འབྲིང་བ་འཇིགས་མེད།
བོད་ཁ་བ་ཅན་གྱི་རྟེན་གཙོ་ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་ཀྱིས་ཡུལ་ཁམས་མང་པོར་འགྲོ་དོན་མཛད་པ་དང་ཆབས་ཅིག་འོ་བརྒྱལ་ཡང་ལན་མང་མྱངས་པའི་ལོ་རྒྱུས་དེ་དག་ཡོངས་གྲགས་ཡིན་ནའང་། དེ་ལ་བསྐྱར་ཞིབ་ཅིག་བྱེད་དུ་ཡོད་པར་མཐོང་བས་གོ་སླ་ཉུང་བསྡུས་སུ་བརྗོད་པར་བྱའོ། །
དང་པོ། ཇོ་ཤཱཀ་རྣམ་གཉིས་ཀྱི་སྐུ་གསར་དུ་བཞེངས་པ།
བཀའ་ཆེམས་ཀ་ཁོལ་མ་ལས་གསུངས་པ་ལྟར་ན། སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདའ་བར་ཉེ་བའི་ཚེ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞུས་ངོར་ངའི་སྐུ་ཚབ་བཞེངས་ཤིག་ཅེས་བཀའ་སྩལ་པ་ལྟར། ཚངས་པས་སྦྱིན་བདག་ཞུས་ཏེ་ཆོས་སྐུའི་རྟེན་དཔལ་རེག་པ་མེད་པའི་མཆོད་རྟེན་དང་། རཱ་ཧུ་ལས་སྦྱིན་བདག་ཞུས་ཏེ་ལོངས་སྐུའི་རྟེན་མུ་སྟེགས་འདུལ་བྱེད། བརྒྱ་བྱིན་གྱིས་སྦྱིན་བདག་ཞུས་ཏེ་སྤྲུལ་སྐུའི་རྟེན་དགུང་ལོ་བརྒྱད་པ་དང་བཅུ་གཉིས་པའི་ཚད་ཀྱི་སྐུ་གཉིས་བཅས་ལྷ་བཟོ་བི་ཤྭ་ཀརྨས་བཞེངས་པ་ལ་སྟོན་པ་ཉིད་ཀྱིས་རབ་གནས་མཛད།
དཔྱད་གཞི།
༡ དགུང་ལོ་ཉེར་ལྔ་པའི་སྐུ་ཚད་ཅན་ཞིག་ཀྱང་བཞེངས་ཏེ་བརྒྱ་བྱིན་གྱིས་ལྷ་ཡུལ་དུ་སྤྱན་དྲངས་ཚུལ་རྒྱ་བོད་ཡིག་ཚང་ཆེན་མོ་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་གསུངས།
༢ སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཡས་མས་ཀྱི་རྗེས་ཏེ་བཀའ་བསྡུ་གཉིས་པ་མ་མཛད་པའི་གོང་རོལ་ཙམ་དང་། འཕགས་པ་ཉེ་སྦས་ཀྱིས་བསྟན་པ་སྐྱོང་བའི་ཚེ། བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་དགེ་བས་བཞེངས་པའི་རྡོ་རྗེ་གདན་གྱི་གན་དྷོ་ལའི་རྟེན་གཙོ་བྱང་ཆུབ་ཆེན་པོའི་སྐུ་ནི་སྟོན་པ་དགུང་ལོ་སུམ་ཅུ་སོ་ལྔ་པའི་སྐུ་ཚད་ཡིན་པར་གྲགས་ལ། འདི་བཞེངས་མཁན་སློབ་དཔོན་བདེ་བྱེད་བདག་པོ་ཡིན་ཟེར་བ་ཡོད་ཀྱང་དེ་ནི་བཀའ་བསྡུ་གསུམ་པའི་རྗེས་སུ་བྱོན་པ་ཡིན་པས་དེ་མིན་པར་མངོན།
གཉིས་པ། ཇོ་ཤཱཀ་རྣམ་གཉིས་ཀྱིས་ལྷ་ཡུལ་དང་ཀླུ་ཡུལ་སོགས་སུ་འགྲོ་བའི་དོན་མཛད་པ།
བཀའ་ཆེམས་ཀ་ཁོལ་མ་ལྟར་ན། སྐུ་ཆུང་བ་འདི་གཉིས་ཐོག་མར་རྒྱལ་པོ་གསལ་རྒྱལ་གྱི་ཕྱག་ཏུ་བཞུགས། དེ་ནས་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་དེ་ཀླུ་ཡུལ་དུ་མི་ལོ་ཉིས་སྟོང་དང་བལ་ཡུལ་དུ་མི་ལོ་ཉིས་སྟོང་བཞུགས།
དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་དེ་བརྒྱ་བྱིན་གྱིས་རྒྱལ་པོ་གསལ་རྒྱལ་གྱི་ཕྱག་ནས་ལྷ་ཡུལ་དུ་སྤྱན་དྲངས་ཏེ་མི་ལོ་ལྔ་བརྒྱར་མཆོད། དེ་ནས་ཨོ་རྒྱན་ཡུལ་དུ་མི་ལོ་ལྔ་བརྒྱ་དང་རྒྱ་གར་ནཱ་ལེནྡྲར་མི་ལོ་བཞི་བརྒྱ། ཨོ་ཏནྟ་པུ་རིར་ལོ་བརྒྱར་བཞུགས།
དཔྱད་གཞི།
༡ རྒྱལ་རབས་གསལ་མེར་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་འདི་སངས་རྒྱས་འོད་སྲུངས་སྐབས་བཞེངས་ཏེ་སངས་རྒྱས་ཤཱཀྱ་ཐུབ་པའི་དགུང་ལོ་བརྒྱད་པའི་སྐུ་ཚད་དུ་ལུང་བསྟན་མཛད་པ་ཞིག་ཡིན་གསུངས་ལ། མཁས་པའི་དགའ་སྟོན་དུའང་། བཀའ་ཆེམས་གཞན་དུ་དེ་བཞིན་སྣང་ཞེས་གསུངས་པས། དེ་ལྟར་ན་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐབས་བཞེངས་པ་མིན་པར་སངས་རྒྱས་འོད་སྲུངས་སྐབས་བཞེངས་པ་ཞིག་ཡིན།
༢ ཆོས་འབྱུང་མཁས་པའི་དགའ་སྟོན་ལྟར་ན། སྐུ་ཆུང་བ་གཉིས་ཀ་མ་ག་དྷའི་རྒྱལ་པོ་ཧེ་མནྟ་ཞེས་པའི་དུས་སུ་ཀླུ་ཡུལ་ནས་རྡོ་རྗེ་གདན་དུ་སྤྱན་དྲངས་ཏེ་ལོ་གྲངས་ལྔ་བརྒྱ་ཕྲག་གཉིས་འདས་རྗེས་རྒྱ་གར་གྱི་རྒྱལ་པོ་དེ་ཝ་པ་ལའི་དུས་སུ་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་ནི་བལ་ཡུལ་དང་། དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་ནི་རྒྱ་ནག་ཏུ་སྤྱན་དྲངས།
༣ ཀ་ཁོལ་མ་ལྟར་ན་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ནི་ནཱ་ལེནྡྲ་དང་ཨོ་ཏནྟ་པུ་རི་མ་གཏོགས་རྡོ་རྗེ་གདན་དུ་བཞུགས་པའི་ལོ་རྒྱུས་མེད་ནའང་། རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་ལྷ་ཁང་སྟེང་མའི་ནང་དུ་རང་རེའི་ཇོ་བོ་འདི་སྔར་བཞུགས་པར་གྲགས་ཞེས་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་ཏུ་གསལ།
༤ ཡུལ་དེ་དག་ཏུ་ལོ་གྲངས་ལྔ་བརྒྱ་རེར་བཞུགས་གསུངས་པ་དེ་སྟོན་པའི་འདས་ལོའི་གྲངས་སོགས་དང་མི་མཐུན་པས་མི་འཐད་ཅེས་༸གོང་ས་ལྔ་པ་ཆེན་པོས་ལྷ་ལྡན་གཙུག་ལག་ཁང་གི་དཀར་ཆག་ཏུ་གསུངས།
གསུམ་པ། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྒྱ་གར་ནས་རྒྱ་ནག་ཏུ་གདན་དྲངས་ཚུལ།
བཀའ་ཆེམས་ཀ་ཁོལ་མ་ལྟར་ན། རྒྱ་གར་གྱི་རྒྱལ་པོ་དྷརྨ་པ་ལས་མུ་སྟེགས་ཏུ་རུ་ཀའི་དམག་ལས་རྒྱལ་ཆེད་རྒྱ་ནག་གི་རྒྱལ་པོར་དཔུང་རོགས་སྦྲན་པའི་ལན་དུ་རྒྱ་ནག་རྒྱལ་པོས་རིན་ཐང་ཆེ་བའི་སྐྱེས་སྔ་ཕྱིར་བསྐུར་བས་ཕན་ཐོགས་ཆེན་པོ་བྱུང་བར་བརྟེན། དེའི་དྲིན་ལན་དུ་རྒྱ་གར་རྒྱལ་པོས་རྒྱ་ནག་རྒྱལ་པོའི་ཐུགས་རེ་ལྟར་ཇོ་བོ་ཤཱཀྱ་མུ་ནེ་སོགས་དཀོན་མཆོག་གསུམ་གྱི་རྟེན་དུ་མ་མཚོ་ཐོག་བརྒྱུད་ནས་རྒྱ་ནག་ལ་བཏང་།
དཔྱད་གཞི།
༡ ཇོ་བོ་རྒྱ་ནག་ཏུ་བྱོན་པའི་སྐབས་ཀྱི་རྒྱ་གར་རྒྱལ་པོ་དེ་ལ་བཀའ་ཆེམས་ཀ་ཁོལ་མར་དྷརྨ་པ་ལ་དང་། མཁས་པའི་དགའ་སྟོན་དུ་དེ་ཝ་པ་ལ་ཞེས་གསུངས་པ་འདི་གཉིས་པཱ་ལའི་རྒྱལ་རྒྱུད་ནང་གི་དེ་བ་པཱ་ལ་དང་དྷརྨ་པཱ་ལ་གཉིས་ཡིན་ཚེ་དེ་ནི་ཇོ་བོའི་སྐུ་བོད་དུ་སྤྱན་དྲངས་ནས་ལོ་བརྒྱ་ཙམ་གྱི་རྗེས་ལ་ཁེལ་བས་མི་འཐད་ཅིང་། དེའི་སྔོན་དུ་བྱོན་པའི་ཙནྡྲའི་རྒྱལ་རྒྱུད་ནང་གི་དྷརྨ་ཙནྡྲ་དང་མཚན་ནོར་བ་ལྟ་བུ་ཡིན་ནམ་སྙམ་སྟེ། རྒྱ་གར་གྱི་རྒྱལ་པོ་དྷརྨ་ཙནྡྲ་དང་སྟག་གཟིག་གི་རྒྱལ་པོ་ཁུ་ནི་མ་མཔྟ་གཉིས་རེས་འཁྲུགས་རེས་འདུམས་ཀྱི་མཐར་འཁྲུགས་ཏེ་མ་ག་དྷ་སོགས་ལ་བཅོམ་ཆག་ཆེན་པོ་བྱུང་རྗེས་དྷརྨ་ཙནྡྲ་འདས། དེའི་ཞང་པོའི་བུ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་རྒྱ་ནག་ཏུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་བརྫངས་པའི་དྲིན་ལན་དུ་རྒྱ་ནག་རྒྱལ་པོས་གསེར་སོགས་ཡོ་བྱད་ཧ་ཅང་མང་པོ་བཏང་འབྱོར་བྱུང་བ་ལ་བརྟེན་ནས་སླར་སྟག་གཟིག་གི་རྒྱལ་པོ་དང་འཐབ་སྟེ་སྟག་གཟིག་ཕམ་པར་བྱས་ཤིང་། སྔར་གྱི་ལྷ་ཁང་ཉམས་པ་ཐམས་ཅད་གསོས་པ་སོགས་དམ་པའི་ཆོས་ལ་དགྲ་བར་པ་བྱུང་བ་སླར་སོས་པའི་ལོ་རྒྱུས་ཡོད་པ་དེའི་བྱུང་རིམ་དང་གཅིག་པར་སྣང་ལ། དུས་ཚོད་ཀྱང་དུས་རབས་གསུམ་པ་བཞི་པ་ལྟ་བུར་ཁེལ་བས་ཧ་ལམ་འགྲིག་མོད། འོན་ཀྱང་དེ་དུས་རྒྱ་ནག་དང་འབྲེལ་བ་བྱེད་མཁན་ནི་དྷརྨ་ཙནྡྲའི་སྤུན་ཉེ་རྒྱལ་པོ་སངས་རྒྱས་ཕྱོགས་ཡིན་པ་ལས་དྷརྨ་ཙནྡྲ་མིན་པ་དང་། དེའི་སྐབས་སུ་རྒྱ་ནག་ལ་ཇོ་བོ་གདན་དྲངས་པའི་ལོ་རྒྱུས་གང་ཡང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་སོགས་སུ་མི་གསལ་བས་ད་དུང་དཔྱད་དགོས།
རྒྱ་ནག་གི་རྒྱལ་པོ་དེ་ལ་ཀ་ཁོལ་མ་རང་དུ་མཚན་མི་གསལ་ནའང་རྒྱ་བོད་ཡིག་ཚང་ཆེན་མོར་ཀ་ཁོལ་མའི་ལུགས་བཀོད་པའི་ནང་དེ་ཝ་ར་ཛ་ཞེས་འབྱུང་ལ། རྒྱལ་རབས་གསལ་མེར་རྒྱལ་པོ་སྤྲི་སྟིམ་ཛ་ཡ་ཞེས་འབྱུང་སྟེ། སྤྲི་སྟིམ་ནི་གའི་ཙིང་རྒྱལ་པོ་དང་གཅིག་ཏུ་འདོད་པར་སྣང་སྟེ་གཤམ་དུ་འཆད།
༢ ཚལ་པའི་དེབ་དམར་དུ། རྒྱ་ནག་ཧུའི་ཅིང་གི་བརྒྱུད་པ་ལ་དུང་ཙིང་དང་། གའི་ཙིང་ཚན་པ་གཉིས་སུ་བྱུང་བའི་གའི་ཙིང་རྒྱལ་པོའི་དུས་སུ། རྒྱ་གར་དང་ལྗང་ཡུལ་གྱི་བར་རྒྱལ་ཁམས་ཆུང་ངུ་ཞིག་ན། སྔར་སངས་རྒྱས་ཤཱཀྱ་ཐུབ་པ་སུམ་ཅུ་རྩ་གསུམ་དུ་བྱོན་པའི་དུས་སུ་བཞེངས་པའི་ལྷ་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་དང་། སངས་རྒྱས་ཀྱི་རིང་བསྲེལ། ཀུ་མ་ར་ཤྲི་ཞེས་པའི་པཎྜིཏ་ཞིག་གི་བུ་ཀུ་མ་ར་ཆུང་བ་བཅས་ཡོད་པ་དམག་བཏང་ནས་རྒྱ་ཡུལ་དུ་སྤྱན་དྲངས་ཚུལ་དང་། ལོ་རྒྱུས་དེ་རྒྱའི་དེབ་གཏེར་རྙིང་པ་ན་ཡོད་ཚུལ་བཅས་གསུངས།
༣ རྒྱལ་རབས་གསལ་མེར། “ཧིའུ་ཙིང་ལ། སྲས་ཆེ་བ་དུང་ཙིང་གིས་རྒྱལ་ས་བཟུང་། དེའི་རྗེས་ལ་དུང་ཙིང་གི་གཅུང་པོ་སི་ཆེན་(བུ་སྟོན་གྱི་ཆོས་འབྱུང་ན། སྤྲི་སྟིམ་རྒྱལ་པོ་ཟེར་བ་འདུག་སྟེ་དོན་མཐུན་གསུངས།)གྱིས་རྒྱལ་ས་བཟུང་། འདིའི་དུས་སུ་ཇོ་བོ་ཤཱཀྱ་དང་ཙན་དན་གྱི་ཇོ་བོ་གཉིས་རྒྱ་ནག་ཏུ་བྱོན་ནས་དམ་པའི་ཆོས་དར་ཟེར་རྒྱའི་ཡིག་ཚང་ན་འདུག” ཅེས་གསུངས་ཤིང་། མཁས་པའི་དགའ་སྟོན་གྱི་རྒྱ་ནག་གི་རྒྱལ་རབས་ཐད་དུའང་དེ་བཞིན་གསུངས། འདིར་གའི་ཙིང་དང་སི་ཆེན་དང་སྤྲི་སྟིམ་གསུམ་གང་ཟག་གཅིག་ཏུ་བཞེད་པར་སྣང་།
༤ སྟག་ཚང་རྫོང་པའི་རྒྱ་བོད་ཡིག་ཚང་ཆེན་མོར། གྭའི་རྩིང་རྒྱལ་པོའི་དུས་སུ། སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་གྲོང་ཁྱེར་རྩྭ་མཆོག་ཏུ་བྱོན་དུས་བཞེངས་པའི་ལྷ། སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནེ་དང༌། སངས་རྒྱས་ཀྱི་རིང་བསྲེལ། པཎྜིཏ་ཀུ་མ་ར་ཆུང་བ་བཅས་གདན་དྲངས་ཞེས་གསུངས། འདིའི་དགུང་ལོ་བརྒྱད་པ་ཞེས་པ་ནི་དགུང་ལོ་བཅུ་གཉིས་ཡིན་དགོས་ཏེ། དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་ནི་རྒྱ་གར་ནས་བལ་ཡུལ་དང་དེ་ནས་བོད་དུ་གདན་དྲངས་པའི་ལོ་རྒྱུས་ཡོངས་གྲགས་ཡིན་པ་ལས་རྒྱ་ནག་ཏུ་གདན་དྲངས་པའི་ལོ་རྒྱུས་མེད་དོ།།
༥ དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དེབ་དམར་མཆན་འགྲེལ་དུ། གའེ་ཙིང་རྒྱལ་པོ་ནི་རྒྱ་སྐད་ཀྱི་ཧུའུ་ཆིན་ཏེ་ཕྱི་ལོ་ ༣༠༤ ནས་ ༤༣༩ བར་བྱུང་བའི་རྒྱ་ནག་གི་ཁ་འཐོར་རྒྱལ་ཁབ་བཅུ་དྲུག་ནང་གི་ཆིན་རྗེས་མའི་རྒྱལ་པོ་ཡིན་པ་དང་། དེས་གདན་དྲངས་པ་ནི་ཙན་དན་ཇོ་བོ་ཡིན་པ་དང་། རྒྱལ་ཁམས་ཆུང་ངུ་དེ་ནི་ཕལ་ཆེར་ཐའེ་གོ་རྒྱལ་ཁབ་ཡིན་ནམ་བརྟག་ཅེས་གསུངས། དུང་དཀར་ཚིག་མཛོད་དུའང་ལོ་རྒྱུས་འདི་ཙན་དན་ཇོ་བོ་རྒྱ་ནག་ཏུ་གདན་དྲངས་པའི་ལོ་རྒྱུས་སུ་གསུངས་ལ། རྒྱལ་ཁམས་ཆུང་ངུ་དེ་ནི་ཤིན་ཅང་ངམ་ལི་ཡུལ་ཡིན་པར་གསུངས།
༦ དེས་ན་གའེ་ཙིང་རྒྱལ་པོས་རྒྱ་ནག་ཏུ་གདན་དྲངས་པའི་ཇོ་བོ་དེ་ནི་ཙན་དན་ཇོ་བོ་དང་ཇོ་བོ་ཤཱཀྱ་མུ་ནེ་གཉིས་ཀ་ཡིན་ནམ་གང་ཞིག་ཡིན་ཞེ་ན། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཙན་དན་ཇོ་བོའི་ལོ་རྒྱུས་དང་། གུང་ལོ་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་སོགས་སུའང་ཙན་དན་ཇོ་བོ་རྒྱ་ནག་ཏུ་གདན་དྲངས་པའི་ལོ་རྒྱུས་ནི་འདི་བཞིན་འབྱུང་ནའང་འདིའི་ཐད་དུ་ཇོ་བོ་ཤཱཀྱ་མུ་ནེ་གདན་དྲངས་སྐོར་ཚིག་ཟུར་ཙམ་ཡང་མེད་པ་སོགས་ལ་གཞིགས་ན། གའེ་ཙིང་རྒྱལ་པོས་གདན་དྲངས་པ་ནི་ཙན་དན་ཇོ་བོ་ཡིན་པ་ལས་ཇོ་བོ་ཤཱཀྱ་མུ་ནེ་མིན་པར་ངེས་སོ་སྙམ།
འོ་ན་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་གར་ནས་རྒྱ་ནག་ཏུ་ཇི་ལྟར་གདན་དྲངས་པ་ཡིན་ནམ་ཞེ་ན། དེའི་ཚུལ་ནི་གོང་དུ་བཀའ་ཆེམས་ཀ་ཁོལ་མ་ལས་གསུངས་པ་དེ་དང་། གཞན་དུ་ཙན་དན་ཇོ་བོའི་ལོ་རྒྱུས་དང་འཁྲུགས་ནས་གསུངས་པ་དེ་ཙམ་ལས་མི་གསལ་བས། དེ་ལ་ད་དུང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
༧ དུང་དཀར་ཚང་གི་དེབ་དམར་མཆན་འགྲེལ་དེ་ལ་བསྐྱར་དུ་དཔྱད་ན། ཆིན་སྔོན་མའི་རྒྱལ་པོ་ཧྤུ་ཅིའན་གྱིས་དམག་དཔོན་ལུའི་ཀོང་ཙན་དན་ཇོ་བོ་གདན་འདྲེན་ཞུ་རུ་བཏང་བ་དང་། དམག་དཔོན་གྱིས་ཙན་དན་ཇོ་བོ་གདན་དྲངས་ནས་ཕྱིར་འཁོར་དུས་ཆང་མི་རིགས་ཀྱི་འགོ་པ་ཡའོ་ཁྲེང་གིས་རྒྱལ་པོ་ཧྥུ་ཅིའན་བསད་ནས་རང་ཉིད་ཀྱིས་ཆིན་རྗེས་མའི་རྒྱལ་ཁབ་བཙུགས་ཡོད་པ་དང་། དམག་དཔོན་ལུའི་ཀོང་གིས་ཟུར་དུ་ལིའང་རྗེས་མ་ཞེས་པའི་རྒྱལ་ཁབ་བཙུགས་པ་བཅས་མཆན་འགྲེལ་རང་དུ་གསལ་བས། ཙན་དན་ཇོ་བོ་རྒྱ་ནག་ཏུ་གདན་འདྲེན་ཞུ་མཁན་ནི་ཆིན་སྔོན་མ་ཡིན་པ་ལས། ཆིན་རྗེས་མ་མིན་པར་མངོན་པས། གའེ་ཙིང་ཞེས་པ་རྒྱ་སྐད་ཀྱི་ཧུའུ་ཆིན་(ཆིན་རྗེས་མ)མིན་པར་ཆན་ཆིན་(ཆིན་སྔོན་མ)ཞེས་པའི་དོན་དུ་བཀྲལ་ན་དངོས་དོན་དང་ཉེའོ།།
བཞི་པ། ཇོ་ཤཱཀ་རྣམ་གཉིས་བོད་དུ་གདན་དྲངས་པ།
དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ནི་རྒྱ་བཟའ་འུན་ཤིང་ཀོང་ཇོས་སྐབས་དེའི་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ནས་བོད་དུ་གདན་དྲངས་པ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་ནི་བལ་བཟའ་ཁྲི་བཙུན་གྱིས་བལ་ཡུལ་ནས་བོད་དུ་སྤྱན་དྲངས་པར་ལོ་རྒྱུས་ཀུན་མཐུན་ཞིང་། སྐུ་གཉིས་ཀྱི་བཞུགས་ཡུལ་ཡང་། ཤཱཀྱ་མུ་ནེ་ནི་རྒྱ་བཟས་བཞེངས་པའི་ར་མོ་ཆེའི་གཙུག་ལག་ཁང་དང་། མི་བསྐྱོད་རྡོ་རྗེ་ནི་བལ་བཟས་བཞེངས་པའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཞུགས།
ལྔ་པ། ཇོ་ཤཱཀ་རྣམ་གཉིས་ཀྱིས་འོ་བརྒྱལ་མྱངས་པའི་ཚུལ།
དེའི་རྗེས་སུ་ཇོ་ཤཱཀ་རྣམ་གཉིས་ཀྱི་སྐུ་ལ་འོ་བརྒྱལ་མང་དུ་བྱུང་བའི་ཚུལ་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་རྦ་བཞེད་དང་སྦྲགས་ནས་གསུངས་པ་སོགས་གཞིར་བཟུང་སྟེ་བརྗོད་ན།
༡༽ རྒྱ་བཟའ་འུན་ཤིང་ཀོང་ཇོའི་ཞལ་ཆེམས་ལྟར་ཇོ་བོ་གཉིས་ཀྱི་བཞུགས་ཡུལ་བརྗེས་ཏེ། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་པའི་སྒོ་རྩིག་པས་བཅད་པའི་ཞལ་བ་ལ་འཇམ་དབྱངས་ཀྱི་སྐུ་བྲིས། དེ་ནས་མང་སྲོང་མང་བཙན་གཤེགས་སྐབས་རྒྱ་དམག་ལྷ་སར་འབྱོར་ནས་ཇོ་བོ་ཤཱཀྱ་མུ་ནེ་ཕྱིར་རྒྱ་ཡུལ་དུ་གདན་འདྲེན་པར་བརྩམས་པ་ན། རྒྱ་དམག་གིས་དང་པོར་ཇོ་བོའི་སྐུ་མ་རྙེད། ཕྱིས་སུ་དེ་ན་བཞུགས་པར་ཤེས་ཀྱང་འཇམ་དབྱངས་ཀྱི་སྐུ་བྲིས་ཡོད་པ་བཤིག་མ་ནུས་པས་ཇོ་བོ་མི་བསྐྱོད་རྡོ་རྗེ་ཁྱེར། ར་སའི་རྨེ་བརྩེགས་ཀྱི་སྐུའི་ཐུགས་ཀ་ནས་སྤྲུལ་པའི་དམག་ཐོན་པས་རྒྱ་དམག་རྣམས་སྐྲག་ནས་འཐོར། ཇོ་བོ་མི་བསྐྱོད་རྡོ་རྗེ་ཤར་ཕྱོགས་འོ་མའི་ཐང་དུ་ཞག་བདུན་ལུས་པས་ཇོ་བོ་འོ་བརྒྱལ་ཐང་དུ་གྲགས།
༢༽ རྒྱ་བཟའ་ཕྱི་མ་གྱིམ་ཤིང་ཀོང་ཇོས་ལྷོ་སྒོ་མེ་ལོང་ཅན་གྱི་སྒོ་ཕྱེས་ནས་ཇོ་བོའི་སྐུ་ལ་མཆོད་པ་བཙུགས། འོན་ཀྱང་མི་རིང་བར་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གཤེགས་ཤིང་སྲས་ཁྲི་སྲོང་ལྡེ་བཙན་སྐུ་ནར་མ་སོན་པའི་སྐབས་ཞང་བློན་མ་ཞང་གྲོམ་པ་སྐྱེས་ཀྱིས་ཆོས་སྣུབ་པའི་ལས་དུ་མ་བརྩམས་ཏེ། ཇོ་བོ་ཤཱཀྱ་མུ་ནེ་རྒྱའི་ལྷ་ཡིན་པས་སླར་རྒྱ་ཡུལ་དུ་བསྐྱལ་བར་བྱ་ཟེར་ནས། འབྲེང་བའི་དྲ་བར་བཅུག་སྟེ་སྒོར་བཏོན། མི་སྟོང་གིས་དྲུད་ནས་མཁར་བྲག་གདོང་དུ་སླེབས་རྗེས་མ་ཐེག་པས་དེ་གར་བྱེ་མའི་དོང་དུ་སྦས།
ཡང་རྒྱ་ལྷའི་མེས་པོ་དང་པོ་རྒྱ་གར་ནས་འོངས་པས་རྒྱ་གར་དང་ཉེ་བར་བསྐྱལ་བར་བྱ་ཟེར་ནས་བྱེ་དོང་ནས་བཏོན་ཏེ། དྲེའུ་གཉིས་ལ་ཁྱོགས་བགྱིས་ནས་མང་ཡུལ་དུ་བསྐྱལ། ཕྱིས་སུ་ཞང་བློན་མ་ཞང་གྲོམ་པ་སྐྱེས་སོགས་ཆོས་ལ་མི་དགའ་བའི་བློན་པོ་རྣམས་ཚར་བཅད་དེ་མཁན་སློབ་གཉིས་གདན་དྲངས་པ་དང་བསྟུན་ཇོ་བོའི་སྐུ་མང་ཡུལ་ནས་ལྷ་སར་སྤྱན་དྲངས།
༣༽ རྒྱལ་པོ་གླང་དར་མས་བསྟན་པ་སྣུབ་སྐབས་ཇོ་བོ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་མ་བཅས་ཆུ་ལ་སྐྱུར་ཅིག་ཟེར་བ་ན་བློན་པོ་ཆོས་ལ་དགའ་བ་འགས་ཆུ་ལ་བསྐྱུར་ཟིན་པ་སྐད་དུ་བྱས་ནས་ལྷ་སྐུ་སོ་སོའི་ཁྲི་འོག་ཏུ་སྦས། གཙང་ཁང་གི་སྒོ་རྩིག་པས་བཅད་པའི་ངོས་སུ་བཙུན་པ་ཆང་འཐུང་བའི་རི་མོ་བྲིས། གཙུག་ལག་ཁང་དང་བསམ་ཡས་གཉིས་ཀར་དང་པོར་བཤས་ཁང་དང་། ཕྱིས་སུ་ཝ་ཚང་དང་སྤྱང་ཚང་བཅས།
༤༽ བོད་དུ་འབངས་གྱེན་ལོག་བྱུང་རྗེས་ར་མོ་ཆེ་དང་འཕྲུལ་སྣང་གི་གཙུག་ལག་ཁང་གཉིས་ཀར་སྤྲང་ཚང་བཅས་ཏེ་ལྷ་ཁང་ཐམས་ཅད་དུ་བས་མོག་པོར་བྱས་པ་རིང་ཞིག་བྱུང་། དེའི་ཚེ་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་དང་མདོལ་ཆུང་སྐོར་དཔོན་གྱིས་སྤྲང་ཁང་ཟུར་དུ་བཙུགས་ཏེ་སྤྲང་པོ་རྣམས་བཏོན། ལྷ་ཁང་གཉིས་རྟེན་དང་བརྟེན་པར་བཅས་པ་ཞིག་གསོ་དང་ཞབས་ཏོག་རྒྱ་ཆེར་མཛད། མདོལ་ཆུང་སྐོར་དཔོན་གྱིས་རང་ལུས་མཆོད་མེར་ཕུལ། གཙུག་ལག་ཁང་གཉིས་སུ་ཀླུ་མེས་རྦ་རག་འབྲིང་ཚོ་སྟེ་སྨད་འདུལ་གྱི་སྡེ་བཞི་ཆགས་ནས་བཤད་ཉན་དར།
༥༽ དེའི་རྗེས་རྦ་འབྲིང་གཉིས་ཀྱི་སྡེ་འཁྲུག་བྱུང་བས་གཙུག་ལག་ཁང་ཐམས་ཅད་དམག་གིས་ཞིག་པ་ན་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོས་འཁྲུག་པ་བསྡུམས་ཤིང་། ལྷ་ཁང་ཉམས་གསོ་དང་འབྲེལ་ཇོ་བོ་ཤཱཀྱ་མུ་ནེ་གཙང་ཁང་ལྷོ་མར་བཞུགས་པ་ནས་དབུས་མར་སྤྱན་དྲངས་ཏེ་མཆོད་པ་དཔག་མེད་མཛད། ཡ་ཙེའི་རྒྱལ་པོ་སྔ་ཕྱིས་ཇོ་བོའི་དབུ་ཐོག་ཏུ་གསེར་ཐོག་བཞེངས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཇོ་བོའི་སྐུ་ལ་གསེར་གྱི་དབུ་རྒྱན་ཕུལ་ཏེ་ལོངས་སྐུར་ཞལ་བསྒྱུར་ཅིང་ཆོ་འཕྲུལ་གྱི་མཆོད་པ་རྒྱ་ཆེན་པོ་བཙུགས་པ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་རིམ་བཞིན་ཉམས་པ་སླར་གསོ་བྱུང་།
དཔྱད་གཞི།
ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་གནས་ཐད།
༡ ཐོག་མར་ར་མོ་ཆེའི་གཙུག་ལག་ཁང་དུ་བཞུགས། སྲོང་བཙན་འདས་རྗེས་ར་ས་འཕྲུལ་སྣང་གི་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས།
༢ རྒྱ་བཟའ་ཕྱི་མས་ལྷོ་སྒོ་མེ་ལོང་ཅན་གྱི་སྒོ་ཕྱེས་ནས་ཇོ་བོར་མཆོད་པ་བྱས་ཚུལ་ཙམ་ལས་ཇོ་བོ་ལྷ་ཁང་གཞན་དུ་གདན་དྲངས་ཚུལ་རྦ་བཞེད་སོགས་སུ་མི་གསལ་ནའང་། དེ་སྐབས་གཙང་ཁང་དབུས་མར་སྤྱན་དྲངས་ཏེ་བཞུགས་ཞེས་རྒྱལ་དབང་ལྔ་པའི་ལྷ་ལྡན་གཙུག་ལག་ཁང་གི་དཀར་ཆག་ཏུ་གསུངས།
༣ དེ་རྗེས་མང་ཡུལ་དུ་གདན་དྲངས་པ་ཕྱིར་ལྷ་སར་སྤྱན་དྲངས་སྐབས་ར་མོ་ཆེར་བཞུགས་ཞེས་དང་གཙང་ཁང་ལྷོ་མར་བཞུགས་ཞེས་མཁས་པའི་དགའ་སྟོན་དུ་མི་འདྲ་བ་གཉིས་གསུངས།
༤ ཡང་མཁས་པའི་དགའ་སྟོན་དུ་བསྟན་པ་ཕྱི་དར་སྐབས་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོས་གཙང་ཁང་ལྷོ་མ་ནས་དབུས་མར་སྤྱན་དྲངས་ཞེས་གསུངས་པས། ཇོ་བོའི་བཞུགས་གནས་ལན་མང་བརྗེ་དགོས་བྱུང་ཡོད་པ་དང་བསྟུན། མཆོད་པའི་རྒྱུན་སོགས་ཞབས་ཏོག་ཀྱང་ལན་མང་ཉམས་ཡོད་པར་མངོན།
༦༽ འོད་ཟེར་གྱིས་བརྩམས་པའི་གསར་བརྗེ་ཞེས་པའི་དེབ་ཏུ་འཁོད་པ་ལྟར་ན། ཉེ་རབས་ཀྱི་རིག་གནས་གསར་བརྗེའི་གོད་ཆག་སྐབས་ལྷ་ལྡན་གཙུག་ལག་ཁང་དུ་ཕག་ཚང་དང་། བཤས་ར། གསར་བརྗེའི་འགྲེམས་སྟོན་ཁང་། དམག་མིའི་ཉལ་ཁང་དང་ལས་ཁུངས། སྣེ་ལེན་ཁང་། མགྲོན་ཁང་། གློག་བརྙན་བསྟན་ས་སོགས་བཟོས་ཤིང་། ཇོ་བོའི་སྐུ་ལ་དམར་སྲུང་དམག་གིས་འཇོར་གཞུས་ཏེ་ཨི་ཁུང་བཏོད། སྐུའི་རྒྱན་ཆ་ཐམས་ཅད་བཀོག་སྟེ་ཁྱེར། དབུ་ལ་དམའ་འབེབས་ཀྱི་ཤོག་ཞྭ་རིང་པོ་བསྒྲོན། ཐལ་རྡུལ་དང་གད་སྙིགས་ཁྲོད་སྐུ་རྐྱང་དུ་ལྷག་པ་སོགས་འོ་བརྒྱལ་ཆེན་པོ་བྱུང་། བསྟན་པ་ཡང་དར་གྱི་འགོ་ཚུགས་པ་དང་རིམ་བཞིན་ཉམས་གསོ་ཞུས།
ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་སྟོད་སྐུ་སྨད་སོ་སོར་ཕྲལ་ཏེ་བརླགས་པ་ཕྱིས་སུ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་པེ་ཅིང་གི་མཛོད་ཁང་ཞིག་ནས་རྙེད་དེ་སྐུ་བསྐྱར་དུ་སྒྲིག་བཞེངས་མཛད་པ་སྔར་བཞིན་ར་མོ་ཆེའི་གཙུག་ལག་ཁང་དུ་བཞུགས་ཡོད་པ་བཅས་ཇོ་ཤཱཀ་རྣམ་གཉིས་ཀྱི་ལོ་རྒྱུས་ལ་བསྐྱར་ཞིབ་མདོ་ཙམ་མོ།།
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༨ ལ།