བསེ་རུ།
ངག་གི་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ།།
སེམས་ལ་བསམ་ཚད་ཁ་ནས་འདོན་པ་དང་།།
ཁ་ནས་དོན་ཚད་ལག་གིས་བྲིས་པ་རྣམས།།
ཡིག་ནོར་སྟར་ཕྲེང་བསྒྲིཊ་ཏེ་སྡེབ་མཁན་རིཊ།
རྩོམ་པ་པོ་རུ་རློམ་མཁན་ཇེ་མང་རེད།།
སེམས་ཀྱི་འཆར་སྒོ་འཚོ་བའི་ཉམས་མྱོང་རྣམས།།
ལྷན་ཅིག་བསྡེབས་ཏེ་སྤྱི་ཚོགས་ཕན་བདེའི་ཆེད།།
གོ་བདེ་དོན་ཟབ་རྩོམ་ལུས་འདྲ་མིན་གྱི།།
སྣ་ཚོགས་རྩོམ་རིགས་སྤེལ་མཁན་ཇེ་ཉུང་རེད།།
མཐོ་ལ་འཕྱ་སྨོད་དམའ་ལ་གཤེ་སྐུར་བྱེད།།
ཆོས་ལ་ལོག་མཐོང་སྲིད་ལ་འགྲེལ་ལོག་བྱེད།།
རང་ཕྱོགས་ལྷ་དང་གཞན་ཕྱོགས་འདྲེ་རུ་ལྟ།།
བདུད་ཀྱི་རལ་གྲིར་སྒྱུར་མཁན་ཇེ་མང་རེད།།
བྱས་པ་དྲིན་གཟོ་མཁས་པ་གོང་དུ་བཀུར།།
ཆོས་ཤེས་སྲིད་རྟོགས་སྤྱི་ཚོགས་དགེ་སྐྱོན་གླེང་།།
རང་གཞན་ཀུན་ཕན་སྣ་ཚོགས་བྱ་གཞག་གཉེར།།
གདོང་མཆོང་དཔའ་བོའི་རྗེས་འགྲོ་ཇེ་ཉུང་རེད།།
གཞན་ལ་མཚོན་ཆ་འཕེན་པར་ཤིན་ཏུ་མཁས།།
རང་ལ་གོ་ཁྲབ་གྱོན་པར་དེ་བས་མཁས།།
རང་གཞན་ཕུང་ལ་སྦྱོར་བྱེད་དམག་དཔོན་རིགས།།
རྩོམ་པ་པོ་རུ་རློམ་མཁན་ཇེ་མང་རེད།།
མཁས་མང་གཤེགས་པའི་ཤུལ་ན་སྤྲོ་བས་འཇུག།།
བཀའ་བསྟན་གཞུང་ལུགས་སྦྱོང་བར་བརྟུན་པ་བསྐྱེད།།
ཕྱི་ནང་རིག་གཞུང་ལྟ་བའི་བློ་མིག་སྲིང་།།
རྣམ་དཔྱོད་ལང་ཚོ་དར་བ་ཇེ་ཉུང་རེད།།
གོ་ལོ་ཐོས་ལོས་བློ་ཡིད་ཚིམས་པ་དང་།།
འབྲི་ཀློག་ཁྱར་ཁྱོར་ཙམ་གྱིས་རང་སེམས་གསོ།།
རང་གི་ངོམ་རྒྱུ་གཞན་ལ་སྟོན་རྒྱུའི་འབག།།
ཕྱི་རྫིག་ཁོག་སྟོང་གྱོན་མཁན་ཇེ་མང་རེད།།
ཕ་མེས་རིག་གཞུང་སྙིང་གི་ཟུངས་སུ་སྨིན།།
དེང་རབས་རིག་གསར་ཕྱི་ཡི་རྒྱན་དུ་བསུ།།
གནའ་དེང་ཟུང་འབྲེལ་དུས་རབས་ལང་ཚོ་ཡི།།
སྒེག་ཉམས་ངོམ་མཁན་གླིང་འདིར་ཇེ་ཉུང་རེད།།
ཁྱོད་ཀྱིས་དབྱིན་ཡིག་སྦྱོང་གིན་རང་ལམ་འཚོལ།།
ང་ཡིས་རྒྱ་ཡིག་སྦྱོང་གིན་ལྟོ་བ་གསོ།།
ཁོང་གིས་ཧྤ་ཡིག་སྦྱོང་གིན་ངོམ་གསོ་བྱེད།།
སྐད་ཡིག་སྣ་ཚོགས་སྦྱོང་མཁན་ཇེ་མང་རེད།།
བོད་སྐད་བོད་ཡིག་གླེང་གིན་འུར་སྒྲ་སྒྲོག།།
བོད་དོན་བོད་སྐོར་སྒྲུབ་ཀྱིན་འདུར་རྒྱུག་བྱེད།།
བོད་མིས་བོད་མིར་འཕྱ་གིན་ལོ་ཟླ་སྦྲེལ།།
བོད་པ་བོད་ལ་ཞེན་མཁན་ཇེ་ཉུང་རེད།།
ཕྱོགས་བཞིར་ཚོགས་པ་ཆེ་མ་ཆུང་གསུམ་མང་།།
སྤྱི་དོན་སྒེར་དོན་སྒྲུབ་མཁན་ཤིན་ཏུ་མང་།།
འཛམ་གླིང་ཕྱོགས་བཅུར་ལག་པ་སྲིང་མཁན་མང་།།
དོན་དམ་རྩ་དོན་སྒྲུབ་མཁན་ཇེ་ཉུང་རེད།།
གཞིས་ཆགས་སློབ་གྲྭ་དགོན་སྡེ་ཤིན་ཏུ་མང་།།
ཞིང་ལས་སློབ་གཉེར་བྱ་བར་གཞོལ་མཁན་ཉུང་།།
རེ་བའི་འདུན་པ་སྲིད་པའི་རྩེ་མོར་བསྙེགས།།
དོན་གྱི་འབྲས་བུས་སྟོངས་པ་ཇེ་མང་རེད།།
ཡུལ་གྱར་ལས་དབང་ལོ་ཟླ་ཤིན་ཏུ་རིང་།།
བདེན་དོན་འཐབ་རྩོད་དབུགས་ཐག་ཤིན་ཏུ་ཐུང་།།
རིང་ཐུང་འགལ་ཟླ་མང་བའི་མེ་ལོང་ནང་།།
སེམས་ལ་བདེ་སྐྱིད་ཚོར་མཁན་ཇེ་ཉུང་རེད།།
ས་མཐའི་མགྲོན་པོ་ནུབ་ལ་འཚང་ཁ་ཆེ།།
ནུབ་ཀྱི་གཡོག་པོ་བོད་ལ་འཚང་ཁ་ཆེ།།
མགྲོན་པོ་གཡོག་པོ་རྒྱུ་ལ་འཚང་ཁ་ཆེ།།
འཚང་ཁ་ཆེ་བའི་གཏམ་རྒྱུད་ཇེ་མང་རེད།།
རིགས་པའི་བློ་མིག་ཞར་བ་གཅིག་གཉིས་མིན།།
ལྷག་བསམ་སོལ་བར་བསྒྱུར་བ་གཅིག་གཉིས་མིན།།
སེམས་ཤུགས་དར་ཁ་འགྲིགས་པའང་གཅིག་གཉིས་མིན།།
ལྷད་མེད་རྩམ་གཟན་གདོང་དམར་ཇེ་ཉུང་རེད།།
རང་གི་གཏམ་སྙན་སྟོང་གསུམ་ཁྱོན་དུ་སྒྲོག།།
གཞན་གྱི་མཚང་རྡུལ་རི་རབ་ཟོལ་དུ་བཅོས།།
རང་ལྟ་མཆོག་འཛིན་ལྟ་བའི་སྲོག་ཏུ་གཅེས།།
དཔྱོད་ཤེས་བློ་མིག་བྲལ་བ་ཇེ་མང་རེད།།
ཕ་ཡུལ་ཕ་མའི་བཀའ་དྲིན་སྙིང་ནས་དྲན།།
ཕ་མེས་ཕ་སའི་ལོ་རྒྱུས་མིག་ལ་འཆར།།
ཕ་རྒོད་ཕ་མའི་ཞལ་ལུང་སེམས་ལ་ཉར།།
ཕ་ཡུལ་ཕ་མ་བསམ་ན་རིག་པ་སྒྲིམས།།
ཇེ་མང་ཇེ་ཉུང་གཏམ་རྒྱུད་ཐར་ཐོར་རྣམས།།
གོ་ལའི་རྣ་བས་ཐོས་ཤིང་མིག་གིས་རིག།།
སེམས་ཀྱིས་བསམ་རྗེས་སེམས་ཀྱིས་ལེགས་པར་སོམས།།
སེམས་ངོ་འཕྲོད་རྗེས་སྙིང་གར་དོགས་གཟོན་མཛོད།།
ང་ཡི་བསམ་གཞིགས་ཀློང་ནས་ཐོལ་གྱིས་བྱུང་།།
ཁྱེད་ཀྱི་སྤྱན་ཟུང་སྤྱི་ཚོགས་སྟེང་དུ་གཟིགས།།
ཁོང་གིས་བསམ་ཚེ་དུས་གསུམ་ལུང་བསྟན་ཡིན།།
བསེ་རུ་སྨྱོ་བའི་སྨྱོ་གཏམ་ཡིན་མིན་གཟིགས།།
བདེན་པའི་གཏམ་རེ་ཐོས་དུས་ཐོག་རེ་འཁྱུག།
ཟབ་པའི་ལུང་རེ་གོ་དུས་གུས་པས་འདུད།།
བསེ་རི་བདེན་པ་སྟོན་པའི་གསེར་བུ་ཁྱོད།།
ཉིན་བྱེད་བཞིན་དུ་ཉིན་ལྟར་བཀྲག་བ་ཤོག།
བསེ་རུ་ཁེར་གཅིག་ནགས་ཀྱི་ཀློང་རུམ་ནས།།
བདེན་པའི་སྐད་འབོད་བསྒྲགས་པས་གོ་ལར་ཁྱབ།།
འདི་འདྲའི་ངོ་མཚར་གཏམ་གྱི་ལེགས་བཤད་འདི།།
བསམ་ཞིང་བསམ་ན་དངོས་བྱུང་གློག་བརྙན་ཞིག།
རྩོམ་པ་པོ་རུ་འདོད་ན་རང་དབང་རེེད།། སེམས་ན་གང་ཤར་བྲིས་ན་རང་མོས་རེད།། རང་འདོད་བློ་ལ་བཀག་རྒྱ་བཟུང་བ་ནི།། རྗེས་ལུས་ཕྱོགས་སུ་ཁྲིད་པའི་སྔ་ལྟས་རེད།། རྩམ་མཁན་ཕྲག་དོག་ཟ་ན་སྡུག་གྱོང་རེད།། བསམ་ཚེ་མཐུན་པ་མེད་ན་ཆོས་ཉིད་རེད།། ཆོས་གྲུབ་ལས་ལ་རྒོལ་རྡུང་བྱེད་པ་ནི།། བསེ་རུ་རླུང་ནད་སླང་བའི་རྒྱུ་རུ་གྱུར།། སེནས་ཀྱི་བདེ་བ་འདོད་ན་བསམ་ཤེས་བཏང་།། རྣམ་དཔྱོད་གྲོགས་སུ་བསྟེན་ཏེ་བཟོད་པ་སྒོམ།། སྐྱེས་སྦྱང་རིག་སྟོབས་ཞན་པའི་སྐྱེས་བུ་ཚོས།། ཅི་ཙམ་བཙལ་ཡང་སེམས་བདེ་རྙེད་དུ་དཀོན།།
བསེ་རུའི་སྙིང་གཏམ་ཇེ་མང་ཇེ་ཉུང་འདི། སྙིང་ཉེ་གྲོགས་ཀྱི་སྙིང་ལ་ཟུག་པ་དགའ།
བསེ་རུས་མང་ཉུང་གི་རྒྱུད་སྐུད་ལ་རྒྱུས་ནས་རང་ཉིད་ཀྱི་སེམས་ཀྱི་ཟབ་ས་ན་མཆོང་ལྡིང་བྱེད་ཀྱིན་པའི་གྲག་འགུལ་ཡོད་ཚད་མང་ཉུང་གི་ཚིག་འདིས་མཚོན་པར་བྱས་ཡོད་དམ།
ངོ་མས་འཇིགས་གི། མགོ་ལ་སྟ་རེས་གཞུས་པ་འདྲ་བོ་རེད། ཨ་ཨ་་་་་
བོད་པ་ཚང་གི་མེར་སྲེགས་དོན་རྐྱེན་ལ། །འཛམ་གླིང་བརྒྱབ་སྐྱོར་བྱེད་མཁན་ཇེ་ཉུང་རེད། །
རྒྱ་ནག་གཞུང་གི་དཔལ་འབྱོར་རླུང་འཚུབ་དེ། །འཛམ་གླིང་གང་སར་བསྐྱོད་པའི་ཉེར་འབྲས་རེད། །
དྲ་གྲོགས་ཚོ། རང་དབང་ཨ་རྡུ་མན་ཟེར་ཡ་འདི་རྒྱ་མིའི་རྒྱུག་གམ་དོལ་རྒྱལ་ཚོགས་པ་གང་རུང་ཞིག་ཡིན་ཐག་
ཆོད་རེད་འདུག་པས། ཁོ་ལ་ཡ་མ་བྱེད་རོགས། ཁ་བརྡ་རྩོམ་སྒྲིག་པས་མཆན་འདེབས་ཚུལ་ལ་ཐབས་ཇུས་གསར་
བ་རེ་རག་ན་འདི་དག་འགོག་ཐབས་གནང་རོགས།
བསེ་རུས་ག་ཡིག་རྗེས་སུ་ཤད་ཉིས་ཤད་ཀྱང་བྲིས་འདུག འདི་ནོར་འཁྲུལ་ཡིན་ནམ་ཡང་ན་བསེ་རུའི་གསར་བཏོད་ཡིན།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ལ་ལྟ་བའི་མེ་ལོོང་དགོས།། ཞེས་པའི་གཏམ་དཔེ་འདི་བསུ་རུས་ཐོས་མྱོང་མི་འདུག
ཡ་རབས་བོད་པ་ལྟ་ཅི་གཞན་ཡུལ་གྱིའང་།
རྣམ་དཔྱོད་ལྡན་པས་བསེ་རུའི་བདེན་གཏམ་ཉན།
མ་རབས་རྣམས་ཀྱི་རྣ་བར་མི་འགྲོ་ཞིང་།
བླང་དོར་སྤང་བླང་བྱེད་མཁན་ཤིན་ཏུ་དཀོན།།
བསེ་རུའི་རྣམ་དཔྱོད་རྩལ་ལས་འཁྲུངས་པ་ཡི།།
རྩོམ་གྱི་དྭངས་མ་ཇེ་མང་ཇེ་ཉུང་འདིའི།།
དོན་གྱི་གོ་བ་ཇེ་བཟང་ཇེ་ལེགས་རེད།།
ཚིག་གི་སྦྱོར་བ་ཇེ་བདེ་ཇེ་སྙན་རེད།།
རྩོམ་ཡིག་འབྲི་ན་བསེ་རུའི་རྩོམ་ལྟར་བྲིས།།
རྣམ་དཔྱོད་འདོན་ན་བསེ་རུ་བཞིན་དུ་འདོན།།
དེ་ལྟར་གནང་ན་རྩོམ་ལ་དགའ་མཁན་ཚོར།།
ལེགས་རྩོམ་བུ་ཆུང་འཁྲུངས་པ་ཇེ་མང་སྙམ།།
བདེན་གཏམ་ལེགས་བཤད་སྙིང་པོ་དེས། །
མི་ངན་རྣམས་ཀྱི་སེམས་ལ་ཟུག །
བཟང་པོ་རྣམས་ཀྱི་རྣ་ལ་སྙན་། །
བསེ་རུའི་བསྟན་པ་རྒྱས་འགྱུར་ཅིག །
ལོ་མ་ལྗང་ཁུ་ལགས་ཀྱིས་གསུངས་པ་ལྟར།
ག་ཡིག་གི་རྗེས་སུ་ཉིས་ཤད་བྲིས་པ་དེ་ནི་ངས་ནོར་བར་ངོས་འཛིན་ཞུ་གི་ཡོད།
ཚིགས་བཅད་ག་མཐར་ཆིག་ཤད་བྱ། །ཞེས་ཆུང་དུས་ནས་བློ་ལ་ཆུ་རྒྱུགས་པ་ལྟར་བསྐྱོར། ད་ལྟ་ལག་ནས་འདི་འདྲ་བྲིས་སྟབས་ནོར་འཁྲུལ་ངོས་ལེན་ཞུ་བཞིན་ཡོད།
འདི་ནི་དེང་སྐབས་ཡོངས་ཁྱབ་སྤྱོད་མུས་ལྟར་ངོས་ལེན་ཞུས་པ་ཞིག་ཡིན། “ནོར་འཁྲུལ་ངོས་ལེན་མེད་པའི་མི་དེར་ནམ་ཡང་ཡར་རྒྱས་མེད་”ཅེས་པ་ནི་ཁོ་བོའི་མི་ཚེའི་ཉམས་ལེན་གྱི་གནད་ཅིག་ཀྱང་ཡིན།
ཡང་གསལ་བཤད་ཞུ་རྒྱུར། སྔར་གྱི་དཔེ་རྙིང་ཤིང་པར་དུ་འཁོད་པའི་རིགས་མང་པོ་ཞིག་གི་ནང་དུ། ཚིགས་བཅད་ག་མཐར་ཉིས་ཤད་བྲིས་པ་དེ་ཧ་ཅང་མང་། དེ་ནི་སྐབས་དེའི་ཚེ་དེའི་དུས་ཀྱི་ཤད་ཀྱི་བེད་སྤྱོད་གནང་སྟངས་ཤིག་རེད་འདུག
དེ་ནི་མཁྱེན་རྟོགས་ཙམ་གྱི་ཆེད་དུ་ཡིན་པས། རང་ལུགས་ཀྱི་སྒྲུབ་བྱེད་དུ་འདིར་འདྲེན་གྱི་མེད།
ད་དུང་གོང་འཁོད་མཆན་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
ཚང་མས་བོད་ཀྱི་ལས་དབང་ལ་བསམ་གཞིགས་གནང་རྗེས། རང་རང་གི་ས་ནས་འཕག་འཚག་རེ་བསྐྱོན་རོགས་གནང་ཞུ་རྒྱུ་ཡིན། །
བསེ་རུས་བྲིས་པའི་གསེར་ཡིག་འདྲ་བ་ཡི།།
སྙན་རྩོམ་སྙན་མོར་མིག་ཤར་གཅིག་རྒྱབ་པས།།
ད་གཟོད་རྒྱལ་ཞེན་དང་ནི་སྤྱི་སེམས་གཉིས།།
ཆེ་བའི་དཔང་རྟགས་མ་བརྗོད་ངང་གིས་ཐོན།།
ཚིག་བཞི་བྲིས་ན་བསེ་རུས་འཕྱ་སྨོད་བྱེད།
བཀའ་བསྟན་འབྲི་བའི་ངལ་བ་སུ་ལ་ཡོད།
ཡོད་ཚད་སྐྱོན་དུ་མཐོང་བའི་བསེ་རུ་འདིས།།
ས་སྟེང་འདི་ནས་དཔའ་རྟགས་བཞག་ན་འདོད།
ཁ་ནོར་ཚིག་ནོར་ཅན་གྱི་དྲ་འབུའི་ཚོགས།།
ཁ་རྒྱལ་མགོ་རྒྱལ་བུད་པའི་གཅེས་ཕྲུག་ཡིན།
ཀ་ངོ་ཚག་ངོ་ཟིན་པའི་མཁས་མིན་ཚོ།།
ཁ་སྡུག་རྣ་སྡུག་བྱེད་པའི་གཏེ་བོ་ཡིན།
དད་ལྡན་མཁས་མཛངས་སྙིང་སྟོབས་དང་། །
ཡ་རབས་བཟང་སྤྱོད་ཀུན་ལ་དགོས། །
དད་མེད་ལྟ་ལོག་སྡར་མ་དང་། །
མ་རབས་སྤྱོད་ངན་སུ་ལ་མཁོ། །
ལ་ལས་སྤྱི་ཚོགས་མེ་ལོང་ཟེར།།
ལ་ལས་རང་སྐྱོན་འཕྱར་མཁན་ཟེར།།
ལ་ལས་སྙིང་གི་གཙག་བུ་ཟེར།།
ལ་ལས་གདམས་ངག་རིལ་བུ་ཟེར།།
ལ་ལས་མེ་ལོང་ཆག་འདུག་ཟེར།།
ལ་ལས་རང་མགོ་བཏེགས་འདུག་ཟེར།།
ལ་ལས་སྙིང་ཁ་གཤག་འདུག་ཟེར།།
ལ་ལས་རིལ་བུ་མཁོ་ཞེས་ཟེར།།
ཁམས་དང་མོས་པ་ཁྲི་མ་འབུམ།།
སེམས་དང་བསམ་པ་མཐུན་པ་དཀོན།།
མཐུན་སྣང་མེད་པའི་འཇིག་རྟེན་འདིར།།
མཐུན་ཆོས་བསེ་རུས་འཇོག་མི་ཐུབ།།
བསེ་རུ་ལགས། སྔར་གྱི་དཔེ་རྙིང་ཡོད་ཚད་མཚན་མ་འཛིན་དགོས་དོན་མེད། སྡེ་དགེའི་པར་ཁང་དང་ཞོལ་པར་ཁང་གཉིས་ཀྱི་དཔེ་རྙིང་ལ་ག་ཡིག་མཐར་ཉིས་ཤད་བྲིས་འདུག་པ་ཁྱེད་ཀྱིས་མཐོང་ན་ལེགས་པར་དཔྱད་པར་འཚལ།
དེ་མིན་དཔེ་རྙིང་ཡོད་ཚད་ལ་ཧ་ལས་མི་དགོས་ང་ད་བར་རྙིང་དང་འགྲོག་ནས་ཡོང་ཡོད།།
དྷ་སའི་ཆར་ཞོད་ཇེ་མང་ཇེ་མང་རེད།།
དྷ་སའི་གད་སྙིགས་ཇེ་ཉུང་ཇེ་ཉུང་རེད།།
དྷ་སའི་ཟོག་གོང་ཇེ་ཆེ་ཇེ་ཆེ་རེད།།
དྷ་སའི་འབོད་སྒྲ་ཇེ་ཆུང་ཇེ་ཆུང་རེད།།