པདྨ་ཚེ་དབང་ཤཱསྟྲིས།
མིག་ཆུ།
སུ་ཞིག་གི་སྡུག་བསྔལ་ཐོས་ནས།
ངའི་མིག་ནང་དུ།
མིག་ཆུ་ཞིག་འཁོར།
མིག་ཆུ་འདི་ཅི་རེད།
མིག་ཆུ་འདི་དཔང་པོ་ཞིག་ཨེ་རེད།
མིག་ཆུ་འདི་དཔང་རྟགས་ཤིག་ཨེ་རེད།
ངའི་མི་ཚེའི་ལྷད་མེད་ཀྱི་འོད་སྣང་ཁྲོད་ནས།
ངའི་སེམས་སྡུག་དང་། འགྲོ་བ་མི་རིགས་གྲོགས་འབྲེལ་གྱི།
མིག་ཆུ་འདིས་འདི་ལྟར་ཤོད་བཞིན་ཡོད་དམ།
ངའི་བྲང་ནང་དུ་ཚོར་རྐྱེན་པའི་སྙིང་ཞིག་ཡོད་ལ།
དེ་ཡིས་གཞན་གྱི་སྙིང་ལ་རེག་པའི་གཏམ་རྒྱུད་ཐོས།
ཐོས་པའི་མོད་ལ་སྙིང་རྩ་འདར།
གཞན་གྱི་མེ་ལྕེའི་ནང་དུ་སྲེག་བཞིན།
བཞུ་བཞིན།
འོན་ཀྱང་ངས་རང་གིས་རང་ལ་དྲིས།
གཏམ་རྒྱུད་འདི་ད་ལྟ་ཐོས་པ་ཡིན།
མིག་ཆུ་འདི་ཡང་ད་ལྟ་ཟགས་པ་ཨེ་ཡིན།
མིག་ཆུ་འདི།
དེ་སྔོན་གང་དུའང་མེད་པ་ཞིག
ངས་རྟོགས་དགོས་སམ།
ང་ལ་ནི་འདི་གནས་གང་ཞིག་ཏུ་ཡོད་པའི་ཐེ་ཚོམ་བྲལ།
འདི་ནི་ངའི་མིག་དང་སྙིང་གི་དབར།
འགྱངས་ཐག་ཇི་ཡོད།
གང་དུ་ཀུན་རྟོག་གི་གྲོང་ཁྱེར་ཆགས་པ་དང་།
གང་དུ་རྨི་ལམ་གྱི་དུར་ས་ཡོད་པ།
གང་དུ་བརྩེ་བའི་སྐྱེད་ཚལ་བཅོམ་སྟེ།
ཞེ་འཁོན་དྲག་པོའི་ཚེར་མ་ཡོད་པ་ལས།
དེ་མིན་ཅི་ཡང་མེད་ས།
དེ་ནས་མདུན་ཕྱོགས་སུ།
རྙོག་འཛིང་གི་ཤིང་ནགས་བསྟུག་པོ་ཡོད།
མིག་ཆུ་འདི།
ཕལ་ཆེར་ཉིན་མང་པོའི་སྔོན་ནས།
དེ་རུ་ཡིབས་ཏེ་གནས།
གང་གིས་འདི་ལ་སྐྱེ་བའི་རྒྱུ་བྱེད་པོ།
དེ་ནི་དུཿཁའི་ངན་བྱུས་ལག་འོག་ཏུ།
ཚུད་དེ་ཤི་ནས་དུས་ཡུན་རིང་པོ་སོང་།
དེས་ན་མིག་ཆུས་སུ་ལ་སྤོབས་པ་བྱེད།
ད་ནི་རྒྱུ་རྐྱེན་བྲལ་བའི་མིག་ཆུར་གྱུར།
དྭ་ཕྲུག་གི་མིག་ཆུ། མགོན་མེད་ཀྱི་མིག་ཆུ།
ཡིད་བརྟན་བྲལ་ཏེ།
བགྲོད་ལམ་ལ་ཆ་རྒྱུས་མེད།
དེས་ན་འགྲོ་གིན་འགྲོ་གིན།
འགྲོ་མཚམས་བཞག་སྟེ།
ཧྲེངས་ཏེ་ལུས་པ་རེད།
ཐེ་ཚོམ་ཟས་པ་རེད།
ད་རིང་འདི་ནས་གང་གི་མྱ་ངན་གྱི།
གཏམ་རྒྱུད་འགྲུལ་ཚོ་འདི་ནི་འགྲོ་སྐབས་སུ།
གལ་ཏེ་གཏམ་རྒྱུད་འདི་ཡིས་སྐྱོབ་སྙམ་པ།
དྭ་ཕྲུག་མིག་ཆུས་འདི་ལྟར་ཤེས་པའི་ཚེ།
ཡོང་སྲིད་པ་ནི།
ལམ་རྙེད་རྒྱུ་རེད།
དེས་ན་གཏམ་རྒྱུད་ཅིག་གི་མཛུབ་མོར་འཇུས་ཏེ།
དེའི་མྱ་ངན་ཞི་ཐབས་བྱེད་བཞིན།
དེ་ཉིད་ཀྱི་སྐོར་ལ།
བདེན་པ་དང་རྫུན་གྱི་དྲི་བ་གཏོང་བཞིན།
འདི་ངའི་མིག་ནང་དུ་སླེབས་པ་རེད།།
པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༢༡ ཟླ་༧ ཚེས་༡༨ ཉིན་བསྒྱུར།
མ་ཡིག་གི་འབྲེལ་ཐག་འདིར་སྣོན།
https://www.rekhta.org/nazms/aansuu-javed-akhtar-nazms?lang=hi