དགོང་ཟས་ཟོས་ཟིན།
གཅིན་པ་བཏང་ཟིན།
ཉལ་སའི་ནང་དུ་ཡང་འཛུལ་ཟིན།
ཉིན་གཅིག་གི་བྱ་བ་ཉག་ཉོག་ཡོད་ཚད་ཚར་སོང་བ་འདྲ།
ད་ནི་ཉིན་ཐོ་འདིའི་ཁ་བསུམ་པའི་དུས་ཚོད་རེད།
ད་ནི་མིག་གཉིས་བཙུམས་ནས་གཉིད་པའི་དུས་ཚོད་རེད།
ཡིན་ན་ཡང་ཉལ་སའི་ནང་ནས་ཁོག་སྟོད་དགྱེ་སྟེ་ཅིག་འབྲི་ན་འདོད་ཀི
ཚོར་སྣང་ཞིག་ལ་ཕྱི་རོལ་ཏུ་ཁ་བ་འབབ་བཞིན་འདུག་ཅིང་།
དེ་ཡང་གཏིང་མཐའ་བྲལ་བའི་ནམ་མཁའི་དབྱིངས་རུམ་ཞིག་ནས་འབབ་བཞིན་པའི་ཚོར་སྣང་ཞིག་འདུག
མུན་ནག་གི་ཁྲོད་དེར།
གྲོགས་པོ་འདས་པོ་ཞིག་གི་རྣམ་ཤེས་ཀྱིས་གྲང་འདར་རྒྱག་བཞིན་ང་ལ་གནས་ཚང་གཡོར་བཞིན་པའི་ཚོར་སྣང་ཞིག་ཀྱང་འདུག་པས།
མྱུར་དུ་ཡར་ལངས་ཏེ་ཕྱི་རོལ་ཏུ་ལྟ་ཙམ་བྱེད་པར་འགྲོ་འདོད།
ཡིན་ན་ཡང་།
རྒྱལ་ཁབ་འདིའི་མི་རེའི་ལག་ན་མེ་མདའ་རེ་ཡོད་པ་བདེན་སྲིད་ལ།
སྲང་བར་དང་ཁུག་ཀྱོག་དག་ཏུ་ཇག་རྐུན་ཡོད་པ་ཡང་བདེན་ངེས་པས།
ང་རང་འདི་ལྟར་ལག་སྟོང་མཆན་ལ་བཙུར་ནས་མུན་ནག་གི་ཁྲོད་དུ་འགྲོ་སྲོལ་ཞིག་གང་ན་ཡོད།
དེ་ལྟ་བུའི་འཆར་ཡན་འཇིགས་པོ་ཞིག་གིས།
ང་རང་གྲོགས་པོའི་རྣམ་ཤེས་ལ་ཐུག་འཕྲད་བྱེད་རྒྱུར་བར་ཆད་ཚད་མེད་ཅིག་བཟོས་སོང་།
གྲོགས་པོ་གྲང་གིན་ཡོད་སྲིད།
གྲོགས་པོ་ལྟོགས་ཀིན་ཡོད་སྲིད།
གྲོགས་པོ་སྐོམ་བཞིན་ཡོད་སྲིད།
གྲོགས་པོ་ངུ་བཞིན་ཡོད་སྲིད།
གྲོགས་པོ་སྐྲག་བཞིན་ཡོད་སྲིད།
གྲོགས་པོ་ཞིག་ཡིན་པའི་ཆ་ནས།
ངས་འདི་ལྟར་གྲོགས་པོ་དེ་མུན་ནག་དང་གྲང་རླུང་གི་ཁྲོད་དུ་བསྐྱུར་ན་ཇི་ལྟར་འཚམ།
ངས་འདི་ལྟར་ཤི་གསོན་གྱི་བར་དུ་ལུས་པའི་རྣམ་ཤེས་ཤིག་ལ་མནར་གཅོད་བཏང་ན་ག་ནས་འགྲིག
མུན་ནག་གི་ཁྲོད་དུ་རྣམ་ཤེས་གྲངས་ལས་འདས་པ་ཞིག་ཡོད་ཅེས།
ལོ་ངོ་དུ་མའི་སྔོན་ལ་སློབ་དཔོན་དམ་པས་ཡང་ཡང་གསུངས་ཤིང་།
དེ་དུས་ངས་ཕྱི་རོལ་ཏུ་བརྒྱུགས་ནས་བན་ཆུང་ཚོ་དང་མཉམ་དུ་རྩེད་མོ་རྩེད་རྒྱུ་ལས་ཅི་ཡང་བསམ་ན་མི་འདོད།
དེ་དུས་ངའི་སེམས་པ་འདི་ནི་དོ་དགོང་ས་ལ་འཐོར་བའི་ཁ་བ་རྡོག་གཅིག་དང་འདྲ་བར།
སང་ཉིན་ཞོགས་པའི་ཉི་ཟེར་འཇམ་པོ་ཞིག་གི་རྨི་ལམ་ལས་གཞན་ཅི་ཡང་འཐོབ་མི་འདོད།
ད་ནི་ཅི་ཞིག་བྱུང་ན་ཡང་བྱུང་།
མདུན་གྱི་གློག་ཀླད་ནང་དུ་འདི་ལྟ་བུའི་མགོ་མཇུག་སྦྲེལ་ཐབས་བྲལ་བའི་ཡིག་ཕྲེང་འགའ་བྲིས་རྗེས།
སང་ཉིན་ཞོགས་པ་བར་དུ་མིག་གཉིས་བཙུམ་རྒྱུ་ཡིན།
སང་ཉིན་ཞོགས་པ་བར་དུ་གཉིད་ནས་འདུག་རྒྱུ་ཡིན།
སང་ཉིན་ཞོགས་པ་བར་དུ་བརྒྱལ་ནས་འཆི་རྒྱུ་ཡིན།
གྲོགས་པོ་ལགས།
མུན་ནག་དང་ཁ་བའི་ཁྲོད་དེར།
ངོ་མ་ང་ལ་ཁོང་ཁྲོ་མ་ཟ།
ངོ་མ་ང་ལ་བློ་ཕམ་མ་སྐྱེ།
ཕྱི་ལོགས་སུ་མུན་ནག་འཐིབས་ཡོད་པས།
ཕྱི་ལོགས་སུ་གྲང་རླུང་ལྡང་བཞིན་ཡོད་པས།
ཕྱི་ལོགས་སུ་ཁ་བ་འབབ་བཞིན་ཡོད་པས།
ངས་ཁྱེད་ལ་དགོངས་དག་མི་ཞུ་ཀ་མེད་རེད།
བཀླགས་པ་ཡིན།
ལེགས་པོ་འདུག ན་གཞོན་ཚོར་མིག་དཔེ་འོས་པ་ཞིག་ཀྱང་འདུག་པས། མུ་མཐུད་རོག་གནང་།ཐུགས་རྗེ་ཆེ།
ད་ཆོ་ཁྱོན་ནས་མི་འདུག
ཀླུ་སྨྱོན་གྱི་ཀླུ་ཚིག་རེ་རེས།
ཁྱམ་པོ་ངའི་སྙིང་རྩར་འགུལ་སོང་།