གནས་ཚུལ་གཏོང་མཁན། རྨེའུ་དཀོན་རྒྱམ།
དུས་རབས་ཉི་ཤུ་བའི་དུས་དཀྱིལ་ནས་བཟུང་། རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་དང་བོད་ཡུལ་སྟོད་སྨད་བར་གསུམ་དུ་དྲག་རྒོལ་དང་བཙན་འཛུལ་རིམ་པར་བྱས་སྟབས། བོད་མི་ཁྲི་བརྒྱ་དང་ཉི་ཤུ་བརྒལ་བ་དམར་གསོད་བཏང་ཞིང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་རིན་ཐང་ལྡན་པའི་བོད་ཀྱི་རིག་གཞུང་དང་དགོན་སྡེ་སྟོང་ཕྲག་མང་བོ་གཏོར་བཤིག་བཏང་བ་མ་ཟད། བོད་ཁྱོན་ཡོངས་དབང་བསྒྱུར་གྱིས་མཐར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་གིས་དབུས་བོད་འབངས་འབུམ་ཕྲག་གཅིག་ལྷག་མི་འདོད་བཞིན་རང་ཡུལ་བཞག་ནས་བཙན་བྱོལ་དུ་གྱར་དགོས་བྱུང་བའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་དུས་ནམ་ཡང་བརྗེད་ཐབས་ག་ལ་ཡོད།
ཡིན་ན་འང། རྒྱ་དམར་སྲིད་གཞུང་གི་གཏིང་གནག་པའི་སྲིད་ཇུས་ཀྱིས་ཇི་ལྟར་བཙན་གནོན་བྱས་ཀྱང་། མི་རིགས་ཀྱི་རང་དབང་དང་ཞི་བདེ། ཐོབ་ཐང་བཅས་ཀྱི་རིན་ཐང་ལ་གོ་རྟོགས་དང་ལག་ལེན་ཟབ་པའི་མི་རབས་གསར་པ་རྣམས་ཀྱིས། ཡབ་མེས་གོང་མ་དང་མི་ཐོག་རྒན་པ་རྣམས་ཀྱིས་ཚེ་སྲོག་གཏའ་མར་བཞག་ནས་དགྲ་རྒོལ་འཐབ་རྩོད་ཀྱི་རྒྱུན་དེ་མུ་མཐུད་རྒྱུན་འཁྱོངས་དང་། དེ་བས་སྔར་ལས་ཀྱང་ཤུགས་ཆེར་དང་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་ཚད་མཐོའི་འཚེ་མེད་ཞི་བའི་ལས་འགུལ་གྱི་ངོ་བོར་འཕོས་པའི་དཔེ་མཚོན་ནི།
ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་བོད་ནང་གི་ཨ་མདོ་རྔ་བ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་བ་ནས་བཟུང་ད་ལྟའི་བར་ལོ་ངོ་ཧྲིལ་བོ་ལྔ་འཁོར་བའི་ནང་ཤེས་རྟོགས་ཐུབ་པའི་བོད་མི་བརྒྱ་དང་ཉི་ཤུ་རྩ་བདུན་གྱིས་བོད་དང་བོད་མིའི་ཆེད་དུ་རྒྱ་གཞུང་གི་སྲིད་བྱུས་གདུག་རྩུབ་ཅན་ལ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་དང་གནང་བཞིན་པ་འདིས། བོད་ཐོག་འཛིན་གྱིན་པའི་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་དེར་ནམ་ཡང་མགོ་མི་སྒུར་བའི་དཔེ་མཚོན་གསལ་ཤོས་ཡིན་ལ། རྒྱ་གཞུང་གིས་བོད་མི་རིགས་དང་དེའི་ངོ་བོ་མཚོན་བྱེད་ཀྱི་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་ངན་བྱུས་སྤེལ་མཚམས་མ་བཞག་ཚེ། མ་འོངས་པའི་བོད་ཀྱི་བདེན་དོན་འཐབ་རྩོདཀྱི་ངོ་བོ་ཅི་འདྲ་ཞིག་ཆགས་རུང་དེའི་འགན་འཁྲི་ཆ་ཚང་རྒྱ་ནག་གཞུང་གིས་འཁྱེར་དགོས་པ་དང་།
རྒྱ་གཞུང་གི་སྡུག་རྩུབ་ཀྱི་སྲིད་བྱུས་འགེབས་སྲུང་གི་ཆེད་དུ་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་མཁན་ཚོར་མ་ཉེས་ཁ་གཡོག་གི་བསྙོན་འཛུགས་སྣ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་བསླུ་ཐབས་བྱས་དང་བྱེད་མུས་ཡོད་རུང་། རང་དབང་དང་མང་གཙོའི་དཔལ་ཡོན་ལ་ལོངས་སུ་སྤྱོད་བཞིན་པའི་རྒྱལ་སྤྱིའི་སྤྱི་ཚོགས་མགོ་བསྐོར་གཏོང་འདོད་པ་ནི་རྨི་ལམ་ཡིན་པ་མ་ཟད། ལྷག་པར་བོད་མིའི་ཕྱོགས་ནས་ཀྱང་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་མཁན་རྣམས་ཀྱི་བློས་གཏོང་དང་ཆོད་སེམས་དེ་བོད་མི་ས་ཡ་དྲུག་གི་དཀའ་སྡུག་ཞི་བའི་སྒོ་ནས་སེལ་ཐབས་དང་དྲང་བདེན། རང་དབང་བཅས་ཀྱི་ཆེད་དུ་ཡིན་པ་མྱོང་བས་ངོས་འཛིན་དང་གསལ་བཤད་བྱེད་ཐུབ།
མཇུག་མཐར། དེ་རིང་བོད་ནང་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་ནས་ལོ་ངོ་ཧྲིལ་བོ་ལྔ་འཁོར་བའི་དུས་དྲན་ནི་ཇེ་འབར་དུ་འགྲོ་བཞིན་པའི་མེ་དཔུང་ཁྲོད་ཀྱི་བོད་ཅེས་ངོས་འཛིན་ཞུས་པ་དང་སྟབས་བསྟུན། བོད་མི་རྣམས་ལ་འབོད་སྐུལ་ཞུ་རྒྱུར། དུས་རྟག་ཏུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞལ་ཆེམས་སྙིང་ལ་བཅིངས་ཏེ་སྔར་ལས་ཆིག་སྒྲིལ་དང་། རིག་གཞུང་སྲུང་སྐྱོབ། ཞི་བའི་འཐབ་རྩོད་བཅས་ཀྱི་ནུས་ཤུགས་ཇེ་ཟབ་ཏུ་གཏོང་གནང་རོགས་ཞུ་རྒྱུ་དང་། དེ་མཚུངས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་བཅས་ཀྱིས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་མྱུར་དུ་གཏོང་ཐབས་ལ་འབད་རོགས་ཞེས་འབོད་བསྐུལ་ཞུ་ཡི་ཡོད་ལ། ལྷག་པར་དུ་རྒྱ་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་དེ་ནོར་འཁྲུལ་ཡིན་པ་ངོས་ལེན་བྱས་ཏེ་ངེས་པར་དུ་བོད་མིའི་མངོན་འདོད་ལྟར་བོད་ཀྱི་གནད་དོན་སེལ་དགོས།
བོད་ནང་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་ནས་ལོ་ངོ་ཧྲིལ་བོ་ལྔ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་གོ་སྒྲིག་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ།
འབྲེལ་མཐུད་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས།
ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༧ ཉིན།
རྨེའུ་དཀོན་རྒྱམ། Kungam
(སྤྱི་ཁྱབ་དྲུང་ཆེ། General Secretary)
《བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།》
GU-CHU-SUM Movement of Tibet
(Ex-political Prisoners’ Association)
Office, Mcleod Ganj Dharamsala
(HP) 176219 India
Tel: (+91)01892-220680/ 221379
www.gu-chu-sum.org
E-mail: guchusum1991@gmail.com
ལག་ཁྱེར་ཁ་པར་ཨང་གྲངས། 9816356766
གློག་འཕྲིན་ཁ་བྱང་། kungam2000@gmail.com
ཁྱོད་ཀྱིས་བློ་གསལ་དང་དྲན་གསོ་བྱས་པ་བཀའ་དྲིན་ཆེ། འདི་ནི་ངེས་པར་ཏུ་རྗེས་དྲན་སྲུང་བརྩི་བྱེད་དགོས་པའི་དུས་ཆེན་ཞིག་རེད།
ཅི་ཡང་མི་འཇོན་པའི་བཙན་བྱོལ་བ་ཚོས་ཁྱི་སྐད་འུར་འུར་དུ་བསྒྲགས་པའི་རྐྱེན་ལས་བོད་ནང་གི་བོད་ཕྲུག་གླེན་པ་བརྒྱ་ཕྲག་ལྷག་གིས་གཅེས་སྲོག་མེར་བསྲེགས་ནས་ཆུད་ཟས་སུ་བཏང་ཟིན། ཡོལ་རྒྱབ་ཀྱི་མི་གསོད་ལག་དམར་ཟེར་བའི་མིང་དེ་སུ་ལ་འབབ་མིན་ལའང་བསམ་བློ་གཏོང་རན་རེད། དེ་རིང་ལག་དམར་གྱི་མིང་དེ་གཞན་ལ་དཀྲི་ཐབས་བྱེད་ཆོག་མོད། ནམ་ཞིག་ལོ་རྒྱུས་གྱི་མེ་ལོང་ནས་རང་གཟུགས་དངོས་དེ་གསལ་རྗེན་དུ་འཆར་འོངས། མི་གསོན་པོ་མེར་བསྲེགས་ནས་དོན་དག་ཐག་གཅོད་ཐུབ་ན་བོད་དོན་འདི་མི་ལོ་དྲུག་བཅུར་ཉེ་བར་མདུན་སྐྱོད་སྤུ་ཙམ་མེད་པར་འདུག་དགོས་སམ། སྙིང་རྗེའི་བདག་པོ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རང་གིས་མངའ་འབངས་བརྒྱ་ཕྲག་ལྷག་མེར་བསྲེགས་དུས་མཚམས་འཇོག་གི་འབོད་སྐུལ་གསལ་གསལ་ཐིང་ཐིང་ཞིག་གནང་མི་འོང་བ་དེ་ཅི་ཡིན་ནམ། ཚེ་སྲོག་ལ་རྡོག་རོལ་བཏང་སོང་ཟེར་ན་ཁྱི་ཕྲུག་སྐོར་ཞིག་གིས་སངས་རྒྱས་ལ་སྐུར་བ་བཏབ་སོང་ཟེར་མི་ཡོང་ངམ།