གངས་ཉི་གཞོན།
སྔོན་རབས།
དུས་སྔ་མ་སྔར་གྱི་དུས་ནས།། བོད་སྡེ་པ་གཞུང་གི་བདེ་དོན།། ལྷ་ལྷ་མོར་ལུང་བསྟན་ཞུས་སོ།། སྐུ་ཞབས་རིམ་གྲངས་མེད་ཕབ་བོ།། རྒྱ་དམར་པོས་དཔུང་འགོ་རྩམ་དུས།། མཐུ་ཟོར་སྣ་ལུང་གིས་དྲངས་སོ།། བོད་ཆོས་ལྡན་དག་པའི་ཞིང་ལ།། མཐའ་ཀླ་ཀློས་གནོད་པ་མིན་པར།། ཞལ་གཙང་མས་ལུང་སྟོན་བྱས་སོ།། དུས་ཐ་མ་མཐའ་ལ་ཐུག་དུས།། བོད་བསྐྱབ་རྒྱུ་ཕ་རིའི་སྤང་ལྗོངས།། ལྷ་རང་མགོ་མ་ཐོན་བྲོས་སོ།། རྒྱ་ཀླ་ཀློས་ས་གཞི་བཀབ་ཅིང་།། སྐྱབས་དཀོན་མཆོག་གདོན་བགེགས་ཟེར་དུས།། ལྷ་མཐུ་ཆེན་ག་སོང་མེད་དོ།། དེ་ཡ་མཚན་ནང་གི་ཡ་མཚན།། དེ་ཡ་མཚན་དངོས་བྱུང་ལོ་རྒྱུས།། བྱུང་མིག་མཐོང་ལག་ཟིན་ཡིན་ནོ།། །།

ད་རྒྱུས།
རྒྱལ་བས་སྐུ་དབང་འབངས་ལ་གནང་སོང་།། འབངས་ཀྱིས་སྲིད་དབང་བཀའ་སྤྱིར་ཕུལ་སོང་།། བཀའ་སྤྱིས་འགན་དབང་ལྷ་ལ་ཕུལ་སོང་།། ལྷ་དང་ལྷ་མོའི་དགོངས་པ་འཁྲོས་སོང་།།བཀའ་སྤྱིའི་འགྲམ་པར་འགྲམ་ལྕག་བཞུས་སོང་།། ཞལ་གདང་སྤྱན་བགྲད་དབུ་སྤྲུག་གནང་སོང་།། ཞབས་བརྡབས་སྐུ་བསིགས་གན་ལ་བརྒྱལ་སོང་།། འབྲོང་ཆུང་ཞེད་ནས་སྙིང་ཆུང་གཡུགས་སོང་།། འདྲོག་འགོ་ལངས་ནས་དགོངས་པ་ཞུས་སོང་།། འདར་སྐད་བཀྱོན་གྱིན་བཟང་སྤྱོད་གླེངས་སོང་།། བཀའ་བློན་བདེ་སྐྱིད་སྔོན་ལ་ཐོན་སོང་།། ཆོས་དབྱངས་གསལ་བཤད་ང་རས་ཁེངས་སོང་།། དེང་རབས་གསར་པ་ཉེར་གཅིག་ཤར་སོང་།། རྒྱལ་སྤྱིའི་དམངས་གཙོ་འབངས་ཀྱིས་སྤྱད་སོང་།། བོད་ཀྱི་དམངས་གཙོ་ལྷ་ལ་ཕུལ་སོང་།། ལྷ་ཕྱག་གཡར་ནས་དམངས་མགོ་མནན་སོང་།། དུས་རབས་བར་མར་བསྐྱར་ལོག་བྱས་སོང་།། མི་ཚོས་གོམ་པ་མདུན་དུ་སྤོས་སོང་།། ང་ཚོས་རྡོག་པ་ལྟག་ནས་བརྒྱབས་སོང་།། སྤྱི་ཚོགས་རྨོངས་པའི་ཚན་ཁ་མཐུག་སོང་།། སྲིད་དང་ལྷ་ཞལ་གྲོས་ཁ་འགྲིགས་སོང་།། གནས་སྟངས་འདི་ལ་ང་ཡིས་མཐོང་སོང་།། མང་གཙོའི་མདུན་ལམ་ཁག་ཙམ་གྱུར་སོང་།། ཉི་གཞོན་ང་ཡིས་སྙིང་གཏམ་ཤོར་སོང་།། གོ་བ་ཅན་ལ་གོ་རྒྱུ་སྟོན་སོང་།། །།

ལྷ་མིའི་དར་རྒུད་གཅིག་པ།
ལྷ་མིའི་བདེ་སྡུག་གཅིག་མྱོང་།
ལྷ་མིའི་རྒྱལ་ཕམ་གཅིག་པ།
ཤེས་ན་ལྷ་མི་ཤེས་འོངས། །
་
མ་དགོད་ཉི་གཞོན་གཞོན་ནུ།
ཀརྡོ་རྒད་པུ་ང་ཡི།
ཉི་གཞོན་དགོད་པའི་ཞོར་དུ།
ཁ་བརྡར་བསླབ་ཚིག་ཤོ་སོང་།
མི་ནི་འགྲོ་བ་དངོས་བྱུང་།།
ལྷ་ནི་རྟོག་བཟོའི་འཆར་ཡན།།
ཀརྡོ་རྒད་པོའི་བསླབ་ཚིག།
རྒས་ཐལ་ཤོར་གྲབས་མེད་འགྲོ།།
གནས་ཆུང་ཚེ་རིང་མཐོང་བཞིན།
ལྷ་འདྲེ་མི་འདུག་ཟེར་མཁན།
དྲ་གྲོགས་ཉི་གཞོན་ཁྱོད་རང་།
སྨྱོ་བ་མིན་ན་གང་རེད།
ལྷ་མཐོང་འདྲེ་མཐོང་ཁུལ་གྱི།།
མི་ཆོས་བླ་མའི་རྫུན་རྔ་།།
ཆད་པའི་བདེན་མཐོང་ཉི་མ།།
དེང་རབས་གནམ་ལ་ཤར་ཡོད།།
མཆོད་ཆང་མེ་ཏོག་ཡར་ལ་གཏོར་ནས།
ནས་འབྲུའི་སེར་བ་བཀའ་སྤྱིར་ཕབས་སོང།
གུས་གུས་ཞུམ་ཞུམ་ཉམས་ཆུང་བཀའ་སྤྱིར།།
བཀའ་བསྐྱོན་རྐང་བརྡབ་ལག་བརྡབ་བྱས་སོང།
ལྷ་མེད་འདྲེ་མེད་དམོད་ཚིག་གཏོང་བའི།
རྒྱ་མི་དམར་པོར་གནོད་ཅིང་འཚེ་བ།
རྒྱ་ཁབ་ཙམ་ཀྱང་མེད་པའི་ཁྱེད་ཚོར།
ད་ནས་སྲུང་མར་འབོད་རྒྱུ་མིན་ནོ།