ཉི་མ་རྒྱལ་མཚན།
ང་དང་བདེན་པ།
བགྲོད་ལམ་དཀའ་བའི་ལམ་འཕྲང་བརྒྱུད་ནས། གནས་ལུགས་ལ་གཞི་བཅོལ་བཞིན་བདེན་དཔང་མཁའ་རུ་བསྒྲེངས་ནས་ཐོབ་ཐང་འཚོལ་དུ་ཆས། ཡིན་ཡང་རེ་བ་དང་ཡིད་ཆེས་ལས་གྲུབ་པའི་མཚན་སྙན་ཆེ་བའི་ལམ་བུ་ཞིག་གི་འགྲོ་ལམ་བཀག་སོང་།
ང་དང་རང་དབང་།
འགྲོ་ལམ་བདེ་བའི་ལམ་འཕྲང་བརྒྱུད་ནས་རེ་བ་དང་ཡིད་ཆེས་ཁོ་ནའི་དབང་གི་མི་ཚེ་ཕྱེད་འདས། ད་བར་དོན་འབྲས་མེད་པའི་མཚན་སྙན་སྐམ་པོ་ཞིག་ལས་ཅི་ཡང་མ་ཐོབ། རྒྱུ་མཚན་ནི། དོན་དངོས་སུ་ཕེབས་ཟིན་པའི་ས་ཡ་གཉིས་ཀྱི་རེ་འདུན་ནི་མཚན་སྙན་གྱི་ཆེད་དུ་མིན་པར་ཁོང་ཚོའི་ཚེ་སྲོག་གི་འགྲོ་གྲོན་བདེན་པའི་ཆེད་དུ་ཕུལ་ཟིན་པས་རེད།
ང་དང་གནས་ལུགས།
ངེས་པར་དུ། དགའ་བ་མེད་པའི་རྙོག་འཛིང་ཉུང་བའི་ལམ་འཕྲང་དེར་བརྒྱུད་ནས་ད་དུང་འགྲོ་དགོས་རྒྱུ་ཨེ་རེད། བགྲོད་ལམ་བདེ་ལ་ཉི་མའི་གཟི་འོད་ལྡན་པའི་ལམ་བུ་འདིར། རྒྱལ་ཁ་མེད་ལ་གཞི་བརྟན་མེད། རྒྱུ་མཚན་ནི་ལམ་བུ་འདིར་ནི་ཆབ་སྲིད་པའི་གར་སྟེགས་ཤིག་ཡིན་པ་ལས་རྨང་གཞི་བརྟན་པའི་ལམ་བུ་མིན་པས་རེད།
ང་དང་རྩ་དོན།
ལམ་བུ་དེའི་ཕྱི་རོལ་དུ་འགྲོ་སྙིང་ལྡན་ཡང་ཉི་མའི་གཟི་འོད་ལ་རྟེན་དགོས་དུས་ཧ་ཅང་དཀའ། རྒྱུ་མཚན་ནི། ཉི་མའི་གཟི་འོད་ལ་བརྟེན་བཞིན་པའི་ལམ་འཕྲང་དེར་ཞུགས་པའི་མི་སྨྲ་དག་ནི་རྙོག་གཏམ་མང་ལ་རྟོགས་སད་ཉུང་། ཅལ་རྒྱུག་དགའ་ལ་བདེན་འཚོལ་དཀོན། དབང་ཤུགས་ཆེ་ལ་འཁྱོག་བཤད་མང་བས་སོ།
ང་དང་མདུན་ལམ།
ཉི་མའི་གཟི་འོད་དང་བྲལ་བའི་མཚན་མོའི་ལམ་འཕྲང་དེ་ནི་འུར་ཟིང་ཆེ་ལ་འགལ་འདུ་མང་། ལྟ་གྲུབ་མང་ལ་གཅིག་སྒྲིལ་ཉུང་། རྒྱུ་མཚན་ནི། ལམ་འཕྲང་དེ་རུ་མཚན་སྙན་ཆེ་ཡང་རྒྱལ་ཁ་མེད་པ་དང་། རེ་བ་དང་ཡིད་ཆེས་ཀྱིས་གྲུབ་འབྲས་མ་ཐོན་པས་རེད།
ང་དང་ལས་དབང་།
ད་ནི་རེ་བ་དང་ཡིད་ཆེས་ལས་གྲུབ་པའི་ལམ་བུ་དེར་གཡོལ་ནས། དོན་དངོས་ཀྱི་ཡིད་ཆེས་དང་དམིགས་འདུན་ཆེད་རང་ཉིད་ཀྱི་ནུས་རྩལ་དང་རྐང་ལག་བེད་སྤྱད་ནས་རང་དབང་ངམ་ཐོབ་ཐང་འཚོལ་རྒྱུ་དེ་ང་ཚོའི་འོས་འགན་རེད་ལ་རྩ་དོན་ངོ་མ་དེའང་རེད།
༢༠༡༤/༠༣ /༡༥ ཉིན་བྲིས།
ནུབ་ཁའི་ཉི་ཟེར་གྱི་དྲོད་ཐིགས།།
སེམས་ཀྱི་ཕར་ངོ་ལ་ཕོག་ཡོད།།
བདེན་བའི་མེ་རྟགས་ཀྱི་སྐར་ཆ།།
ཨ་སྔོན་མཐོ་པོ་ན་འཚེར་ཡོད།།
འཇམ་ཚིག་ཁ་གཡང་གི་མཆོད་པ།།
ཕྱོགས་མེད་ཀློང་མཐའ་ནས་གྱེར་ཡོད།།
ཐོས་འཛིན་རྣ་ལུང་གི་རྒྱན་ཆ།།
སེམས་ཀྱི་གཏིང་རིམ་ལ་ཅི་ཕན།།
ནོར་བཅོས། བགྲོད་ལམ་བདེ་ལ་ཉི་མའི་གཟི་འོད་ལྡན་ལམ་བུ་འདིར། རྒྱལ་ཁ་མེད་ལ་གཞི་བརྟན་ཡང་མེད། རྒྱུ་མཚན་ནི་ལམ་བུ་འདི་ནང་ཆོས་རིང་ལུགས་པའི་གཉིས་ཕན་གྱི་སེམས་ཚོར་འདུ་ཤེས་ཤིག་ལས། རྙོག་འཛིང་ཆེ་ལ་རྒྱལ་ཕམ་བརྩོན་སའི་ཆབ་སྲིད་ཀྱི་གར་སྟེགས་སྟེང་གཟི་འོད་ཕྲོ་བའི་ཚོར་སྣང་ཁོ་ན་ལས་གཞི་བརྟན་དང་མདུན་བསྐྱོད་གང་ཡང་མེད། དེ་ལྟར་བྲིས་ན་ཁྱེད་ཀྱི་བསམ་ཚུལ་ཆེས་ཆེར་མངོན་ཐུབ།