ཨེ་མ་ཧོ།
ན་མོ་གུ་རུ་ལོ་ཀི་ཤཱ་ར་ཡེ།
ཁ་བའི་འདབ་སྟོང་ལྷབ་ལྷུབ་གཡོ་བའི་ཞིང་།།
གངས་ལྗོངས་ལྟ་ན་སྡུག་པའི་གནས་མཆོག་ཏུ།།
རྣམ་དག་ཐུབ་བསྟན་མཇལ་བའི་སྐལ་བཟང་བདག།
ཆུང་ནས་ཆོས་དང་འཕྲད་པའི་སྣང་བ་སྤྲོ།།
ངེས་ལེགས་གཏན་བདེའི་འདོད་པ་འཇོ་བའི་དཔྱིད།།
མཚུངས་མེད་དགེ་བའི་བཤེས་གཉེན་ཡིད་བཞིན་ནོར།།
གཙུག་གི་རྒྱན་དུ་ཐོབ་པའི་རྩེ་དགའ་ཡིས།།
སྐལ་བཟང་ལམ་སྣ་ཟིན་པས་སྣང་བ་སྤྲོ།།
ཕྱི་ཚུལ་ངུར་སྨྲིག་གར་གྱི་ཆོས་གོས་མཛེས།།
ནང་དུ་གཞན་ཕན་བདུད་རྩིའི་ཐིགས་ཕྲེང་འཛུམ།།
གསང་ཆེན་རྡོ་རྗེ་ཐེག་པའི་སྐལ་བཟང་ཐོབ།།
ཐར་འདོད་རང་ལག་ཟིན་པས་སྣང་བ་སྤྲོ།།
འཕགས་བོད་མཁས་གྲུབ་བཀའ་དྲིན་ལས་བྱུང་བའི།།
མདོ་སྔགས་རིག་གཞུང་ཆོས་ཚོགས་ཡོངས་འདུའི་ལྗོན།།
མ་སྨད་དོན་ཟབ་གེ་སར་གསར་པ་ཀུན།།
མ་ཉམས་ལོངས་སུ་སྤྱོད་པས་སྣང་བ་སྤྲོ།།
རྣམ་དཀར་ལས་ཀྱི་ཅང་ཤེས་བྷ་ལ་ཧར།།
སྦྱང་བརྩོན་དར་དཀར་ལྕག་ཚན་གྱིས་བསྐུལ་ནས།།
རྣམ་གྲོལ་ཞི་བའི་གླིང་གི་ལམ་སྟེགས་སུ།།
བགྲོད་པའི་སྐལ་བཟང་ཨེ་མ་སྐྱིད་པ་ལ།།
ཨེ་མ་རིང་ནས་འདྲིས་པའི་རིག་པའི་བུ།།
སྐལ་བཟང་ཉི་མ་དར་ཅིག་ཤར་དུས་འདིར།།
དོན་མེད་བྱ་བཞག་ཁོ་ནས་མ་མདའ་བར།།
རྣམ་དག་ཆོས་ལ་བརྩོན་དང་འདི་ཕྱིར་བདེ།།
ཞེས་པའང་རབ་རྒྱན་ལྕགས་སྦྲུལ་གྲོ་བཞིན་ཟླ་བའི་དབང་ཕྱོགས་རྒྱལ་བ་གསུམ་པར་ཤྲཱི་དགྱེས་པ་རྡོ་རྗེས་གསེར་ལྗོངས་ཆོས་ཀྱི་གྲོང་ཁྱེར་ནས་མྱུར་བྲིས་བགྱིས་པ་སརྦ་མངྒ་ལཾ།།