ཚེ་རིང་།
དུས་ཚིགས་ཀྱིས་གཏིབས་པའི་གྲིབ་སོ
ལྷང་འཇག་གི་གྲུ་གར་ཡུན་གྱིས་བསྐོན་དུས
ཉི་མ་དམར་བོ སུ་ཞིག་གི་འཁྲེང་ཞེན་བཞིན
ནུབ་ཁའི་རི་རྩེ་ནས་ཕྱིར་ལྟོས་ཀྱིས་ལྷེམ་ལྷེམ་འདར
གདུག་རྩུབ་ཀྱི་རླུང་ཁ་ན
ལྷེམ་ལྷེམ་དུ་འདར་བའི་ཁྱོད་རང
ལས་དབང་གིས སུ་ཞིག་ལ་སྒྲོན་པའི་མཆོད་མེ་ཡིན་ནམ
བསྐྱར་བཟློས་ཀྱི་གོམ་འགྲོས་ལས
སྲོད་དུས་རེ་རེར འདི་ལྟར་ཁེར་རྐྱང་ངང
འགྲོ་མི་འདོད་པའི་སྨག་བུན་གྱི་ཀློང་ལ་ཆས་དུས
ཉི་མ་དམར་བོ ཁྱོད་ཀྱི་སེར་ལམ་ལམ་གྱི་འཛུམ་མདངས་འོག་ཏུ
བརྗོད་དཀའ་བའི་གཏམ་རྒྱུད་དུ་མ
ཅི་འདྲའི་གསང་སྟབས་ཀྱིས་སྦས་ཡོད་ཨང
ས་དཀར་བྱུགས་པའི་ཁང་བརྩེགས་ཀྱི་བྱ་འདབས་སུ
ཁྱོད་ཉིད་རི་ལ་སྐྱེལ་ཐེངས་དུ་མར
སྨག་བུན་དང་ལྷན་ཏུ་འཐིབ་པའི་དྲན་ཚོར་ཞིག་གིས
ཁྱོད་ཉིད་ཡུལ་གྱེར་བ་སུ་ཞིག་གི་ལས་དབང་ཡིན་ནམ་སྙམ
ཉི་མ་དམར་བོ གྲིབ་ཡོར་མེད་པའི་ཁྱོད་རང
རྟེན་འབྲེལ་དང་རེ་སྨོན་གྱི་དབང་གིས
དོ་ནུབ་སྨག་རུམ་གྱི་འཐུག་ས་ནས་གསལ་ན་འོས
གསལ་ན་འོས
2013-9-29