རེབ་གོང་སྤྲིན་དཀར།
སྤྲིན་དཀར།
ཉི་མ་ནུབ་ལ་བཞུད་ཐེངས་རེར།
ཐག་རིང་གི་ཡུལ་གྱར་བ་དེ་ཚོ་དྲན།
མདོག་ཡལ་བའི་སྐྲ་ལོའི་ཉག་མའི་ཁྲོད།
ལྗིད་དྲགས་པའི་གོམ་སྒྲ་གསར་བ།
སུ་ཚང་གི་སྒོ་འགྲམ་ལ་བསྲིངས།
རྨི་ལམ་ལ་ཁ་དོག་མང་སོང་།
ལོ་ཟླ་ལ་མེད་མུག་འཐིབས་སོང་།
རེ་བ་འདོམ་གང་གི་ཚེ་ཚད་ནི།
ད་དུང་རྒྱང་ཐག་རིང་ཨང་།
ཉི་མ་ནུབ་ལ་བཞུད་ཐེངས་རེར།
ཐག་རིང་གི་ཡུལ་གྱར་བ་དེ་ཚོ་དྲན།
བདག་གི་སྐྲ་ལོ།
ནམ་མཁའ་འདི་ཁྱོད་ལ་དབང་བ་ནས་བཟུང་།
བདག་གི་སྐྲ་ལོ་དཀར་པོར་གྱུར།
ཉི་མ་དང་ཟླ་བ་ཡང་།
སྤྲིན་པ་ལེབ་མོ་ཞིག་གིས་བཀབ་བྱུང་།
ཉམས་སྣང་ལ། ཞེ་མེར་བའི་འཕོངས་ཚོས་ལྗིད་པོ་ཞིག
ད་དུང་ཡང་།
ངའི་བྲང་གཞུང་ན་ལྡེམ་ལྡེམ་གཡོ།
འདི་ནི། ང་ལ་མཚོན་ན།
ལོ་ངོ་གྲངས་མེད་ཀྱི་གོད་ཆག་དང་ཕམ་ཁ་ཞིག་རེད་ཨང་།
གལ་ཏེ། ཉི་ཟླ་འདི་ཡང་བསྐྱར་ཤར་ཚེ།
ངས་ཁྱེད་ཀྱི་ཁ་གཏད་དུ་འགྲེངས་ནས།
ནམ་མཁའ་འདི་ཕྱིར་འཕྲོག་ངེས།
དེ་དུས། ངའི་སྐྲ་ལོ་ནག་པོ་ཡིན་ནམ།