བསོད་ནམས་ནོར་བུ།
དེ་རིང་གནམ་གྱི་ཉི་མར་བདེ་དྲོད་ཁ་ཁ་ཞིག་འདུག།
དེ་རིང་གྲོགས་ཀྱི་གདོང་ལ་འཛུམ་ཆུང་གསར་པ་ཞིག་འདུག།
དེ་རིང་ང་ཚོ་ཚང་མ་དགའ་སྤྲོའི་དཔལ་ལ་རོལ་དང་།།
དེ་རིང་ཉིན་མོ་འདི་ལ་སྔར་མེད་ཚོར་བ་ཞིག་འདུག །
མདང་གུང་མར་ཉལ་མལ་ས་སྔར་བས་བདེ་སྣང་ཤར་བྱུང་།།
ད་ནངས་ཡར་ལངས་ཡ་ཆུང་དེ་འདྲའི་སྐྱིད་ལ་བསྐུལ་བྱུང་།།
ཉིན་གུང་ཐུགས་སྤྲོའི་ཁ་ལག་ཁ་ལ་འཕྲོད་པོ་བྱུང་སོང་།།
དེ་རིང་མི་ཚེའི་འཚོ་བ་དམིགས་བསལ་དམིགས་བསལ་ཞིག་རེད།།
གསེར་གྱི་ལྷ་ཁང་ཆེན་མོ་མཛེས་སྡུག་གཟི་ཉམས་དོད་ཅིང་།།
དཔལ་རི་སྤྲུལ་པའི་ཕོ་བྲང་རྔམ་བརྗིད་ཟིལ་བག་བཀྲ་བ།།
གཡུ་མདོག་གཟིམ་ཆུང་སྐྱ་བོ་བཀྲག་དར་ལང་ཚོ་ཆེ་བས།།
དེ་རིང་གླིང་འདིའི་ཁོར་ཡུག་ཅི་འདྲའི་གསོན་ཤུགས་རྒྱས་འདུག།
ཕྱི་ནས་ཤག་ཏུ་ཡོང་ན་སྙིང་ལ་དྲོད་ཅིག་འཁྱིལ་ཏེ།།
མགོ་བོ་སྔས་ལ་འཇོག་དུས་སྐྱིད་པོའི་གཉིད་ཅིག་ཡོང་གི།
ནང་ནས་ཕྱི་ལ་ལྡོམ་ན་ཕྲག་ཏུ་གཤོག་ཟུང་ཐོགས་ཏེ།།
རེ་ཆད་སེམས་པ་ཆུང་ཆུང་ཨ་སྔོན་དབྱིངས་ལ་འཕུར་གི།
རི་བོ་མཐོན་པོ་འདི་ཡི་ལ་མོ་ཕར་རྒྱབ་ཞིག་ནས།།
རྩམ་པས་ལུས་ཤེད་གསོ་བའི་ཁྱེའུ་ཆུང་མཁུར་མགོ་རྡོག་རྡོག།
མ་བཟང་ཨ་མའི་རུམ་ནས་ཕྱི་ནང་ཡུལ་གྲུར་གཟིགས་ཏེ།།
བསྟན་འགྲོའི་ལས་དོན་མཛད་ལ་གྲ་སྒྲིག་ཨང་གསར་ཨེ་ཡོད།།
རྒྱ་མཚོ་ཆེན་པོ་ཞིག་གི་རླབས་ཀྱི་གྲུ་ཁ་འདི་ནས།།
བེ་ཏའི་ལྗོན་པའི་གསེང་གི་བྱིན་ཆགས་དགོན་སྡེ་ཁྲ་མོའི།།
དམ་ལྡན་བུ་སློབ་མང་པོས་རེ་གསོལ་ཁྲི་ཕྲག་སྤུངས་ཏེ།།
ཁྱེད་ཞལ་བཅོ་ལྔའི་ཟླ་བ་རེ་ཞིང་བསྒུགས་ནས་ཡོད་དོ།།
༧/ ༡༢/ ༢༠༡༣/