སྲས།
ནག་པོ་ནས་མག་མོག་དང
མག་མོག་ནས་ཡོངས་སུ་དཀར་པོར་གྱུར་ཟིན་པའི་སྐྲ་ལོ
ཐོབ་ཤོར་དང་དཀའ་སྡུག་གི་བཤུལ་ལམ་མཚོན་པའི་རྒས་གཉེར་གྱི་གཤམ་ན
དུང་དུ་ལྷུང་བའི་རྣམ་ཤེས་ཀྱི་སྒེའུ་ཁུང་ཟུང
ད་དུང མཆུ་ཡི་སྒོ་མོ་ན་གྲལ་རྡང་འཐོར་བའི་དུང་སོ་ལྷག་མ་འགའ་དང
ལོ་ཟླ་དང་ཕྲེང་གོག་གིས་ཟོས་ནས་ཚར་བའི་མཐེབ་སེན་གྱི་ཉག་ག
ཕ་གིའི་ལྗོན་རྩ་རུ
འཁར་བ་འཕྲེལ་དུ་པང་བའི་བགྲེས་སོང་ཞིག
བདག་པོ་བྲལ་བའི་སྒོ་ཁྱི་བཞིན
དལ་བྲེལ་ཅི་ཡང་མེད་པར འཕོངས་མགོ་ས་ལ་ཕབ་སྟེ
གནས་འདིའི་ནུབ་མཁར་ཅེར
རྣང་ཞིང་གི་ཚིགས་བར་ན་བ་ལང་འཚོ་བའི་རྫི་བོ་དག་ཡུལ་ལ་ལོག
ཐོ་རེངས་ནས་ཆས་པའི་གཟན་འཚོལ་གྱི་བྱེའུ་དག་གིས་ཀྱང་རང་མལ་སྙེག
རྩི་ལྗོན་དང་ས་སྒང་གི་གྲིབ་སོས་བྲིས་པའི་བང་སོ་རིང་པོ་དག
སུ་ཞིག་གི་ལུས་སྨད་ན་གྱེན་དུ་འཕགས
དུས་འདི་ཁོ་ནར
ནུབ་མཁའི་སྤྲིན་གསེབ་ན་འདར་གྱིན་པའི་ཉི་མ་ནི
འཇིག་རྟེན་ལ་ཤིན་ཏུ་འཁྲེང་བའི་རྒས་འཁོགས་ཞིག་དང་འདྲ་བར
རང་ཉིད་ཀྱི་མིག་མཐར་གྱེས་པའི་ཆེས་མཐའ་མཇུག་གི་གསེར་གྱི་མིག་ཆུ་དག
རྒྱུན་ཆད་མེད་པར
ནུབ་རིའི་ཕང་བ་རུ་མར་མར་ལྷུང་གིན་གདའ