གསར་འགྱུར་མཁོ་གཏོང་བ། ཚངས་དབྱངས་རྒྱ་མཚོ།
ཇོ་ནང་ཤམྦྷ་ལའི་ངེས་གསང་གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བཅུ་གཉིས་པ་དེ་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཉིན་བཅོ་ལྔ་རིང་མདོ་སྨད་རྔ་བ་རྩི་ནང་དགོན་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་དུ་དབུ་འཛུགས་གནང་འདུག
ཐེངས་འདིའི་བགྲོ་གླེང་ཐོག་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པའི་མངའ་བདག་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་མཆོག་དང་། མཁན་ཆེན་ཤེས་རབ་གསལ་བཤད་རྣམ་གཉིས་ཀྱི་དབུས་ཇོ་ནང་པའི་མཁན་པོ་དང་དགེ་བཤེས་བླ་སྤྲུལ་བརྒྱ་ཕྲག་ལྷག་དང་། རྒྱལ་བ་ཇོ་ནང་པའི་དགོན་ཆེན་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་སྒར་ཁག་གསུམ་དང་། བསྭེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་། འབྲོག་དགེ་དགོན་ངེས་དོན་བསམ་འགྲུབ་གླིང་། ལྕམ་མདའ་དགོན་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང་། ལུང་སྐྱ་དགོན་ངེས་དོན་མི་འགྱུར་བདེ་ཆེན་གླིང་། བཀྲ་ཤིས་ཆོས་ཐང་ནོར་བུའི་གླིང་། ཇོ་ནང་མདོ་སྔགས་སློབ་གླིང་། ཇོ་ནང་ལྔ་རིག་མཐོ་སློབ། ཡར་ཐང་དགོན་ངེས་དོན་བཤད་སྒྲུབ་གླིང་། གཙང་བཀྲ་ཤིས་ཆོས་འཁོར་གླིང་སོགས་མདོ་དབུས་ཁམ་གསུམ་ནས་ཇོ་ནང་པའི་དགོན་སྡེ་ ༧༠ ཙམ་གྱི་དགེ་འདུན་པ་གྲངས་ ༢༠༠༠ ཙམ་དང་། གཞན་རྙིང་མ་དང་བོན་པོ་སོགས་ནས་ཀྱང་དགེ་འདུན་པ་གང་མང་མཉམ་ཞུགས་གནང་འདུག
བགྲོ་གླེང་སྐབས་སུ་ཇོ་ནང་ཀུན་མཁྱེན་དོལ་པོ་པ་མཆོག་གིས་མཛད་པའི་དབུ་མ་རི་ཆོས་ངེས་དོན་རྒྱ་མཚོའི་གཞིས་སྐབས་དང་། དེ་བཞིན་དུ་ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་དང་། འབྲས་རྟགས། མ་དམིགས་པའི་རྟགས་དང་། སྣང་རུང་མ་དམིགས་པའི་རྟགས། དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བཅས་ཀྱི་སྐོར་ལ་གཞུང་ལུགས་རབ་འབྱམས་རྒྱ་མཚོའི་ཕ་མཐར་སོན་པའི་མཁས་དབང་དག་གིས་བགྲོ་གླེང་མཐིལ་ཕྱིན་པ་གནང་འདུག་ལ། ལྷག་པར་དུ་ཐེངས་འདིའི་བགྲོ་གླེང་སྟེང་རྙིང་མའི་མཁན་པོ་རིག་དར་མཆོག་དང་། ས་སྐྱའི་མཁན་དྷི་ཕུ་དཔལ་ལྡན་མཆོག བཀའ་བརྒྱུད་གྱི་མཁན་པོ་ཚེ་དབང་བཀྲ་ཤིས་སོགས་མཁན་པོ་ཁག་ཅིག དགེ་ལུགས་པའི་ལྷ་རམས་དགེ་བཤེས་ཚུལ་ཁྲིམས་དང་། ཀླུ་སྒྲུབ་བཟོད་པ་སོགས་ལྷ་རམས་དགེ་བཤེས་ཁག་ཅིག བོན་སྣང་ཞིག་དགོན་པའི་སློབ་གཙོ་རྫ་ཚེ་དབང་བསྟན་འཛིན་སོགས་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་མང་པོ་ཆེད་ཕེབས་ཀྱི་དབུ་མ་གཞན་སྟོང་ཆེན་པོའི་ལྟ་གྲུབ་ལས་མཚོན་པའི་གཞུང་དཔའ་པོད་ལྔའི་སྐོར་ལ་བགྲོ་གླེང་དང་། བར་མཚམས་དག་དུ་ཆོས་བརྒྱུད་རིས་མེད་སྐོར་ལ་བཀའ་སློབ་ཡང་གནང་ཡོད་འདུག
ཇོ་ནང་ཀུན་མཁྱེན་དོལ་པོ་པ་མཆོག་གིས་མཛད་པའི་དབུ་མ་རི་ཆོས་ངེས་དོན་རྒྱ་མཚོ།
་
ཀུན་མཁྱེན་དོལ་པོ་པ་ཤེས་རྒྱལ་མཚན་མཆོག་གིས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་བྲིས་མ་ལེགས་པ་ཞིག་བཞུགས་པ། ཀོ་ལམ་བི་ཡ་སློབ་གྲྭ་ཆེན་མོའི་དཔེ་མཛོད་ནས་གཡར་ནས། ལན་གཅིག་མཇལ་མྱོང་། རྒྱུད་བླའི་བསྟན་བཅོས་དེ་བོད་དུ། ཡོངས་གྲགས་ཆགས་པ་དེ་འགྲེལ་པ་འདི་ལ་བརྟེན་ནས་བྱུང་བར་བཤད་སྲོལ་ཞིག་ཐོས།
སྔོན་བྱུང་ཀུན་མཁྱེན་དོལ་པོ་པ་དང་། ཕྱིས་བྱུང་མི་ཕམ་རིན་པོ་ཆེ་གཉིས་ཀས་རྒྱུད་བླ་མའི་འགྲེལ་པ་མཛད་དོ། འགྲེལ་པ་དེ་དག་་བཀླགས་ནས། བོད་ཀྱི་སྐད་འགྱུར་སྟངས་ལ་སློབ་སྦྱོང་མཛད་ཐུབ་ན། བོད་ཀྱི་ལོ་རྒྱུས་ལ་ཕན་པར་བསམ་མོ།
་
ཇོ་ནང་། ཞེས་པའི་དོན་གང་ཡིན་ནམ།
དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡུན་ནས་ཡུན་དུ་དར་བའི་སྨོན་འདུན་ཞུ། གྲོགས་ཚངས་དབྱངས་ཀྱི་གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
ལ་དྭགས་འཇམ་དཔལ་ལགས། ཇོ་ནང་ཞེས་པ་ནི་ས་མིང་ཅིག་རེད། རབ་བྱུང་བཞི་བའི་ ༡༢༤༣ ལོར་ཞིང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སྐུ་འཁྲུངས། ཀུན་མཁྱེན་ཆོས་སྐུ་འོད་ཟེར་སོགས་སྦྱོར་དྲུག་བརྒྱུད་པའི་བླ་མ་མང་པོ་བསྟེན་ནས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་པའི་རྒྱུད་བཤད་མན་ངག་ལྷད་མེད་པ་རིགས་མི་འདྲ་བ་བཅུ་བདུན་ལྷག་གསན་ཞིང༌། གདམས་པ་སོ་སོའི་ཉམས་མྱོང་སྐུ་ཉམས་སུ་བསྟར་ཏེ་གྲུབ་པའི་གོ་འཕངས་མངོན་དུ་མཛད། ཇོ་མོ་ནག་སྨན་རྒྱལ་མོའི་ཇོ་ནང་ཞེས་པའི་ལུང་པར་གདན་འདྲེན་ཞུས་པ་ལྟར། ཕྱི་ལོ་ ༡༢༩༤ ལོར་ཕེབས་ཏེ་གདན་ས་མཛད་པ་ནས་བཟུང་སྦྱོར་དྲུག་པ་ཞེས་པའི་ཆོས་བརྒྱུད་འདི་ལ་ཇོ་ནང་པ་ཞེས་གྲགས་པ་ཡིན་ནོ།།
སྦྱོར་དྲུག་པ་བཞེས་པའི་གོ་དོན་གང་ཡིན་ནམ་འབྲེལ་བཤད་རྒྱས་ཙམ་གནང་ཐུབ་ན་ང་དང་ང་འདྲ་བའི་མི་མང་པོ་ལ་ཕན་ངེས་འདུག་གོ།