སྤོབས་པ་མཐའ་ཡས།
དེ་རིང་གི་གསར་འགྱུར་ཁག་ཏུ་བྷང་ལ་དྷེ་ཤི་དང་རྒྱ་དམར་སྲིད་གཞུང་གཉིས་ཀས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་(980-1054)ལ་རྗེས་དྲན་ཞུ་བའི་ཚོགས་འདུ་ཞིག་བསྡུས་ཚུལ་འདུག ཚོགས་འདུའི་སྟེང་དུ་བྷང་ལ་དྷེ་ཤའི་དམག་སྤྱ་ིཟུར་པ་མ་བྷུ་བྷུར་རཱ་མན་Mahbubur Rahman ཞེས་པས་འདི་ལྟར་བཤད། “ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་སྟོན་དག་ནི་དུས་ཐམས་ཅད་དུ་རིན་ཐང་ལྡན་པ་ཞིག་ཡིན་པས་ན་ཇི་སྲིད་བར་དུ་ཁོང་གིས་ཞི་བདེ་མཐུན་འབྲེལ་འཚོལ་སྟངས་དེས་མི་རྣམས་གྱི་སེམས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏང་རྒྱུ་རེད། ཁོང་ནི་ཨེ་ཤེ་ཡའི་མིག་རེད་ཅེས་བརྗོད་ཀྱང་སྒྲོ་བཏགས་སུ་མི་འགྱུར།” ཞེས་བརྗོད།
༡༩༧༨ལོར་ཇོ་བོ་རྗེའི་སྐུའི་གདུང་ཐལ་གྱི་ཆ་ཤས་ཤིག་བོད་ནས་ཇོ་བོ་རང་གི་འཁྲུངས་ཡུལ་བྷང་ལ་དྷེ་ཤར་གདན་དྲངས་ཡོད་ཅིང་དེ་ནི་རྒྱ་དམར་གཞུང་དང་བྷང་ལ་དྷེ་ཤ་གཞུང་བར་གྱི་འབྲེལ་ལམ་ལ་གལ་གནད་ཆེན་པོ་ཞིག་ཏུ་གྱུར་པ་རེད། གདུང་ཐལ་འཁྲུངས་ཡུལ་དུ་གདན་དྲངས་པའི་དུས་ཚིགས་དེར་བསྟུན་ནས་དེ་རིང་གི་ཚོགས་འདུ་དེ་བསྡུས་པ་རེད། རྗེས་དྲན་མཛད་སྒོའི་སྟེང་དུ་རྒྱ་དམར་གཞུང་ཚབ་མ་མིང་ཆིང་གིས་འདི་ལྟར་བརྗོད་འདུག “ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་ཞི་བདེ་དང་ཤེས་རིག་ཁྱབ་སྤེལ་ཁོ་ནི་ཆེད་དུ་ཀྲུང་གོར་ཕེབས་པ་ཡིན་ཞིང་ཁོང་གི་འགྲན་ཟླ་བྲལ་བའི་ཁང་ཁྱིམ་བཟོ་བཀོད་ལག་རྩལ་དང་རྩིས་རིག་གི་རིག་གནས་སོགས་ཀྱང་ཁྱབ་སྤེལ་གནང་ཡོད།” ཅེས་བཤད། ཇོ་བོ་རྗེའི་འཁྲུངས་གནས་སུ་མི་ལོ་ཆིག་སྟོང་ཟིན་པའི་གཙུག་ལག་ཁང་ཞིག་གི་ཤུལ་སྔོགས་འདོན་བྱེད་བཞིན་ཡོད་ས་དེར་རྒྱ་མིའི་གཞུང་གིས་ནང་བསྟན་གཙུག་ལག་ཁང་ཞིག་བཞེངས་བའི་འབད་བརྩོན་བྱེད་བཞིན་ཡོད་ཚུལ་ཀྱང་བཤད་འདུག
གསར་གནས་དེ་ལས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཱ་བྱིས་པའི་དུས་སུ་མཚན་ལ་ཙནྟྲ་གུབྟ་གསོལ་ཞིང་། ད་ལྟའི་བྷང་ལ་དྷེ་ཤའི་སྲིད་འཛིན་གྲོང་ཁྱེར་ལྟེ་བ་དྷ་ཁའི་ཉེ་འགྲམ་རྡོ་རྗེ་རྣལ་འབྱོར་མའི་གྲོང་ཟེར་བ་ཞིག་ཏུ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་ཚུལ་བཀོད་འདུག ཇོ་བོ་དགུང་ལོ་ང་དྲུག་བཞེས་པའི་དུས་སུ་བོད་ཀྱི་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་འཆར་གཞི་བཞིན་དུ་ཁོང་གི་དབོན་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་1038ལོར་བོད་དུ་གདན་དྲངས་ཤིང་བོད་དུ་ལོ་བཅུ་དྲུག་ཙམ་བཞུགས་ནས་ནང་བསྟན་དང་འབྲེལ་བའི་ཤེས་རིག་དར་སྤེལ་ལ་མཛད་པ་རླབས་ཆེན་བསྐྱངས། དགུང་ལོ་དོན་གསུམ་དུ་སོན་པ་༡༠༥༤ལོར་བོད་དུ་སྐུ་འདས།
དེ་ནས་མི་ལོ་སྟོང་ཙམ་གྱི་རིང་ལ་དུས་གྱི་འགྱུར་བའི་ཁྲོད་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡང་རང་གི་འཁྲུངས་ཡུལ་གྱི་ལོ་རྒྱུས་སྨུག་སྤྲིན་རྒྱབ་ཏུ་མི་གསལ་བར་གྱུར། དེ་ནས་མི་ལོ་ཆིག་སྟོང་ཙམ་འདས་པའི་རྗེས་སུ་སླར་ཡང་བྷང་ལ་དྷེ་ཤའི་ཡུལ་དུ་ཇོ་བོ་རྗེའི་འཁྲུངས་གནས་གསར་རྙེད་བྱུང་བ་དང་བསྟུན་ནས་༡༩༧༨ལོའི་ཟླ་དྲུག་པར་ཁོང་གི་གདུང་ཐལ་གྱི་ཆ་ཤས་ཤིག་ཀྱང་བོད་ནས་བྷང་ལ་དྷེ་ཤར་གདན་དྲངས། ཁོང་གི་འཁྲུངས་གནས་གྲོང་གསེབ་དེར་གདུང་ཐལ་བཞུགས་པའི་གདུང་རྟེན་ཡང་བཞེངས། དེ་ལ་བརྟེན་ནས་རྒྱ་མིའི་གཞུང་དང་བྷང་ལ་དྷེ་ཤའི་གཞུང་བར་གྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཐེབས་སྐད། སྐབས་དེ་ནས་བཟུང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་ཀྲུང་གོ་དང་བྷང་ལ་དྷེ་ཤའི་མཐུན་འབྲེལ་གོང་དུ་འཕེལ་བའི་མཚོན་རྟགས་ལྟ་བུར་གྱུར།
བྷང་ལ་དྷེ་ཤའི་ཞིབ་འཇུག་ཆེད་མཁས་པ་དང་། རྩོམ་པ་པོ། གསར་འགོད་པ་སྐད་གྲགས་ཅན་སྱད་ཨ་བྷུལ་མག་སུད་Syed Abul Maksudཟེར་བས། “རྒྱ་མིས་ང་ཚོར་དཔལ་ལྡན་ཨ་ཏི་ཤའི་གདུང་ཐལ་གནང་བ་དེ་ནི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བར་འོས་པ་ཞིག་རེད། བྷང་ལ་དྷེ་ཤ་དང་། རྒྱ་ནག རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་གི་ས་གནས་གཞན་དུ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མི་ཚེ་དང་། ཁོང་གི་གསུང་ཆོས་ལ་ཞིབ་འཇུག་བྱེད་པའི་ལྟེ་གནས་འཛུགས་དགོས་ངེས་རེད།” ཅེས་བརྗོད།
དྷ་ཁ་སྣ་འཛོམ་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་སད་ཌུལ་ཨ་མིན་གྱིས། “ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐོར་གྱི་ཡིག་ཆ་རྣམས་བྷང་ག་ལའི་སྐད་དང་དབྱིན་ཇིའི་སྐད་དུ་དཔར་བསྐྲུན་བྱེད་དགོས་པ་དང་། མ་འོངས་པའི་མི་རབས་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལོ་རྒྱུས་རྣམས་ཤེས་སུ་འཇུག་དགོས་ངེས་རེད།” ཅེས་བརྗོད།
དྷ་ཁ་སྣ་འཛོམ་སློབ་ཆེན་གྱི་སློབ་དཔོན་ཆེན་པོ་ཨེ་མ་ཇུད་ཌན་ཨ་མད་གྱིས། “ང་ཚོའི་ཡུལ་ནས་འཁྲུངས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏ་ཤས་མདའ་མདུང་གོ་ཆ་མ་བཟུང་བར་ཡང་དག་པའི་ཤེས་རབ་ལ་བརྟེན་ནས་འཛམ་གླིང་དབང་དུ་བསྒྱུར་བས་ན་བྷང་ལ་དྷེ་ཤ་པ་རྣམས་ཀྱིས་སྤོབས་པ་སྐྱེ་བར་འོས།” ཞེས་བརྗོད།
སྤོབས་པ་ལགས། བོད་ནས་བྷང་ལ་དྷེ་ཤ་ལ་ཇོ་རྗེའི་སྐུ་གདུང་མར་གདུང་ཞུས་པ་རེད་དམ་གདུང་ཐལ་ཞིག་གདན་ཞུས་པ་རེད། ངས་གོ་ཚོད་ལ་སྐུ་གདུང་མར་གདུང་གདན་ཞུས་པ་གོ་སོང།
ཾམཁས་དབང་སྤོབས་པ་མཐའ་ཡས་མཆོག་གིས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡའི་སྐོར་ལ་ལོ་རྒྱུས་ཚད་ལྡན་ལྷག་པར་བོད་རིགས་སྐལ་བ་དང་ལྡན་པ་དག་ལ་ཉེར་མཁོ་བ་ཞིག་བྲིས་པར་བཀའ་དྲིན་ཆེ། ཇི་སྐད་དུ། འབྲོམ་སྟོན་པས།
་
ཕུམ་སུམ་ཚོགས་པ་བྷང་ག་ལ་ཡི་ཡུལ།
ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས།
བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་བརྒྱུད།
མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས།། ༡ །།
་
གདུལ་བྱ་བོད་དུ་ཡོད་པར་དགོངས་ནས་ནི།
ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང་།
སྡེ་པ་མི་ཆེན་རྣམས་ཀྱི་བླ་མ་མཛད།
མཆོད་ཅིང་བཀུར་འོས་ཁྱོད་ལ་གསོལ་བ་འདེབས།། ༡༠ །།
་
དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་།
ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ།
ནོར་བདུན་དག་གིས་ཕྱུག་པར་གྱུར་པའི་མཛོད།
ཡོན་ཏན་འབྱུང་གནས་ཁྱོད་ལ་་གསོལ་བ་འདེབས།། ༡༥ །།
་
དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད།
འཕགས་པའི་ཡུལ་ན་དཱི་པཾ་ཀཱ་ར་ཞེས།
ཁ་བ་ཅན་ན་དཔལ་ལྡན་ཨ་ཏི་ཤ།
ས་སྟེང་གྲགས་པས་ཁྱབ་ལ་གསོལ་བ་འདེབས།། ༢༥ །།
་
འབྲོམ་སྟོན་བདག་གིས་ར་སྒྲེང་ལྷ་ཁང་བཞེངས།
འགྲོ་བ་འདྲེན་ཕྱིར་གསོལ་བ་བཏབ་པ་ལས།
དགའ་ལྡན་གནས་ནས་རབ་གནས་མེ་ཏོག་གཏོར།
བྱིན་རླབས་དངོས་སུ་ཕེབས་ལ་གསོལ་བ་འདེབས།། ༢༦ །།
་
ད་དུང་ཁ་ཅན་ལ་ཁྱོད་ཉིད་ལ།
དད་ཅིང་རྗེས་སུ་སློབ་པ་མང་ཡོད་ཀྱི།
ཐུགས་ལ་དགོངས་ནས་བུ་ལ་མ་བཞིན་དུ།
བརྩེ་བས་བདག་གི་བཤེས་གཉེན་མཛད་དུ་གསོལ།། ༢༨ །།
་
ཞེས་སོགས་བཀོད། ཨ་ཏི་ཤ་ཡ་ཞེས་བོད་དུ་མཚན་མཁན་གསོལ་མཁན་དེ་ལོ་ཙ་པ་ཆེན་པོ་རིན་ཆེན་བཟང་པོ་ཡིན་ནམ་སྙམ་པ་ཞིག་ཁོ་བོའི་བློར་ཤར། དེ་ཡང་མཚན་གྱི་མིང་མཐའ་ན་ཡ་ཡིག་ཡོད་པ་ཡིན་ན། ཨ་ཏི་ཤ་ཡ། ཕུལ་དུ་བྱུང་བའི་དོན་ཏོ། །
༸ཞི་འཚོ་༸སློབ་དཔོན་༸ཨ་ཏི་གསུམ། །
བོད་ལ་ཕེབས་བཞུགས་རྒྱ་གར་གསུམ། །
འཕགས་བོད་བླ་སློབ་མཚོན་རྟགས་གསུམ། །
འཕགས་བོད་མཐུན་འབྲེལ་མཚོན་རྟགས་གསུམ། །
ཇོ་བོ་རྗེ་བོད་ལ་ཕེབས་ཐུབ་པ་དེ་བོད་ཀྱི་བསོད་ནམས་ཤིག་རེད། བཀའ་གདམས་ཀྱི་བསྟན་པ་དེ་ཕྱི་གཙང་ནང་གཙང་མེ་ཏོག་པད་མ་ལྟ་བུ་ཞིག་ལགས། བཀའ་གདམས་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ལ་བལྟས་ན་དངོས་གནས་ཡིད་སྨོན་འཆོར་ཀི་ཡ། བོན་པོའི་རྒྱལ་བ་བྲུ་ཡི་རིང་ལུགས་དང་འདྲ་བོ་འདུག ཁྱད་པར་དུ་དགོངས་མཛོད་རི་ཁྲོད་པ་ཆེན་པོ་རྗེས་འབྲངས་དང་བཀའ་གདམས་པའི་རྗེས་འབྲངས་ཚོས་ཉམས་ལེན་བྱེད་སྟངས་བསྡུར་ན་གཅིག་མཚུངས་ལྟ་བུ་སྣང་ངོ་། དགོངས་མཛོད་རི་ཁྲོད་པ་དང་ཇོ་བོ་རྗེ་རྣམ་གཉིས་ཕལ་ཆེར་དུས་ཚོད་གཅིག་པ་ཡིན་ས་རེད། འོན་ཀྱང་དེང་དུས་དགེ་ལུགས་པའི་རྗེས་འབྲངས་པ་ཚོར་བཀའ་གདམས་པའི་བག་ཆགས་ཤིག་ཨེ་ཡོད་ནས་སྙམ་གི གལ་ཏེ་ཡོད་ན་དགའ་བ་ལའང། །
འོ་རེད་ལགས། ཇོ་བོ་རྗེ་ལ་འབྲེལ་བ་ཆེ་ཤོས་དེ་ང་རང་ཚོ་བོད་མི་རེད། ཁོང་གི་གདམས་ངག་གསེར་ཞུན་ལྟ་བུ་དེ་གྲ་མ་ཞིག དྲི་མ་ཉམས་པར་ཉར་ནས་བསྡད་ཡོད་མཁན་དེ་ཡང་བོད་མི་ཚོ་རེད། ཡིན་ན་ཡང་། དེང་སང་གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད། ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག ཟེར་བའི་དཔེ་བཞིན་དུ། བྷང་ལ་དྷེ་ཤའི་མོ་ཧ་མད་ཀྱི་རྗེས་འཇུག་པ་ཚོ་དང་། རྒྱ་དམར་སྲིད་གཞུང་གིས་སྐལ་མེད་སར་རྐེ་བསྲིངས་ནས་ལས་ཀ་འདི་འདྲ་བྱེད་འདུག་པར་བལྟས་ན་ངུ་ཡང་བྲོ་ལ་དགོད་ཀྱང་བྲོ་བ་ཞིག་ཏུ་སྣང་། འོན་ཀྱང་གསེར་ས་འོག་ལ་ཡོད་ཀྱང་འོད་ནམ་མཁའ་ཟེར་པའི་དཔེ་བཞིན་དུ་བདག་ཅག་གི་སྟོན་པ་དང་བསྟན་པའི་གཟི་བྱིན་དེས་ཕྱོགས་དང་རིས་སུ་མ་ཆད་པར་ཞི་བདེའི་ལམ་སྟོན་བྱེད་བཞིན་པ་མཐོང་དུས་རྗེས་སུ་ཡི་རང་སྐྱེ་དགོས་པ་ཞིག་ཏུ་ཡང་སྣང་ངོ་།
རིག་གསར་རྗེས་ཇོ་བོ་རྗེའི་སྐུ་དམར་གདུང་སྙེ་ཐང་ནས་བྷང་གྷ་ལར་གདན་དྲངས་པ་རྒན་རབས་ཀྱི་ངག་ལས་ཐོས། ལོ་རྒྱུས་ཐོག་གི་ཆོས་ལུགས་དང། རིག་གནས་པ་གྲགས་ཅན་དེ་ཚོ། ཆབ་སྲིད་མི་སྣས་བེད་སྤྱོད་བཏང་ནས་ཚོང་དང་སྤྲོ་འཆམ་སོགས་རྒྱལ་ཁབ་ཀྱི་ཁེ་ཕན་ཡོད་པའི་བྱ་གཞག་སྣ་མང་ཐོག་འབྲེལ་བ་འཛུགས་ཀྱི་འདུག
ཇོ་་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་དད་པ་ཡོད་དེའི་འགྲིག
པ་རེད་བརྩོད་པ་མ་རྒྱག་ཧ་ཧ་ཧ་།
ནེཝ་ཡོརྐ་གྲོང་ཁྱེར་གྱི་བྱང་ཕྱོགས་ན་ཁྱིམ་བདག་ཅིག་ལ་བྱི་ལ་བཞི་ཡོད་འདུག་ བོད་ཀྱི་ལོ་རྒྱུས་ལ་གུས་པས་རྗེས་དྲན་ཞུ་བའི་ཆེད་དུ། བྱི་ལ་ཆེ་ཤོས་དེ་ལ་ཨ་ཏི་ཤ་དང་། དེ་ནས་རིམ་པས་ཡེ་ཤེས་འོད། བྱང་ཆུབ་འོད། ཨ་ལཾ་ཀ་ལ་ཤ་ཞེས་མིང་བཏགས། ཁྱིམ་བདག་དེས་བྱི་ལ་རྣམས་ལ་བརྩེ་བས་ཟས་སྟེར་བ་དང་སྔ་དྲོ་རེ་རེ་བཞིན་གཅིན་སྐྱག་བཏང་ཡོད་པ་ཀུན་བསལ་ཏེ་བྱི་་ལ་དག་གི་གསང་སྤྱོད་གཙང་མ་བྱེད། བྱི་ལ་རྣམས་རང་མོས་བཞིན་ནང་ལོགས་ཀྱི་ཁང་མིག་ཡོངས་ལ་འགྲོ་ཆོག་པ་དང་། བྱི་ལ་ཤོང་ཙམ་སྐར་ཁུང་གི་སྒོ་གླེགས་ནས་ཕྱི་ནང་དུ་འགྲོ་འོང་བྱེད་པ་དང་། ཕྱི་ལོགས་སུ་དྲ་མིག་ཡོད་པའི་ཁང་མིག་ཏུ་རང་རང་གི་འདོད་པ་ལྟར་ཅི་ཙམ་སྡོད་ཆོག དབྱར་དུས་སྐྱེད་མོས་ཚལ་གྱི་ཤིང་སྡོང་རྣམས་ལ་ལྟ་བ་དང་། མེ་ཏོག་སྣ་ཚོགས་ཀྱི་དྲི་སྣོམ་པ་དང་། དགུན་དུས་ཁ་བ་དཀར་པོར་ལྟ་ཐུབ་པ་བཅས་ཡོད་པ་ནི་སྔོན་བསོད་ནམས་བསགས་པའི་བྱི་ལ་རྣམས་སོ།
དགོངས་དག་གོང་གསལ་བྱི་ལ་བཞི་ནང་ན། གསུམ་པ་དེ་ཞི་བ་འོད་ཡིན་འདུག ཁོང་ནི་མཁས་པ་ཆེན་པོ་ཚད་མའི་དེ་ཁོ་ན་བསྡུས་པ་སོགས་རྒྱ་གར་སྐད་ནས་བོད་སྐད་དུ་སྒྱུར་མཁན་དེ་ཡིན་འདུག
བོད་པ་ཚོས་འུར་བསྟོད་བྱེད་དྲགས་པ་རེད་མ་གཏོགས་ཇོ་བོ་རྗེ་ནི་རྒྱ་གར་ནང་ཁ་ཆེ་སླེབས་ནས་ནང་ཆོས་བསྣུབས་ཀྱིན་པར་གཞོལ་ནས་བོད་དུ་སྐྱབས་བཅོལ་ལ་ཕེབས། དང་ཐོག་སྐད་བརྡ་གོ་མ་འཕྲོད་པར་གཙང་ནས་གཡོག་ལ་རྒྱུགས་ནས་ལུག་རྫི་གནང་། དེ་ནས་རིམ་པས་སྐད་གྲགས་ཆགས་པ་རེད་ལབ་ཀྱི་འདུག
ཀརྨ་བློ་གསལ་རང་། ཐོས་རྒྱ་ཆེ་ཙམ་བྱས་ནས། དེ་ནས་གཞན་ལ་དགག་གཞག་གྱིས། ལུག་རྫི་གནང་མཁན་དེ་ཇོ་བོ་རྗེ་མ་རེད། རྒྱ་གར་གྱི་སློབ་དཔོན་གཞན་ཞིག་རེད།
ཀརྨ་བློ་གསལ། རང་སྐད་ཆ་ཀྱོག་ཀྱོག་བཤད་འདོད་ཡོད་ལོ་རྒྱུས་དང་ལྟ་གྲུབ་ལ་ངེས་ཆ་ཏོག་ཙམ་བཟོས་ནས་ཤོད། དེ་མིན་དེང་སང་སྐད་ཆ་གསར་པ་ཤོད་མཁན་ཕལ་ཆེ་བ་རང་ལ་དེང་ཚོད་གང་ཡང་མེད་པར་ཧོལ་རྒྱུག་དང་ཅལ་འདྲོགས་ཁོ་ན་བྱེད་མཁན་མང་། ཇོ་བོ་རྗེ་གཙང་དུ་ལུག་རྫིར་རྒྱུགས་ཚུལ་དེ་ཁྱིམ་ཚང་དུ་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྙན་བརྒྱུད་འདྲ་ཡིན་ན་མ་གཏོགས་རྒྱ་བོད་གང་གི་ལོ་རྒྱུས་སུ་མཇལ་རྒྱུ་མེད། སྨྲི་ཏི་སྐད་བརྡ་མ་འཕྲོད་པར་ལུག་རྫི་བྱས་པའི་ལོ་རྒྱུས་ཤིག་ཡོད་ཚོད།