པ་པཎྜི་ཏས་བསྣུབས་ཏེ་དགེ་ལྡན་གཙང་མར་བཟོས། ཕྲ་མེན་རྣམས་ལྐོག་ཆོས་བྱེད་དགོས་པར་ཐུག ད་ལྟའི་ཆར་ཕྱི་སོག་ནང་སོག་གཉིས་ཆར་ཕྲ་མེན་རེ་གཉིས་ཡོད་པས། ལྷ་གསོལ། ལྷ་འབེབ། མོ་རྩིས། གཏོ་བཅོས་ཙམ་རེ་བྱེད་བཞིན་གཉུག་མར་གནས་སོ། །
གྲི་གུམ་གྱི་སྲས་མོ་དེ། ལོ་ངམ་གྱིས་བཙན་གྱིས་བཙུན་མོར་ཉར་ནས། ཕྱིས་སུ་མངལ་ཆགས་དེ། ལོག་ངམ་བཀྲོངས་མཚམས་མོས་ཀྱང་། ངའི་ལུས་ལ་ཁོའི་བུ་ཡོད་པས། སྨེ་ངག་དང་བཅས་རང་སྲོག་བཅད་པར། མོ་ཡུལ་ལྷ་ཞིག་ཏུ་སྐྱེས་པར་གྲགས།
་་་་་་་་་་་་ཚངས་དབྱངས་རྒྱ་མཚོ་སོག་པོར་ཕེབས་པ་་་་་་་་་་་་་་་་་
རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དེ་ཡིད་ཆེས་བྱེད་དཀའ་ཙམ་ཡོད།
ཧོར་ཇིང་གར་རྒྱལ་པོ་ནི་དངོས་གནས་ལོ་རྒྱུས་སྟེང་དཔའ་བོ་སྙན་གྲགས་ཅན་ཞིག་རེད།ཁོང་ལྟ་བུ་ལ་གུས་ཞབས་དང་མིག་དཔེ་བལྟ་དགོས་པ་རེད་ད།ཚུར་གནོད་པ་བྱེད་མཁན་དེར་ཕར་ཡ་ལན་སློག་མ་ཐུབ་ཚེ་སྡར་མ་རེད་མ་གཏོགས།ཁ་གཡར་ས་གཞན་གང་ཡང་མེད་པ་རེད།
ཇིང་གར་རྒྱལ་བོས་ཁྱོད་ལ་སྐབས་རེར་ཡ་ང་ཁོང་ཁྲོ་སྐྱེས་སུ་འཇུག་ཅིང་། མཚམས་རེར་ཁྱོད་ལ་སྤོབས་པ་སྐྱེས་སུ་འཇུག མཐའ་དོན། རྣམས་པ་ཚང་མ་ལ་ཕེབས་བསུ་ཞུ།
དགོངས་འགལ་མེད་པར་ཞུ། ནམ་རྒྱུན་མཆན་འདེབས་སྐབས་བྲེལ་འཚུབས་ངང་བྲིས་པས་ཚིག་ལ་སྙན་ཆ། དོན་ལ་ཞིབ་ཆ། ཐ་ན་ཡི་གེ་དག་མོ་ཙམ་ཡང་མེད་པར་ནོར་འཁྲུལ་གྱི་ལུད་ཕུང་བརྩེགས་པ་ནི་ངོ་གནོང་དགོས་པ་ཞིག་རེད། གོང་དུ་ཡིག་ནོར་མང་པོ་ཤོར་འདུག་པས་གཟིགས་མཁན་རྣམས་ལ་བཟོད་གསོལ་ཞུ། །
ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ཐད་ནོར་འཁྲུལ་ཡོད་སྲིད་མོད། མ་གཞི་བདེན་པ་རེད་སྙམ། སྐབས་དེའི་བླ་ཆེན་གནད་ཡོད་མི་ཉུང་བར་འབྲེལ་བ་ཡོད་པ་དང་། གཤེགས་པར་བཤད་མོད་རྒྱ་ནག་གོང་མ་ལ་རོ་ཙམ་སྟོན་རྒྱུ་མ་རྙེད་པ། དེ་ལ་རྒྱ་ནག་གོང་མས་ཀྱང་བཏང་སྙོམ་བྱས་པ། ཚངས་དབྱངས་སོག་ཡུལ་དུ་ཕེབས་ནས་དབང་ལུང་གནང་། དེར་སྡེ་སྲིད་སྤྲུལ་སྐུ་ངོས་འཛིན་དང་དགོན་སྡེ་བཏབ་པ། སྤྱན་རས་གཟིགས་ཀྱི་འདས་མཆོད་རིག་གསར་སྐབས་བར་ཡོད་པ། སྐུ་གདུང་ཡང་ད་བར་བཞུགས་ཤིང་། རིག་གསར་སྐབས་སྦས་དུས་སྐུ་ཆས་ཉེར་སྤྱོད་ཡི་གེ་མི་ཉུང་བ་ཐོན་པ་སོགས་ཀྱི་ལོ་རྒྱུས་རྒྱུས་མངའ་བཞུགས་པས་སོ། །ཚངས་དབྱངས་སྤྲུལ་སྐུ་དང་སྡེ་སྲིད་སྤྲུལ་སྐུ་གཉིས་བར་མ་ཆད་པར་བྱོན་པའི་གནས་ཚུལ་འདིས་ཀྱང་བདེན་པར་མཚོན་ནུས་སོ། །
ཀ་རྡོ་གཉེར་ཕྱག་ལགས་ཀྱིས། ཇིན་ཀེས་་ཁན་གྱི་རིགས་བརྒྱུད་བྱ་ཁྲི་ནས་མཆེད་པ་མིན་ནམ་སྙམ་པ་ཅིག་འདུག་པས་ད་དུང་དཔྱད་པར་བྱའོ །ཞེས་པ་དཔྱད་པའི་ཁུངས་གང་ལ་བཅོལ་བ་ཡིན།
ལོ་གཅིག་གི་སྔོན་ལ་ཧོར་ཅིང་ཀེས་ཁན་གྱི་རིགས་རྒྱུད་དེ། བོད་ཀྱི་རྒྱལ་བརྒྱུད་ཅིག་ཡིན་པ། དཔེ་ཀློག་ཞོར་དུ་མཐོང་ནས་ངས་ཁ་བརྡར་མཆན་བུ་གཅིག་ཀྱང་བྲིས་ཡོད། ད་ཆ་ནི། མཆན་བུ་དེ་རྙེ་རྒྱུ་ཕར་ཞོག དཔེ་ཁུངས་དེ་ཡང་མི་དྲན་ཞིང་། ད་ལྟ་རྙེད་མ་སོང་།།
སོག་རིགས་ཧོར་ཇིན་གིར་རིགས་བརྒྱུད་དང་། རྒྱ་གར་ནང་གི་བོད་དམག་འཁྱམས་པའི་རིགས་ལས་མཆེད་པ། Thakurརམ། སྦྲ་གུར་རིགས་ཀྱང་བོད་ནས་མཆེད་པ་གཉིས་པོ་མཚུངས་བསྡུར་ཅུང་ཟད་བྱ་ཆོག་པ་འདུག་སྙམ་པས་འདི་ཡང་། དཔྱད་གཞི་ཙམ་མོ།།
ཅིང་གེས་ཁན་གྱི་ཆུང་མིང་ཐི་མུ་ཆིན་དང་། སྐྱེས་དུས་ནས་ལག་པར་ཁྲག་གི་ཐིགས་ཉར་ཡོད་པ་གྲགས་ཚུལ་གཅིག་དང་། ཡང་ཕྱིས་སུ་སོག་རྒྱལ་ཆིང་གེས་ཁན་ཁོང་ནི། ཕྱག་ན་རྡོ་རྗེའི་སྤྲུལ་པར་དད་མཁན་ཡང་ཡོད་འདུག
སྔར་བོད་ཡུལ་དུ་ཡང་། བཙན་པོ་སྲོང་བཙན་ཁོང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང་། ཐོན་མི་སམ་བྷོ་ཊ་ཁོང་འཇམ་དབྱངས་སྤྲུལ་པ་དང་། བློན་པོ་མགར་སྟོང་བཙན་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་བཞིན་ནོ།།
འགའ་ཤས་ཀྱིས། སོག་རྒྱལ་འདིས་ཡི་གེ་མི་ཤེས་པ་དང་། སྲོང་བཙན་གྱི་བློན་པོ་མགར་ཡང་ཡེ་གེ་མི་ཤེས་ཀྱང་། དམག་བྱུས་མཁས་པར་གྲགས་སྟངས་ལ་བལྟས་ན་འདི་བདེན་པ་ཡིན་ན། བློན་པོ་མགར་གྱིས་ཡེ་གེ་མི་ཤེས་ན། བོད་པ་གཞན་སུས་ཡི་གེ་ཤེས་ཐུབ་འདིས་ཀྱང་། སྲོང་བཙན་སྔོན་ལ་བོད་ནང་ཡི་གེ་མེད་པའི་སྒྲུབ་བྱེད་དུ་འགྲོ་ཐུབ་པ་འདུག་སྙམ་མོ།།
༡༽སྲོང་བཙན་སྔོན་ལ་ཡི་གེ་མེད་ཚུལ་རྒྱ་ནག་གི་ཡི་གེ་ལ་གསལ་བོར་འཁོད་ཡོད། བོད་སྤྱི་ལ་ཁྱབ་པ་མེད་ཡིན་ནམ། སྤུས་གཙང་ཞིག་མེད་གང་ཡིན་མི་ཤེས། པྲན་ནི་ཡོད་པར་འདོད་པའི་ཕྱོགས་ཡིན། ཐོན་མིས་ལེགས་བཅོས་སམ་གཟུགས་དང་ཡི་གེའི་སྦྱོར་བ་འཐུས་ཚང་གསར་བཟོ་བྱས་པར་ཡིད་ཆེས་སོ། །༢༽སོག་རྒྱལ་སྐྱེ་དུས་ཁོའི་ཕ་ཡཱེ་སི་ཧེའི་པཱ་ཐུར་གྱིས་དགྲའ་བོ་གསོད་པ་དང་དུས་མཉམ། རྐན་མར་སྦྱིན་པ་དང་གཡུལ་ལས་རྒྱལ་བ་དུས་མཉམ། དེའི་ཉིན་ཕ་ཁྱིམ་དུ་སླེབས་པ་དང་མིག་པྱེ་བ་དུས་མཉམ། ཆང་སྟོན་དུ་ཕས་གཏམ་བཤད་བྱེད་པ་དང་ལག་པ་ཕྱེ་བ་དུས་མཉམ། ཕུ་ནུ་ཡོངས་ཀྱིས་བྱིས་པར་བཀྲ་ཤིས་བརྗོད་པ་ལག་པར་བཟུང་པའི་་ཁྲག་ཤ་སྟོན་པ་དུས་མཉམ་པ་སོགས་བཤད་ཚུལ་མང་ངོ། ། ཁྲག་ཤ། ཁྲག་རྩ། ཕྲུ་མའི་མའི་ནང་ཤུན་སོགས་བཤད་སྲོལ་དུ་མ་འདུག །དེ་སོག་རིགས་ཀྱིས་བར་ཆད་ཀྱི་དབང་དུ་མི་འགྲོ་བ། རྣམ་པར་རྒྱལ་བ་སོགས་ཀྱི་མཚོན་བྱེད་ཡིན་ཟེར། ཕྲན་སྐྱེ་དུས་ཀྱང་སྒོང་ཤུན་ལྟ་བུའི་ནང་དུ་ཡོད་པ་དང་། ལག་པར་ཡང་ཁྲག་ཤ་དེ་འདྲ་ཞིག་ཡོད་ཚོད་དེ། ལུགས་གཉིས་གང་ཡང་མི་ཕེར་བར་བལྟས་ན་བརྟགས་དཔྱད་ཆེར་མེད་པའི་རྨོངས་དད་ཞིག་རེད་སྙམ།
འཛམ་གླིང་སྤྱི་ཡོངས་ཀྱི་མི་རྣམས་ཀྱིས། སོག་པོའི་གདོད་མའི་ཆོས་ལུགས་དང་། སོག་པོའི་ནང་ཆོས་གཉིས་ཀྱི་ནང་ནས།
སོག་པོའི་གདོད་མའི་ཆོས་ལུགས་ལ་དོ་སྣང་དང་དགའ་མོས་ཆེ་བ་ཡོད་པའི་རྣམ་པ་ཡོད་པ་རེད།
སོག་པོ་ནང་ལོགས་ཀྱི་མི་རྣམས་ཀྱིས་ག་འདྲ་གནང་གི་ཡོད་མེད་མི་ཤེས་སོ། །
ཇིང་གིར་རྒྱལ་པོའི་གཏམ་གྲགས་ཅན། ༡༽ངའི་ནུས་པས་མ་ལྡེང་དུས། བཟོད་སྲན་ཡོད་དགོས། རླབས་ཆེ་བའི་བཟོད་སྲན་ཉག་གཅིག་གིས་སྐྱོབས་ནུས། ༢༽མི་དམངས་ཀྱིས་བརྩི་བཀུར་ཡོད་མེད་རང་གིས་མི་མང་ལ་བརྩེ་བ་ཡོད་མེད་ལས་འབྱུང་། ༣༽སེམས་རྒྱ་ཅི་ཙམ་ཆེ་བ་དེ་བཞིན་མངའ་རིས་ཀྱང་ཆེ། ༤༽དཔོན་འབངས་བློ་སེམས་གཅིག་སྒྲིལ་ནུས་ན་གཞོམ་མི་ཐུབ་པའི་དགྲ་མེད། ༥༽གཏན་གྱི་གྲོགས་ཡོད་ཆོག་ཀྱང་གཏན་དུ་མི་འགྱུར་པའི་དགྲ་མེད། དགྲ་བོ་ནི་འགྱུར་བ་ཅན་ཞིག་ཏུ་ངོས་འཛིན་དགོས། ༦༽སྔ་དྲོ་དགྲ་བྱས་ནས་སྲོག་ལ་རྒོལ་མཁན་ཡིན་ཀྱང་། མནའ་དམ་གཅིག་ཏུ་འབྲེལ་ཏེ་ཁྱོད་ཀྱི་རྗེས་སུ་འབྲངས་དུས་སྔར་གྱི་ཁོང་ཁྲོ་ནི་མཐུན་ལམ་གྱི་སྟོབས་ཤུགས་སུ་འགྱུར། ༼ཐོག་མར་དགྲ་བོ་ཁོ་རང་ལ་མདའ་བསྣུན་མཁན་རྗེས་སུ་ཁོའི་སྲོག་སྐྱོབས་མཁན་དེ་མགོ་འདོགས་དུས་བཤད་དོ། །
བོད་སོག་ཧོར་གསུམ་གྱི་རྒྱལ་པོ་སྙན་གྲགས་ཅན་ཚོ། ཡུལ་ལུང་དེ་དག་གི་ནང་པས་རིགས་གསུམ་མགོན་པོའི་སྤྲུལ་པར་དད་ཞུས་བྱས། དཔེར་ན་བོད་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྤྱན་རས་་གཟིགས་ཀྱི་སྤྲུལ་པར་དད། སོག་པོས་ཆིང་གིས་ཁན་འདི་ཕྱག་ན་རྡོ་རྗེའི་སྤྲུལ་པར་དད། རྒྱ་ནག་ཏུ་རྒྱ་ནག་གོང་མ་འཇམ་དབྱངས་ཀྱི་སྤྲུལ་པར་དད་དོ།།
Bon po ལ་ཕྱགས་རྟགས་སུ་སོག་པོའི་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་ཞིག་འདོན་པར་འདོད། སོག་པོ་ནི་ཚེ་རིང་གནམ་གྱི་ལྷ་ལ་དད་ཅིང་དེ་ནི་ས་འོག་ས་སྟེང་ས་བླ་གསུམ་གྱི་ནང་ནས་ས་བླར་གཏོགས། ས་བླའི་སྲིད་པའི་གཡས་གཙོ་བོའི་ས་ལ་ཚེ་རིང་གནམ་གྱི་ལྷས་གཙོས་དབུས་་ལྷ་་ལྔ་བཅུ་ང་ལྔ།གཡོན་ཏུ་ཨ་ཏཱ་ཨོས་ལན་གཙོས་སྤྲུལ་ལྷ་བཞི་བཅུ་ཞེ་བཞི་ཡོད། ས་སྟེང་སྲིད་པ་ལ་ལྷ། གླུ། འདྲེ་སྡེ་རིས་གྲངས་མེད། ས་འོག་སྲིད་པ་ལ་དོང་ཆེན་བཅུ་དྲུག འོབ་ཆེན་དགུ་བཅུ། དམྱལ་བའི་འཇིག་རྟེན་སོགས་ཡོད། ས་སྟེང་མི་ཡི་སྲིད་པ་ལ་འདྲེ་ངན་དམུ་རྒོད་མནའ་ཟན་བྱུང་། དེ་འདུལ་ཕྱིར་ཚེ་རིང་གནམ་གྱིས་ལྷའི་སྤྲུལ་བ་དཔའ་བོ་ཨེ་ལ་མྱེས་དང་། དཔའ་བོ་ཨེ་ལ་ལྟེ་དཀར་སོགས་བྱུང་སྟེ་བཏུལ་ཚུལ་ནི། བགེགས་བསྐྲད་སྐབས་སུ་པྱེད་རྔ་བརྡུང་། ཚིལ་གསུར་བྱས། ཚྭ་ཁུ་གཏོར། འབྲུ་ནག་འཐོར་བཞིན་དབྱངས་སུ་གྱེར་བ་ནི། ། ཀྱེ། །སྔོན་གྱི་བསྐལ་བ་བཟང་པོའི་དུས། ཉི་མ་དང་པོ་འཆར་བའི་དུས། །ཟླ་བ་དང་པོ་ཚེས་པའི་དུས། །ལོ་མ་ལྗང་ཀུ་འབུས་པའི་དུས། །ཤིང་ཐོག་དང་པོ་སྐྱེ་བའི་དུས། །གནམ་ལ་སྐར་མ་ཉུང་བའི་དུས། །སྲིད་པར་རྣམ་ཤེས་ཉུང་པའི་དུས། །རྒྱ་མཚོ་ཆུ་འཁྱིལ་ཙམ་གྱི་དུས། །རི་རབ་ས་འབུར་ཙམ་གྱི་དུས། །དངུལ་ལུག་རེའུ་ཙམ་གྱི་དུས། །དྲེལ་རྐྱང་ཁྱི་གུ་ཙམ་གྱི་དུས། །དཔའ་བོ་ཨེ་ལ་ལྟེ་དཀར་བྱུང་། །ལྷུམ་ཞུགས་དེ་ནི་ཁྱད་པར་འཕགས། །སྐྱེ་བའི་དུས་སུ་ངོ་མཚར་ཆེ། །སྐྱེས་ཙམ་ཉིད་ནས་ལུས་རྩལ་རྫོགས། །འབུམ་སྡེས་མི་ཐུབ་སྟོབས་པོ་ཆེ། །མདའ་མཚོན་མི་ཟུག་རྟག་པའི་སྐུ། །འཆི་མེད་འཆི་བ་སླར་ཡང་སྐྱེ། །སྐྱེ་འཆིའི་འཕྲུལ་ལ་རང་བྱན་ཚུད། །བཞེངས་ཤིག་བུ་ཡི་མགོན་མཛོད་ཅིག ། ཅེས་བརྗོད་ཅིག་སྤྲོས་མེད་ལ་མེ་ཞགས་འཔེན། སྤྲོས་བཅས་ལ་མདའ་གཞུ་འགེང་ཞིང་། ཀྱེ། མི་སྐད་གོ་བའི་གཞུ། མངོན་ཤེས་ལྡན་པའི་མདའ། །རྒྱུད་ནས་འགྲོ་བའི་ཚེ། །དམར་པོ་མེ་ཞགས་འཕོང་། །ལམ་དུ་ཞུགས་པའི་དུས། །མེ་ཡིས་སྲིད་པ་ཁོབ། །འབེན་དང་ཉེ་བའི་དུས། །འཇིགས་པའི་མེ་ལྕེ་མཆོད། །ཡུལ་ལ་སླེབས་པའི་དུས། །གློག་ཞགས་འབྲུག་སྒྲ་སྒྲོགས། །དམུ་རྒོད་སྙིང་ལ་རྒྱོབ། །བྲང་གཞུང་ཚིག་པར་མཛོད། །རྩིབ་མའི་བརྩིགས་པ་གཏོར། །དོན་སྙིང་ནང་ཁྲོལ་ཀུན། །སིལ་བུར་མཁའ་ལ་གཏོར། ། ཅེས་བརྗོད་ནས་གར་བཅས་ཧཧ་ཧོ་ཧོ་བརྗོད་བཞིན་བགེག་ལ་མདའ་འཕེན་པའི་སྟངས་ཀ་བྱེད་དོ། །
ཞང་ཞུང་རིགས་གནས་ནི་སངས་རྒྱས་ཆོས་ལུགས་ཀྱི་ཕུགས་རྩ་ཡིན།ཞེས་པའི་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ཚགས་ཤོག་ཐོག་བཀོད་པའི་རྩོམ་ཐུང་འདིར་བོད་ལ་གཅེས་པའི་བོད་མི་གཙོས་པའི་གྲོགས་པོ་ཡོངས་ནས་ཞིབ་མོར་གཟིགས་པར་ཞུ། 各位爱西藏和西藏文化的朋友请好好看看,象雄文化是佛教的起源——亚太日报报道
རྒྱ་ཡིག་མཁྱེན་པ་ཅན་རྣམས་ཀྱིས་འདིར་ཅིག་གཟིགས་ནས་ང་ལ་འགྲེལ་བཤད་གནང་རོགས་ཞུ། ངས་རྒྱ་ཡིག་ཡག་པོ་ཞིག་ཤེས་ཀྱི་མེད། 现今,藏区以及印度、尼泊尔、布丹、蒙古国、俄罗斯等地区仍然有很多象雄文明中产生的宗教文化的遗迹和寺庙、僧侣,从藏区到世界各地有很多的人信奉象雄文化中的象雄佛法。本文作者进行多方考证,论证中国古象雄文化是世界佛教的起源,现选编如下:
象雄文化的地域起源
历史和考古记述至少4000年前象雄是吐蕃王朝崛起以前青藏高原最大的文明古国。今天的西藏自治区乃至四川、甘肃、青海、云南等藏地仅仅是远古的中华古象雄国的一部份,古老的象雄国以西藏的今天阿里为中心,通过至少十八个部落覆蓋中亚的大片疆土。象雄古国是古代横跨中亚地区及青藏高原之大国。
དྲི་མེད་ལྷག་བསམ་ལགས།
བཀའ་དྲིན་ཆེ། དེ་རིང་སོག་པོའི་གདོད་མའི་ཆོས་ལུགས་ཀྱི་ཡིན་ལུགས་དང་མཆོད་བསྟོད་འདི་འདྲ་བོད་ཡིག་ཐོག་བཀླགས་རྒྱུ་རགས་པར་དགའ་ཚོར་ཆེན་པོ་བྱུང་། དངོས་གནས་ངོ་མཚར་ཆེའོ། སོག་པོའི་བུ་རྒོད་ཚོ་འདྲ་ས་ཞིག་ག་ན་ཡོད།
དེང་དུས་ཀྱི་སོག་པོའི་རྒྱལ་དར་དེའི་དབུས་མདོག་སྔོན་པོ་དེ་ཕལ་ཆེར་་་ཐིང་རི་གནམ་གྱི་ལྷ་་་དེ་ཉིད་ཀྱི་མཚོན་དོན་ཡིན་པ་འདྲ་དེ་འདྲ་ཡིན་ནམ་ལགས།
བོད་སོག་གཉིས་གནའ་སྔ་མོ་ནས་རིག་གཞུང་དང་མི་རིགས་ཆོས་ལུགས་སོགས་གང་ཅི་ནས། ལེགས་པའི་ཆ་དང་ཉེས་པའི་ཆ་གཉིས་ཀའི་ངོས་ནས་འབྲེལ་བ་ཆེན་པོ་ཡོད་པས། དུས་རབས་གསར་པའི་འཛམ་གླིང་འདིར་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ངང་དུ་སེམས་ཐག་ཉེ་བོར་གནས་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་སེམས་བཞིན་ཡོད། །
བོད་སྐད་དུ་་་ནམ་མཁའི་ཁ་མདོག་དངོས་དེ་་་མཐིང་་་མདོག་ཅེས་པ་དེ་རེད་ཟེར་སྲོལ་ཡོད་པ་རེད། དཔེར་ན། སྐུ་མདོག་མཐིང་ནག་ནམ་མཁའི་གཟི་མདངས་ཅན། ཞེས་པ་དང་། དབུ་སྐྲ་མཐོན་མཐིང་ཞེས་པ་སོགས་ཡོད། དེ་འདྲ་ཡིན་དུས་སོག་སྐད་ཀྱི་་་ཐིང་རི་་་་ཞེས་པ་དེ་བོད་སྐད་ཀྱི་་་མཐིང་་་མདོག་དང་ཆ་འདྲ་བ་ཞིག་ལ་གོའམ་ལགས།
བོན་པོ་ལེགས། བོད་སོག་གི་སྐད་འདྲེས་མར་སྤྱོད། སྐབས་རེར་སྒྲ་གདངས་མི་འདྲ་བ་ལས་དོན་གཅིག་ཏུ་འབབ་ས་མང་། ཏེང་དངམཐིང་གཉིས་དོན་གཅིག་པའི་སྐབས་ཡང་ཡོད་སྲིད་པས་སོ། ། དཔེར་ན། ཏ་དང་ཐ་གཉིས་བརྗེས་པ། སོག་པོའི་ཏེབ་ཐེར་ལ། བོད་ཀྱིས་དེབ་གཏེར་ཟེར། དེ་བཞིན་ཁ་དང་ཧ། ག་དང་ཧ་སོགས་བརྗེ་བའི་སྐབས་ཡོད།
ཁྱུང་སེ་ལེགས། ཉིད་ཀྱི་ཐུགས་འདུན་ལྟར་རྒྱ་ཡིག་ཐོ་རེ་བ་བསྒྱུར་ན་འདི་ལྟར། །( དེང་དུས་ཀྱི་བོད་དང་། རྒྱ་གར། འབྲུག སོག་པོ། ཨུ་རུ་སུ་ཚོགས་ལ་ཞང་ཞུང་གི་རིག་པའི་ལྷག་འཔྲོ་དགོན་པ། གྲྭ་བ་སོགས་ད་ལྟ་ཡང་ཡོད། བོད་ནས་བཟུང་འཛམ་གླིང་གི་ས་གནས་སོ་སོར་ཞང་ཞུང་རིག་གནས་ནང་གི་སངས་རྒྱས་ཆོས་ལུགས་མཆོད་མཁན་མང་། །ཆེད་རྩོམ་པས་ཕྱོགས་ཀུན་ནས་ཞིབ་འཇུག་དང་བདེན་འཚོལ། ལུང་འདྲེན་བྱས་ཏེ་ཀྲུང་གོའི་གནའ་བོའི་ཞང་ཞུང་རིག་གནས་ཁྲོད་ནས་ནང་ཆོས་འབྱུང་ཚུལ་གཤམ་གསལ་ལྟར་བསྒྲིགས་ཡོད།
ཞང་ཞུང་རིག་གནས་འབྱུང་ཁུངས་ས་གནས་ཐད། ལོ་རྒྱུས་དང་ཞིབ་འཇུག་པས་བརྗོད་དོན་ལྟར་ན་ཉུང་མཐར་ཡང་ལོ་ 4000་སྔོན་ཞང་ཞུང་ཞུང་བོད་ཀྱི་རྒྱལ་རབས་མཚོ་བོད་མཐོ་སྒང་རྩྭ་ཐང་ལས་བྱུང་བའི་ཆེས་སྔོན་ཐོན་རིག་གནས་ཅན་གྱི་གནའ་བོའི་རྒྱལ་ཁབ་ཞིག་རེད། ད་ལྟའི་བོད་ལྗོངས་ནས་། སུ་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན། ལས་སོགས་བོད་ཡུལ་ནི་ཀྲུང་ཧྭ་ཞང་ཞུང་གི་ཆ་ཤས་ཙམ་རེད། གནའ་བོའི་ཞང་ཞུང་ནི་མངའ་རི་ལྟེ་བ་བྱས་པའི་ཡུལ་ཚོ་ཆེན་པོ་བཅོ་བརྒྱད་ཀྱིས་ཡ་གླིང་དཀྱིལ་མའི་ས་ཆེན་བཟུང་ཡོད། ཞང་ཞུང་ནི་གནའ་བོའི་ཡ་གླིང་དཀྱིལ་མ་དང་མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་ཆེན་པོ་ཞིག་རེད། །)༼མཚོ་བོད་ནི་མཚོ་སྔོན་དང་བོད་ལྗོང་གི་བསྡུས་ཚིག། འདི་ནི་དཔྱད་བརྗོད་ཙམ་ལས་ད་དུང་བདེན་པ་མཚོལ་དགོས་པར་འདུག༽
སོག་པོའི་ལྷ་མཆོད་པའི་དུས། །
ཀྱེ། །ཡེ་ཐོག་དང་པོའི་ལྷ། །ཀུན་གཟིགས་ཀུན་ཐུབ་པ། །
སྲིད་པ་ཀུན་གྱི་ཡབ། །བསོད་ནམས་ཀུན་ཀྱི་མ། །
གཟིགས་སམ་ངའི་ལྷ་གཅིག །བདག་ནི་གཅེར་བུའི་ལུས། །
བདག་གི་ལྷ་གཅིག་གྱིས། །ཟས་ཀྱི་སྐལ་ཕོག་པས། །
བདག་ནི་ཡིད་རེ་མགུ། །བཀྲེས་སྐོམ་བྲལ་བ་ལེགས། །
བདག་གི་ལྷ་གཅིག་གིས། །གོས་ཀྱི་སྐལ་ཕོག་པས། །
བདག་ནི་ལུས་རེ་དྲོ། །རྒྱབ་ཏུ་བགོས་པ་ལེགས། །
བདག་གི་ལྷ་གཅིག་གིས། །གཞོན་པའི་སྐལ་ཕོག་པས། །
མགྱོགས་པ་བང་རེ་སྐྱེན། །རྟ་མཆོག་ཆས་ཅན་ལེགས། །
བདག་གི་ལྷ་གཅིག་གིས། །སྐྱོབས་པའི་མགོན་བྱས་པ། །
འཆི་བདག་ཕོ་ཉ་བསྐྲད། །འཚོ་བ་ལོང་རེ་ཡོད། །
སྡང་དགྲ་བདུད་ཀྱི་སྡེ། །སླེབས་པས་བདག་འཇིག་ན། །
སྟོབས་ལྡན་ལྷ་ཡི་ཚོགས། །སྐྱོབས་པའི་དཔུང་མཛོད་ཅིག །
བདག་ལ་ལྷ་ཡོད་པས། །བདག་ནི་མགོན་དང་བཅས། །
ལྷ་ཡིས་བདག་སྐྱབས་པས། །བདེ་སྐྱིད་ཕུན་སུམ་ཚོགས། །
ཕུད་བཟང་ཆང་གིས་མཆོད། །ཚོན་པོ་ཚུལ་གྱིས་མཆོད། །
དྲི་ཞིམ་བསང་གིས་མཆོད། །ལྷ་མི་མནའ་འབྲེལ་ལོ། །ཧ་ཧ། ཧི་ཧི། ཀི་ཀི། །ཆའོ། །
བཅོས། ཚོན་པོ་༼ཚིལ་༽གྱིས་མཆོད། །
བོན་པོ་ལེགས་ཀྱི་དྲིས་ལན། སོག་པོའི་རྒྱལ་དར་དེ་སྔོན་གྱི་དམག་དར་སྔོན་པོ་ལས་རིམ་པར་འགྱུར་བ་ཡིན། སྔོན་པོ་གནམ་མཚོན། སོག་པོས་བཀྲ་ཤིས་པ་དང་། མནའ་ཚིག་མི་འགྱུར་བ། གནམ་གྱི་ལྷ་བཅས་མཚོན། རང་རེའི་སོག་སེར་པོ་ཟེར་མོད། སོག་པོ་ཁོ་རང་ཚོའི་སོག་སྔོན་པོ་ཟེར། །མི་རིགས་ནི་གཡུ་སྤྱང་སྔོན་མོ་དང་། ཤྭ་བ་དཀར་པོ་ལས་བྱུང་བར་བཤད། དཀར་པོ་དང་སྔོན་པོ་གཉིས་སོག་མཚོན་བྱེད་ཀྱི་ཁ་དོག་ཡིན། རྒྱལ་དར་གྱི་དཀྱིལ་ཀྱི་ཡི་གེ་དེ་༼ཨེ་ཝྃ༽ཡི་གེ་གཉིས་ཡིན། དབྱིབས་གཟི་དང་། ཕུར་བུ། རྡོ་རྗེ་རྩེ་གཅིག་པ་སོག་མཚོན་ཟེར། ཡིག་གཟུགས་གནའ་བོའི་དུས་ནས་ཡོད་དོ་ཞེས་བཤད་ཀྱང་མཐོང་རྒྱུ་ཆེར་མེད། སོག་པོ་ཁལ་ཁ་རྗེ་བཙུན་དམ་པ་དང་པོའི་སྐབས་བཟོས་པའི་སོག་ཡིག་ཅིག་ཡོད་པ་དེ་གཞིར་བཞག་བྱས་པ་རེད། འོན་ཀྱང་ཡི་གེ་གཉིས་འབྲི་ཚུལ་ཐད་སྤར་ཁ་བརྒྱད་ཀྱི་ནང་གི། ཁོན་དང་ཁེན་སྟེ་གནམ་ས་གཉིས་ཀྱང་མཚོན་པས་སོ། །མདོག་སེར་པོ་ཡིན་པ་གསེར་གྱི་གདུང་རབས་དངདམར་པོ་ནི་དབང་སྡུད་མཚོན་ཞེས་བཤད། རྒྱལ་དར་རྙིང་པ་བྲིས་མ་དང་ཤིང་པར་མ་གཉིས་ཡོད། སྔོན་ཆད་སོག་པོའི་མི་ཁྱིམ་རེ་བཞིན་སྒོ་སྲུང་གི་ཚུལ་ཏུ་ཆེ་ཆུང་སྣ་ཚོགས་ཕྱར་སྲོལ་ཡོད་དོ། །
དྲི་མེད་ལགས་ཐུགས་རྗེ་ཆེ་ཞུ་ཁྱེད་ཀྱིས་སྐུ་ངལ་འཛེམས་མེད་ཀྱིས་རྒྱ་སྐད་བོད་སྐད་དུ་བསྒྱུར་བར། དངོས་གནས་ཕན་ཐོགས་ཆེན་པོ་བྱུང། ཁྱེད་ནི་ཁ་བརྡ་ནང་གི་ཚིག་མཛོད་ཆེན་པོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་པར་མ་ཟད་ཕྱོགས་དང་རིས་སུ་མི་ཕྱེ་བའི་མཁས་པ་ཆེན་པོ་ཞིག་ཏུ་བསམ་བཞིན་ཡོད་ངས་ཁ་བརྡ་ནམ་ཀློག་སྐབས་ཁྱེད་ཀྱི་མཆན་དང་རྩོམ་ཡོད་མེད་ལྟས་ནས་དོ་སྣང་ཆེན་པོས་ཀློག་བཞིན་ཡོད། ལྷག་པར་དུ་ཁྱེད་ནི་ཆོས་ལུགས་ཀྱི་ཆགས་སྡང་དང་མི་རིགས་ཀྱི་དབྱེ་འབྱེད་དང་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར། ཆབ་སྲིད་པའི་གཡོན་ཐལ་ལས་སོགས་ཀྱི་དྲི་མས་མ་གོས་པའི་མི་བུ་དྲང་བདེན་དང་མཁས་པ་ཞིག་ཏུ་མཐོང་བཞིིན་ཡོད། གོ་སྐབས་བྱུང་ན་དངོས་སུ་མཇལ་འཕྲད་ཡོང་བའི་རེ་བ་འཆང་བཞིན་ཡོད། བྱུང་ན་ཁྱེད་ནས་ཁྱེད་རང་གི་དངོས་མིང་འགོད་ཐུབ་ན་ཧ་ཅང་གི་དགེ་མཚན་ཆེ། གང་ཡིན་ཟེར་ན་མི་བུ་མང་པོ་ཞིག་ནས་དངོས་སུ་མཇལ་འདོད་ཡོད་ལས་ཆེ།
ཁྱུང་སེ་ལེགས། ཉིད་ཀྱིས་དག་སྣང་གིས་ཕྲན་ལ་བསྐུལ་སློང་བྱས་པར་ཐུགས་རྗེ་ཆེ་ཞུ། །ཕྲན་ནི་ལུགས་གཉིས་གང་གང་ཡང་མི་འཇོན་པཞིག་ཡིན། སྐད་ཆ་དྲང་མོ་ཡིན་པའི་ཁུལ་ལེགས། འོན་ཀྱང་དྲང་མོ་བཤད་རྒྱུ་མང་ན་འཁྱོག་པོའི་མིག་ལ་གཟན་པ་དེ་ངའི་མི་ཚེའི་ཉམས་མྱོང་ཡིན། སྐབས་རེར་བསམ་བློ་གཏོང་ནོར་གྱིས་རང་གིས་བཤད་པར་རང་གིས་དགག་པ་བྱེད་པའི་དུས་ཀྱང་ཡོད། རྒྱུ་མཚན་ཚད་ལྡན་ཞིག་མཐོང་ན་སྔར་གྱི་བཤད་པ་ཚིག་གི་རོ་བྱེད་པ་དང་། རང་གི་ནོར་བ་ངོས་ལེན་བྱེད་རྒྱུ་ཡང་ངའི་མི་ཚེའི་འགྲོ་སྟངས་ཤིག་ཡིན། དེ་འདྲ་ལ་མི་རང་ཚུགས་མེད་པར་མཐོང་མཁན་ཡང་སྲིད་མོད། ནོར་བ་ལ་ཨུ་ཚུགས་བྱེད་པ་ལས་ནོར་འཁྲུལ་བཟོད་གསོལ་གྱིས་དྲང་ཚུགས་སྐྱོང་བ་གལ་ཆེ་སྙམ། འདི་དག་རང་བློ་བདེ་བའི་སྐད་ཆ་ཙམ་དུ་ཟད། རང་གི་གནས་ཚུལ་བཤད་འདོད་ཆེར་མེད་པས་རེ་ཞིག་དེ་ཙམ་མོ། ། སྐུ་ཚེ་རིང་། །
དྲི་མེད་ལྷག་བསམ་ལགས།
བཀའ་དྲིན་ཆེ་ཞུ། སྐུ་ཉིད་ནི་རྒྱ་བོད་ཧོར་གསུམ་གྱི་སྐད་ཡིག་ལ་ཐོགས་པ་མེད་མཁན་ཞིག་ཡིན་པར་ངེས། སོག་པོའི་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་དེ་འདྲ་བོད་ཡིག་ཐོག་སྤེལ་ཐུབ་ན་ངོ་མཚར་ཆེན་པོ་ཡོང་བར་སྙམ། གོང་དུ་ཁྱེད་ཀྱིས་འདོན་ཆོག་བྲིས་གནང་བ་དེ་ཚོ་ཧ་ལས་པའི་ཡག་པོ་འདུག བོད་དང་སོག་པོའི་རིག་གཞུང་རྙིང་པའི་ཁུངས་འཚོལ་བ་ལ་ཏན་ཏན་ཕན་ངེས་པར་སེམས་སོ། །
siberia དང་སོག་ཡུལ་སོགས་སུ་དར་བའི་གདོད་མའི་ཆོས་ལུགས་དེ་ཚོར་གླུད་འཕེན་པ་དང་། ནམ་མཁའ་བྲན་པ། མདོས་གཏོང་བ། རྩྭ་གཟུགས་ལིངྐ་ལ་འགུགས་གཞུག་བསྒྲལ་ལས་བྱེད་པའི་སྲོལ་ཡོད་པ་རེད་དམ་ལགས། དེ་ལ་ནང་གསེས་ཀྱི་གྲུབ་མཐའ་འདྲ་བོ་མི་འདྲ་བ་ཡོད་དམ་ལགས།
སོག་པོའི་གདོད་མའི་ཆོས་ལུགས་ཀྱི་མཐིང་རི་གནམ་གྱི་ལྷ་གསོལ་མཆོད་བྱེད་ས་ཞིག་འདིར་འདུག །
https://www.youtube.com/watch?v=wnX4Rr7MzYU
བོན་པོ་ལགས་ཀྱིས་བསྐུལ་སློང་གནང་བར་ཐུགས་ཆེ་ཞུ། པྲན་ནི་མཁས་པར་མ་གྲགས་ཤིང་ཡིག་ངོ་ཆོད་ཙམ་མོ། །སོག་པོའི་གཏོ་བའི་ལུགས་སམ། ཕྲ་མེན་ལུགས་བྱ་བ་གནའ་བོའི་དུས་དུས་ངག་རྒྱུན་དུ་གྲགས་པ་ཞིག་ལ། ཡིག་ཐོག་ཏུ་འགོད་དུས་ཐོག་མར་རྒྱ་ཡིག། དེ་ནས་བོད་ཡིག མཐའ་མ་སོག་ཡིག་ཏུ་བཀོད་པ་ལྟ་བུ་ཞིག་འདུག གཏོ་བའི་སོག་སྐད་ནང་དུ་རྒྱ་ཡིག་ཡང་བྲིས་ཡོད་པ། བོད་སྐད་ཆེས་མང་བ་ཞིག་གོ། ད་ལྟ་ཡང་བོད་སོག་སྐད་གཉིས་ཀྱིས་འདོན་བཞིན་ཡོད། ཡི་གེ་གསང་བ་བྱེད་པས་ལག་ཏུ་ཐོབ་ཐབས་དཀའ། དེ་ཡང་ཁྱིམ་རྒྱུད་ཀྱི་ཤ་ཞེན་དང་། འཚོ་བའི་གསང་བ། ལོ་རྒྱུས་ཀྱི་ཆག་སྒོ་ལས་བྱུང་བ་ཞིག་མིན་ནམ་སྙམ། གལ་སྲིད་ཡི་གེ་མང་པོ་ཞིག་བསྡུ་ཐུབ་ན་བོད་ཡིག་མང་པས་བསྒྱུར་སླ། དཔེར་ན། མངལ་མདོས། རྔ་མོང་གི་མདོས། ཁྲག་མདོས། ཡེ་སྲིད་རྒྱལ་མོའི་མཆོད་པ་སོགས་བོད་ཡིག་ཏུ་འཁོད་པ་མང་་པོ་མཐོང་མྱོང་།
སྤོབས་པ་མཐའ་ཡས་ལེགས། སོག་ཡུལ་གྱི་གདོད་མའི་ཆོས་ལུགས་ལ་དཔའ་བོའི་མགུར་གླུ་རིགས་མི་འདྲ་བས་དབྱེ་བ་བྱས་ན་ཤིན་ཏུ་མང་། བུར་ཡན་ཐུའི་རིགས་འདི་ནས་ཨུ་རུ་སུའི་ཕྱོགས་གྱེས། ཨོ་རོད་ཐུའི་རིགས་འདི་ནས་ནང་སོག་དང་སྟོད་ཧོར་གྱེས། ཁཱལ་ཁཱ་འདི་ནས་ཕྱི་སོག་གྱེས། དཔའ་བོའི་མགུར་དང་། གཏོ་ལུགས་མི་འདྲ་བ་ཡང་དེ་དག་གི་མིང་གིས་དྲངས། ཕྲན་གྱིས་རིགས་གསུམ་དུ་བསྡུས་ཡོད། ༡༽རི་ན་གནས་པའི་བསམ་གཏན་པ། འདི་དག་གིས་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་བསམ་གཏན་སྒོམ། མགུར་གླུ་ལེན། ལུང་བསྟན་བཤད། ༢༽གྲོང་ཆོག་བྱེད་པའི་གཏོ་བ། འདིས་མི་མང་གི་རེ་བ་སྐོང་། དོགས་པ་སེལ། ལྷ་འབེབས། མོ་འདེབས། གླུད་འཔེན། གསང་སྔགས་ཆོ་ཀའི་ལས་བཞི་མཐའ་དག་བྱེད། ཆོ་ག་གྲ་རྒྱས་པོ་མེད། འགྲེལ་བཤད་དེ་ལས་ཀྱང་མེད། ཕལ་ཆེར་སྲུང་བ། མཆོད་འབུལ། བགེགས་བསྐྲད། ངན་སྔགས་གསུམ་ལ་འདུ། དཔའ་མཁར་བརྩེགས་པ་སོགས་བོད་དང་འདྲ།རྩྭ་གཟུགས་ལིངྐ་ལ་འགུགས་གཞུག་བསྒྲལ་ལས་བྱེད་པའི་སྲོལ་ཡང་ཡོད། ༣༽ཀུན་ཁྱབ་ཀྱི་མགུར་གླུ། མི་དམངས་ཕལ་ཆེ་བའི་ཁ་ན་ཡོད། གནམ་མཐོང་བ། རི་རིག་པ། མཚོ་མཇལ་བ། སྤྱི་ཚོགས་ཀྱི་མཛད་སྒོ་ཆེ་པྲ་ཀུན་ལ་ཁྱབ། ཁྱད་པར་སྤྲང་པོ་ཚོས་ཟས་སློང་བའི་ཚེ་འདོན། མགུར་གླུའི་ཆེད་ལས་པ་མང་པོ་ཕལ་ཆེར་སྤྲང་པོ་རེད། གེ་སར་སྒྲུང་གླུ་ཡང་དར་སྲོལ་ཆེ། མགུར་གླུ་འི་སྐོར་རྒྱ་ནག་སོག་པོའི་རྒྱལ་རབས་སྐབས་སྤྱི་ཚོགས་ལ་ཤུགས་ཆེན་དར། 元曲 ཟེར། རྒྱ་ནག་གི་གཏོ་བ་ཚོ་དང་ཕར་འདྲེས་ཚུལ་འདྲེས་ཡིན།
་་་་་་་་་་་་་་བོད་ཡིག་མང་པས་བསྒྱུར་སླ། དཔེར་ན། མངལ་མདོས། རྔ་མོང་གི་མདོས། ཁྲག་མདོས། ཡེ་སྲིད་རྒྱལ་མོའི་མཆོད་པ་སོགས་བོད་ཡིག་ཏུ་འཁོད་པ་མང་་པོ་མཐོང་མྱོང་། ་་་་་་་་་་་་་་་་
དཔའ་བོའི་མགུར་དང་། གཏོ་ལུགས་མི་འདྲ་བ་ཡང་དེ་དག་གི་མིང་གིས་དྲངས། ཕྲན་གྱིས་རིགས་གསུམ་དུ་བསྡུས་ཡོད། ༡༽རི་ན་གནས་པའི་བསམ་གཏན་པ།
༢༽གྲོང་ཆོག་བྱེད་པའི་གཏོ་བ།
༣༽ཀུན་ཁྱབ་ཀྱི་མགུར་གླུ།
དྲི་མེད་ལགས་ཀྱིས།
གོང་དུ་ནམ་མཁའ་མཆོད་པ་དེ་སོག་པོ་ལ་སྔ་མོའི་དུས་ཡོད་པའི་དུས་སྟོན་གལ་ཆེན་ཞིག་རེད། རྒྱལ་དབང་བསོད་ནམས་རྒྱ་མཚོའི་དུས་ནས་ཆེད་དུ་སྲོག་གཅོད་མི་ཆོག་པར་དམར་གསུར་གྱི་ངོ་བོར་བསྒྱུར་བ་དང་། དེ་ཡང་རྒྱལ་ཁབ་དང་ཡུལ་སྡེ་སྤྱིའི་མཛད་སྲོལ་མེད། སྔོན་ཆད་དམར་མཆོད་རྗེས་ཤ་དེ་རང་རེའི་ཚོགས་ཤ་ལྟ་བུར་བརྩིས་ཏེ་ཀུན་ལ་འགྱེད་པ་དང་། ཁྱིམ་རྒྱུད་ཀྱིས་མཆོད་པའི་སྐབས་ཤ་སྐལ་མ་སྤྲད་ན་མི་གྲལ་ནས་ཕུད་པ་དང། ངོ་ཚ། བརྙས་བཅོས། ཐུབ་ཚོད་བཏང་བར་བརྩི། ཤ་སྐལ་ཆེད་ནང་དམེ་ཤོར་བ་ཡང་ལན་ཅིག་མིན་པས་དེ་སྐབས་རྒན་པ་རྣམས་ཀྱིས་གཟབ་གཟབ་བྱེད། གཞོན་པ་རྣམས་ལ་སློབ་གསོ་བྱེད་དགོས་ཞེས་ངག་རྒྱུན་ལ་གྲགས་སོ། །