འོས་སྦྱོར་བ། རྫ་ཚེ་རིང་བཀྲ་ཤིས།
བདེ་གཤེགས་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་ཐུགས་སྲས་གྲུབ་ཐོབ་ཉག་རེ་སེ་བོའམ། ཉག་སེ་རིན་ཆེན་རྒྱལ་མཚན་གྱི་མགུར་གླུ །
ན་མོ། རྗེ་བཙུན་མཚུངས་མེད་འགྲོ་བའི་མགོན། །བདག་སོགས་འགྲོ་རྣམས་སྐྱབས་ཏུ་གསོལ། །བཀའ་བརྒྱུད་བདུན་གྱི་བསྟན་པ་དར་བར་ཤོག །མི་མཇེད་འཇིག་རྟེན་ཁམས་དག་ཏུ། །སྟོན་པའི་བསྟན་པ་རིན་པོ་ཆེ། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་ཀྱང་། །གང་འདུལ་ཆོས་ཀྱི་འཁོར་ལོ་བསྐོར། །འགྲོ་བ་འདྲེན་པ་ཐུགས་རྗེའི་བདག །མི་འགྱུར་རྡོ་རྗེ་ལྟ་བུའི་ཚིག །ཁོ་བོ་བློ་འདས་འཛིན་པ་བྲལ། །ངོ་བོ་ཤེས་ནས་དེ་ཉིད་སྟོང་། །སེམས་ཉིད་ཆུ་བོ་རྒྱ་མཚོ་ལྟ་བུ་ལ། །འཁོར་འདས་ཆུ་བྲན་དཔག་མེད་གནས། །ཐམས་ཅད་དེའི་ངང་དུ་གནས། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་། །ང་ལ་མ་བྱུང་ཆོས་གཞན་མེད། །དུ་མ་རོ་གཅིག་སེམས་ཀྱི་གནད། །རྩེ་གཅིག་ངང་ལ་སྟོང་གསུམ་བསྒོམ། །ཕྱིར་འོང་ཚིག་ལ་ཕྱི་བཞག་མེད། །བླ་མ་མཆེད་གྲོགས་སློབ་དཔོན་རྣམས། །ཁོ་བོ་དོན་ཡོད་དོན་མེད་ལ། །ཁྱེད་ཅག་ཐུགས་ཚིག་ཟ་ལགས་ཀྱང་། །འོས་དང་མི་འོས་འགའ་འགའ་ཡིས། །བརྗེད་སློང་སྨྱོན་པའི་དྲན་བསྐུལ་ལགས། །མཁའ་ལ་གཟའ་སྐར་མང་ལགས་ཀྱང་། །ཉི་མས་གཟའ་སྐར་ཟིལ་ནོན་ལྟར། །མཁས་པ་སྟོན་པ་མང་ལགས་ཀྱང་། །བསྟན་པ་ལ་ཕན་པ་ཁོ་བོ་ཙམ། །སྟོན་པའི་བསྟན་པ་མི་བཙོང་བ། །ཉག་སྨྱོན་མི་ཡི་གསོན་འདྲེ་ཡིན། །ད་ལྟར་ཁོ་བོ་མི་འགྲིམས་ཏེ། ། ཕྱི་མ་ཉག་སེའི་ཆེ་བ་བརྗོད། །ཚེ་འདིའི་དོན་འགྲུབ་མང་ལགས་ཏེ། །གཏན་བདེ་བསྒྲུབ་པ་ཁ་བོ་ཙམ། །ཚུལ་ཆོས་མཛད་པ་ཀུན་ཡིན་ཏེ། །སྣང་བ་ཐག་ཆོད་ཁོ་བོ་ཙམ། །རང་དོན་བྱེད་པ་ཁྱེད་ཅག་སྟེ། །གཞན་དོན་བསྒྲུབ་པ་ཁོ་བོ་ཙམ། །བློ་བྱས་མང་བ་ཁྱེད་ཅག་སྟེ། །བློ་བྲལ་དཔེ་མེད་ཁོ་བོ་ཙམ། །སྡིག་ལ་སྤྱོད་པ་ཁྱེད་ཅག་སྟེ། །ཆོས་དྲི་མེད་རྣམ་དག་ཁོ་བོ་ཙམ། །མི་དགེ་ངན་འགྲོ་ཁྱེད་ཅག་སྟེ། །དགེ་བ་མཐར་ཕྱིན་ཁོ་བོ་ཙམ། །རང་མགོ་ཐོན་པ་ཁྱེད་ཅག་སྟེ། །གཞན་མགོ་ཐོན་པ་ཁོ་བོ་ཙམ། །ད་ལྟ་དཔའ་བོ་ཁྱེད་ཅག་སྟེ། །གཏན་ཏུ་རྒྱལ་བ་ཁོ་བོ་ཙམ། །ངན་འགྲོ་ཕྱིར་ལོག་ཁྱེད་ཅག་སྟེ། །མཐ་རིས་ཡར་ལོག་ཁོ་བོ་ཙམ། །ལག་ལེན་ཟ་ཁའི་ཁ་ཆོས་ལ། །རྗེས་སུ་ཡི་རང་ངས་མི་བྱེད། །མཁས་པས་སེམས་རྟོགས་དོན་གཉིས་འགྲུབ། །སེམས་ཀྱི་དྲི་མ་མ་དག་པས། །ཆེ་འདོད་བཟང་འདོད་འདོད་པ་མང་། །སངས་བས་ན་ཡང་རྒྱས་པ་དཀོན། །ད་ལྟ་བློ་ཐག་མི་བཅད་ན། །བར་དོ་འགའ་རེར་འོ་རེ་རྒྱལ། །ད་ལྟ་དམན་ས་བཟུང་བས་ན། །ཕྱི་མ་མཐོ་རིས་ལོས་སུ་བགྲོད། །འཁོར་བའི་གཅོང་ནད་མ་བསལ་ན། །མྱང་འདས་བདེ་བ་ཐོབ་པར་དཀའ། །བླ་མའི་བཀའ་ལ་མ་བསྟེན་ན། །སློབ་མའི་སེམས་ལ་བདེ་དུས་མེད། །མཆེད་གྲོགས་ཕྱིར་འོང་གཟབ་པར་ཞུ། །ཉག་སེ་ཐང་ཅིག་ཤི་ཟིན་གྱིས། །ཁ་ཆེམས་འདི་ལ་ཡང་ཡང་གཟིགས། །འདི་མཐོང་རྒྱལ་བའི་སྲས་གྱུར་ཅིག །ཨི་ཐི། །