རེ་མདོ་སེངྒེ་ཡིས་འོས་སྦྱོར་ཞུས།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༠ ཚེས་ ༩ ཉིན།
༄༅།། དཔལ་༸རྒྱལ་བ་ཇོ་ནང་བའི་༸རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་འཆང་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་གཙོས་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་དང། རང་གཞུང་ཆོས་དོན་བཀའ་བློན་མཆོག་གིས་གཙོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་པ་རྣམ་པ། དེ་རིང་ཁྲི་སྟོན་མཛད་སྒོ་འདིའི་ཐོག་ཆེད་དུ་ཕེབས་པའི་སྐུ་མགྲོན་རྣམ་པ་དང་མི་མང་ལྷན་རྒྱས་ལ་ཐོག་མཪ་ངས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་དཔལ་༸རྒྱལ་བ་ཇོ་ནང་བའི་༸རྒྱལ་ཚབ་རིན་པོ་ཆེའི་ཁྲི་སྟོན་གྱི་མཛད་སྒོ་འདི་བརྒྱུད་ནས་བོད་གཞིས་བྱེས་གཉིས་སུ་འཁོད་པའི་ཇོ་ནང་བའི་ཆོས་བརྒྱུད་འཛིན་པ་ཡོངས་རྫོགས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ང་རང་སྒེར་གྱི་གནས་སྟངས་ངོས་ནས་ཞུས་ན་བར་སྐབས་ནས་བཟུང་གཟུགས་པོ་བདེ་པོ་དེ་ཙམ་མེད་དུས་མཛད་སྒོ་དང་ཚོགས་འདུ་ཁག་ལ་ཡོང་རོགས་ཟེར་མཁན་ཚོར་ངའི་གཟུགས་པོ་བདེ་པོ་མི་འདུག་ཅེས་དགོངས་པ་ཞུ་གི་ཡོད། དཔེར་ན། ཉེ་ཆར་བོད་ཀྱི་སྨན་རྩིས་ཁང་གི་སེམས་དང་སྲོག་གི་བགྲོ་གླེང་གི་མཛད་སྒོ་ལ་ཡོང་རོགས་ཞེས་གསུང་བྱུང་ཡང་ངའི་གཟུགས་པོ་བདེ་པོ་མི་འདུག་ཅེས་དགོངས་པ་ཞུས་པ་ཡིན། ཡིན་ནའང་རྣམ་པ་ཚོས་ང་ལ་དེ་རིང་འདིར་ཡོང་རོགས་ཞེས་བཀའ་ནན་གནང་གི་འདུག་པས་དེང་སང་༸རྒྱལ་བ་ཇོ་ནང་བའི་བསྟན་པ་ཆོས་བརྒྱུད་འདི་ཅུང་ཉག་ཕྲ་བའི་སྐབས་ཡིན་དུས་རྣམ་པ་ཚོ་ལ་རྒྱབ་སྐྱོར་ཞུ་བའི་དོན་དུ་དེ་རིང་འདིར་དངོས་སུ་བཅར་བ་ཞིག་ཡིན།
ང་ཕྱི་ལོ་ ༡༩༨༤ ལོར་ཕ་ཡུལ་ལ་ལྟ་སྐོར་དུ་ཕྱིན་པའི་སྐབས་རྔ་སྟོད་རྩི་ནང་དགོན་པ་ལ་སོང་བ་དེ་ནི་ངའི་མི་ཚེའི་ནང་གི་ཇོ་ནང་དགོན་པ་ཞིག་ལ་བཅར་བ་ཐེངས་དང་པོ་དེ་ཡིན། སྐབས་དེར་རྔ་སྟོད་རྩི་ནང་དགོན་པས་ང་སྦྱོར་དྲུག་གི་ཁྲིད་ཁང་ནང་རང་དུ་གདན་འདྲེན་ཞུས་ཏེ་སྣེ་ལེན་གནང་བྱུང། སྐབས་དེར་ངས་ཁོང་ཚོར་༸རྒྱལ་བ་ཇོ་ནང་གི་བསྟན་པ་ཉག་ཕྲ་བའི་སྐབས་འདིར་༸རྒྱལ་བ་ཇོ་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བསྐྱར་གསོ་གནང་ཐུབ་དང་མི་ཐུབ་ནི་གཙོ་བོ་ཇོ་ནང་བ་ཁྱེད་ཚོ་ལ་རག་ལས་པ་ཞིག་རེད། གལ་ཆེ་ཤོས་༸རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་དང་བསྟན་པ་འདི་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པ་ཞིག་ཡིན་དུས་ཇོ་ནང་བ་སོ་སོའི་ངོས་ནས་འདིའི་ཐོག་གང་ཐུབ་ཅི་ཐུབ་གནང་དགོས་པ་ཞིག་རེད་ཅེས་འབོད་སྐུལ་ཞུས་པ་ཡིན། སྤྱིར་རྔ་པ་ཁུལ་ལ་ཇོ་ནང་བའི་དགོན་པ་མང་པོ་ཡོད་ཀྱང་ངའི་སྐུ་ཕྲེང་གོང་མ་ཚོ་ཇོ་ནང་གི་དགོན་པ་དེ་ཚོའི་ནང་ཕལ་ཆེར་ཕེབས་མྱོང་ཡོད་པ་མ་རེད། ང་བོད་ལ་ལྟ་སྐོར་དུ་འགྲོ་བའི་སྐབས་དེར་རྔ་པ་ཁུལ་གྱི་ཇོ་ནང་གི་དགོན་པ་ཡོངས་རྫོགས་ཀྱིས་ང་ལ་ཡོང་རོགས་ཞེས་གསུངས་པ་བཞིན་ང་རྔ་པ་ཁུལ་གྱི་ཇོ་ནང་གི་དགོན་པ་ཡོངས་རྫོགས་ཀྱི་ནང་དུ་འགྲོ་རྒྱུའི་གོ་སྐབས་བྱུང་།
སྤྱིར་ཇོ་ནང་གི་དགོན་པ་མང་པོ་ཞིག་ང་དང་ལུང་པ་གཅིག་པ་སྟེ་ས་ཕྱོགས་གཅིག་གི་ནང་དུ་གནའ་སྔ་མོ་ནས་གཞིས་ཆགས་ཏེ་གནས་པ་ཞིག་རེད། ང་ཚོའི་ས་ཁུལ་དུ་ཇོ་ནང་བའི་དགོན་པ་མང་པོ་ཡོད་པ་ཙམ་དུ་མ་ཟད་མཚན་ཉིད་ཀྱི་བཤད་གྲྭ་ཡོད་པའི་དགོན་པ་ཡང་ཁ་ཤས་ཤིག་ཡོད། ཇོ་ནང་གི་དགོན་པ་དེ་དག་ཤིན་ཏུ་ཡག་པོ་དང་ཉམ་ཆུང་ཚུལ་མཐུན་ཅན་ཤ་སྟག་ཡིན། ཇོ་ནང་བ་དང་ང་ཚོའི་བར་གྱི་འབྲེལ་བ་ནི་ཡུལ་ཕྱོགས་གཅིག་དང་ལུང་པ་གཅིག་པ་སྟེ་ཕ་ཡུལ་གཅིག་པའི་འབྲེལ་བ་ཙམ་དུ་མ་ཟད། ཇོ་ནང་ཆོས་བརྒྱུད་དང་ང་ཚོའི་བར་གྱི་འབྲེལ་བ་ནི་གནའ་སྔ་མོ་སྔ་མོ་ནས་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན་དུས། རྣམ་པ་ཚོས་ང་ལ་ཇོ་ནང་༸རྒྱལ་ཚབ་ཁྲི་སྟོན་གྱི་མཛད་སྒོའི་ཐོག་ཡོང་རོགས་ཞེས་རེ་བ་བརྒྱབ་པ་བཞིན་དེ་རིང་འདིར་དངོས་སུ་བཅར་བ་ཡིན།
སྤྱིར་རྔ་པ་ཁུལ་དུ་ཆོས་བརྒྱུད་རིས་མེད་ཀྱི་དགོན་ཆེན་མང་པོ་ཞིག་མཉམ་དུ་འཛོམས་ནས་ཡོད་པ་ཞིག་རེད། ཕྱི་ལོ་ ༡༩༨༤ ལོར་ང་བསེ་དགོན་པར་འགྲོ་བའི་སྐབས་བསེ་དགོན་པའི་བླ་མ་བགྲེས་པ་རྣམ་པ་གཉིས་ཀས། གནའ་སྔ་མོ་ང་ཚོའི་དགོན་པ་ཁག་གི་བར་དུ་འབྲེལ་བ་དེ་ཙམ་མེད་ནའང་མ་འོངས་པར་ང་ཚོ་དགོན་གོང་འགབ་ལྟ་བུ་ཡིན་ཞེས་བཀའ་གནང་གི་འདུག བླ་མ་རྣམ་པ་གཉིས་ཀས་བཀའ་གནང་བ་བཞིན་དེང་སང་གི་དུས་ལ་ཆ་བཞག་ན་རྔ་པ་ཁུལ་གྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་པ་གོང་འོག་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱི་ངང་ནས་གནས་དང་གནས་བཞིན་པ་ཞིག་རེད། ཕ་ཡུལ་དུ་ཀིརྟིའི་དགོན་ཁག་གི་ཚད་མའི་དགུན་ཆོས་ཆེན་མོ་དང། མཁས་པའི་བགྲོ་གླེང་སོགས་ཚོགས་པའི་སྐབས་ཇོ་ནང་བའི་མཁས་པ་རྣམས་གདན་འདྲེན་ཞུས་ཏེ་ང་ཚོ་མཉམ་རུབ་ཀྱི་ཐོག་ནས་བསྟན་པ་ལ་བྱ་བ་སྒྲུབ་ཐུབ་པར་འབད་བརྩོན་གནང་དང་གནང་བཞིན་པའི་སྐབས་ཡིན། མདོར་བསྡུས་ན། ཕ་ཡུལ་དུ་ཇོ་ནང་བ་དང་ང་ཚོའི་བར་གྱི་འབྲེལ་བ་ཤིན་ཏུ་ཡག་པོ་ཡོད་ཅེས་ཞུ་འདོད་བྱུང།
༸རྒྱལ་ཚབ་རིན་པོ་ཆེ་སྔོན་མ་ནས་ངོ་ཕྲན་བུ་ཤེས་ཀྱི་ཡོད། སྐབས་ཤིག་ནས་ངོ་ཤེས་ཡག་པོར་ཆགས་སོང། རིན་པོ་ཆེ་ཁོང་སྔོན་མ་ནས་ཉམ་ཆུང་ཚུལ་མཐུན་ཤིན་ཏུ་ཡག་པོ་གནང་མཁན་གྱི་མི་ཞིག་རེད། ད་ཐེངས་༸རྒྱལ་ཚབ་ཐེངས་གཉིས་པ་ལ་ཕེབས་ཡིན་དུས་མ་འོངས་པར་༸རྒྱལ་ཚབ་རིན་པོ་ཆེའི་ངོས་ནས་ཇོ་ནང་གི་བསྟན་པ་སྤྱི་ལ་ཕན་ཐོགས་ཡག་པོ་ཞིག་ཡོང་གི་རེད་སྙམ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།
ཐོག་མར་སིམ་ལར་ཡོད་པའི་དགོན་པ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་བ་ལ་གསོལ་རས་གནང་སྟེ་རྒྱ་གར་ནང་དུ་ཇོ་ནང་བའི་དགོན་པ་ཐེངས་དང་པོར་གསར་འཛུགས་གནང་བ་རེད། སྐབས་དེར་༸རྒྱལ་བ་ཇོ་ནང་བའི་དགོན་པ་རྒྱ་གར་ས་ཐོག་ཏུ་ཐོག་མར་འགོ་འཛུགས་བྱེད་མཁན་གྱི་གྲྭ་པ་མང་ཆེ་བ་ང་དང་ཕ་ཡུལ་གཅིག་པ་ཤ་སྟག་ཡིན། སྐབས་དེར་དགོན་པ་ཤིན་ཏུ་ཆུང་ངུ་ལས་མེད་ཀྱང། རྣམ་པ་ཚོས་སྐུ་ལས་རིམ་པར་བསྐྱོན་པ་ལ་བརྟེན་ནས་དེང་སྐབས་བོད་ཀྱི་ཕྱི་ལོགས་ལ་ཇོ་ནང་བའི་དགོན་པ་དང་བསྟན་པ་ཡར་རྒྱས་འགྲོ་དང་འགྲོ་བཞིན་པའི་སྐབས་ཤིག་རེད། ཕྱི་རྒྱལ་ཁག་ཏུ་ཡིན་ན་ཡང་ཆོས་ཚོགས་དང་དགོན་པ་སོགས་བཞེངས་ནས་དེང་སང་ཇོ་ནང་བའི་གནས་སྟངས་ཡག་པོར་འགྱུར་བཞིན་པའི་སྐབས་རེད། ཕ་ཡུལ་བོད་ནང་དུ་ཡིན་ནའང་ད་དུང་ཇོ་ནང་བའི་མཁས་པ་མང་པོ་བཞུགས་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་པས་རྣམ་པ་ཚོའི་རིང་ལ་༸རྒྱལ་བ་ཇོ་ནང་བའི་བསྟན་པ་འདི་མུ་མཐུད་ཡར་རྒྱས་འགྲོ་བའི་རེ་བ་ཡོད།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་༸རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་པའི་ཐོག་ནས་རྣམ་པ་ཚོ་བླ་སློབ་གཉིས་ཀས་འདིའི་ཐོག་ལ་ཤུགས་བརྒྱབས་པ་ཡིན་ན་༸རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འདི། མ་འོངས་པར་ཡར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུ་ཡིན་པས་འདིའི་ཐོག་ལ་རྣམ་པ་ཚོས་ཤུགས་བསྐྱོན་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང།
ཇོ་ནང་བའི་སྦྱིན་བདག་དང་མཐུན་འགྱུར་གནང་མཁན་ཡོངས་རྫོགས་ཀྱིས་༸རྒྱལ་བ་ཇོ་ནང་བའི་བསྟན་པ་ཉག་ཕྲ་བའི་སྐབས་འདིར་ཧུར་ཐག་འབད་ཐག་གནང་བ་དེས་བསྟན་པ་སྤྱིའི་ཞབས་འདེགས་ཏེ་བསྟན་པ་སྤྱི་ལ་ཕན་ཐོགས་རྒྱ་ཆེན་པོ་ཞིག་བྱུང་ཡོད་ལ། དགེ་འདུན་པ་དང་སྐྱ་བོ་ཕོ་མོ་མང་ཚོགས་དང་བཅས་པ་༸རྒྱལ་བ་ཇོ་ནང་བའི་བསྟན་པ་ལ་རྒྱབ་སྐྱོར་གནང་མཁན་སུ་འདྲ་ཞིག་ཡིན་ནའང་ཇོ་ནང་བའི་བསྟན་པ་ཉག་ཕྲ་བའི་སྐབས་དེ་ལ་རྣམ་པ་ཚོས་ཧུར་ཐག་འབད་ཐག་གནང་དང་གནང་བཞིན་པ་རེད་ལ། ད་ཕྱིན་ཆད་ཡིན་ནའང་ཧུར་ཐག་འབད་ཐག་གནང་སྟེ་མ་འོངས་པར་༸རྒྱལ་བ་ཇོ་ནང་བའི་བསྟན་པ་འདི་འཛིན་སྐྱོང་སྤེལ་གསུམ་སྲ་ཐག་ཐག་སྔར་ལས་ལྷག་ཡོད་མཁན་ཞིག་ཏུ་འགྱུར་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
རིན་པོ་ཆེའི་བཀའ་སློབ་ཡིག་ཐོག་ནས་མཇལ་རྒྱུ་བྱུང་བ་ལ་ཧ་ཅང་དགའ་བྱུང། ཐུགས་རྗེ་ཆེ།
དི་རིང་གུ་གྷོལ་པ་ཡིན། ཞི་ཅིང་ཕིང་བལ་ཡུལ་ལ་ཕེབས་འདུག བེ་ཏུ་བྱས་པ་ཡིན་པས་ཁོང་རྒྱ་གར་ལ་ཡང་ཕེབས་འདུག ད་ལྟ་རྒྱ་དཀར་ནག་གི་འབྲེལ་བ་དེ་ཡག་བཞིན་པ་རེད། དེས་བོད་པ་ཚོ་ཅི་ཞིག་ཚོར་གྱིན་པ་རེད་དམ།
དེ་བཞིན་ཇོ་ནང་ཁྲི་ཚབ་ཁྲིས་པ་དེ་ལོ་རྒྱུས་སུ་བྱེད་དམ། ཚབ་པ་དང་ཁྲིས་པ་དེ་ལ་ཁྱད་དམ། ཀརྟི་རིན་པོ་ཆེས་གསུང་བཤད་ཡིགས་པ་དེ་ལེགས་སོ། སྐད་ན་སྙན་མོས་བྲིས་ན་དེ་བས་སྙནད།
ད་ཚང་མ་ཞུགས་ཤིག ང་འགྲོའོ།