གཡུ་དྲུག་དཀར། རྡ་ས།
ཉི་མ་ནི་འཇིག་རྟེན་གྱི་ལྟེ་བ་ཡིན། ཉི་མ་རང་འཁོར་རྒྱག་གིན་མེད་ལ་གཞན་སྐོར་ཡང་རྒྱག་གིན་མེད་ན། ཉི་མ་ནི་གཡོ་མེད་འགུལ་མེད་ཀྱི་གཟའ་སྐར་ཁོ་ནའོ་ཟེར་ཞིང་། དེ་ནི་ཉི་མ་རང་སྟེང་གི་གཤིས་ལུགས་ཤིག་གི་རྣམ་བཤད་བཙན་པོ་མ་ཡིན་ཆོང་ཨང་། སའི་གོ་ལའི་ཆོས་◌ཉིད་ཀྱི་སྟོབས་ཆེན་པོ་སྟེ། ཁོའི་རང་འཁོར་གཞན་སྐོར་གྱི་ལམ་ཁ་རུ། ང་ཚོས་ཉི་མ་རེ་རེར་ཉི་མ་ནུབ་རིར་ཡོལ་དུས་ཤིག་དངོས་སུ་མྱོང་བཞིན་འགྲོ་བཞིན། ང་ཚོས་ཉི་མ་ནུབ་རིར་ཡོད་དུས་འདི་ཅིས་ཀྱང་ལོས་དྲན་ཡ།
དེས་ན་ཉི་མ་ནུབ་རིར་ཡོལ་དུས་ཤིག་ལ། རང་གི་གནས་མལ་གྱི་དྲོད་ཁོལ་དབེན་ཞིང་། ལྗང་མདོག་གི་ཁ་དོག་དང་རང་དབང་གི་རྩ་བ་རྒྱས་སའི་ཁོར་ཡུག་མེད་ལ། རང་གི་འགྲེང་ཚུགས་ཀྱང་ཤོར་བའི་ད་ལྟའི་ལྗོན་པ་འདིས། མགོ་བོ་སྐམ་པོ་ནང་ལ་གུག་ནས། རང་གི་ཕུག་བསམ་གྱི་འབྲས་བུ་སྨིན་མ་ཐུབ་པར་མྱ་ངན་གྱི་མིག་ཆུ་འཕོ་ངེས། རང་གི་ཡན་ལག་དང་ཉིང་ལག་ཏུ་གྱུར་བའི་འདབ་མ་དང་ལོ་མ་རྣམས་ས་ལ་འཐོར་བཞིན་འགྱོད་གདུང་གི་དབྱངས་རྟ་མཁའ་མཐའ་རུ་སྤུར་ངེས། ཤུལ་དུ་ལྷག་པའི་རང་གི་གྲིབ་གཟུགས་ནག་རོག་གེར་བ་དེའང་འདར་སིག་སིག་ཡལ་ཆོག་ཆོག་ཅིག་ཅིས་ཀྱང་ཡིན་ངེས།
སྐབས་དེར། དམར་ལྷེམ་ལྷེམ་གྱི་ཉི་འོད་ལྷག་མ་དེས། རི་རྩེ་དང་ཉག་ཁ་ལ་ཁ་རུ་ཁྱོད་ལ་ཁྲེལ་རྒོལ་བྱེད་པ་དང་འདྲ་ལ། ས་ཆུ་མེ་རླུང་སོགས་འབྱུང་བ་རེ་རེས། ཁྱོད་ལ་ཕྱོགས་རིས་བྱེད་པ་དང་མཚུངས། ཁྱོད་ཀྱི་ལུས་སྟེང་གི་རྒྱན་ཆ་ལྷག་མ་སྟེ། དར་ལྕོག་དང་དར་ཚོན་སྣ་ལྔ་། རླུང་རྟ་སོགས་ལྷག་རླུང་གི་རྩུབ་བརྡར་ཁྲོད་ལྷབ་ལྷབ་གཡོ་བ་དེའང་ཁྱོད་ལ་དུས་གཏན་གྱི་གྱེས་ཕྱག་འབུལ་བ་དང་འདྲ་བར་འགྱུར་རོ།།
ཁྱོད་ཀྱི་ཁྲག་དམར་འཁྱིལ་བའི་བྲང་ཁོག་ལས། སྙིང་དམར་པོ་ལྷབ་ལྷབ་ཏུ་ལྡིང་བས། མཚམས་སྤྲིན་གྱི་དམར་མདངས་ཀྱིས་ཁྱོད་ལ་དེ་བས་སྐྲག་སྣང་སྦྱིན་ཞིང་། ཁྱོད་ཀྱི་རབ་རིབ་སབ་སོབ་ཀྱི་མིང་ཟུང་གིས་ཅི་ཡང་མཐོང་དཀའ་བས། ས་སྲོད་ཀྱི་བསྐལ་བས་ཁྱོད་ལ་དེ་བས་འཇིགས་སྣང་སྐུར་དུས། ཁྱོད་ཀྱི་སུན་སྣང་གི་དབྱངས་རྟ་ཅི་འདྲའི་དལ་ཨང་། ཁྱོད་ཀྱི་ཆག་འཇིག་གི་སྡུག་བསྔལ་ཅི་འདྲའི་ལྕི་ཨང་།
སྐབས་དེར་ཁྱོད་ནི་འཇིག་རྟེན་འདིིའི་ཆེས་མཐའ་མཇུག་གི་བླ་ཤིང་སྐམ་པོ་དེ་ཡིན་ངེས་ལ། དེ་དུས་མུན་ནག་གི་ཁ་དོག་ཇེ་ནག་དང་། རྔམ་ཇེ་མཐུག་ཏུ་སོང་ནས། མཆེ་བ་གནམ་ལ་བསླང་སྟེ་ཧབ་ཆ་བརྒྱག་སྲིད་ཅིང་། དེ་དུས་ཁྱི་རྒན་ཚོས་ཅི་འདྲ་ཟུག་ནའང་། འཇམ་ཐིང་ཐིང་གི་བར་སྣང་ཁམས་སུ། ཁྱོད་ཀྱི་དཔུང་རོགས་ལྟ་བུའི་སྐར་ཚོགས་ཅི་ཙམ་ཡོད་ཨང་། དེ་དུས་ཁྱོད་ཀྱི་རྨི་ལམ་ཁྲོད་འཇགས་པའི་ཟླ་བ་སྒོར་སྒོར་དེའང་། སུ་ཞིག་གིས་ཁྱུར་མུད་གཏང་འགྲོ་ཨང་།
བདག་གི་འཁྲི་ཤིང་ལགས། དེ་འདྲ་བའི་ཉི་མ་ནུབ་རིར་ཡོལ་དུས་ཤིག་ད་དུང་ཧ་ཅང་ཐག་ཉེ་ཐག་ཉེ་མིན་ལ་ཐག་རིང་ཐག་རིང་ཡང་མིན་པ་ཡིད་ལ་དྲན་དགོས་ཡ།།
ཉི་མ་ནུབ་དུས་གྲོང་ཚོ་ཞིག་ཏུ་འབྱོར། །
གྲོང་ཚོའི་བར་སྣང་དུ་ཞགས་དཀར་པོས་བཀབ། །
སྲང་བར་ཀུན་ཏུ་བྱིས་པའི་ཀུ་ཅོ་དང་། །
ཁ་ཟས་གཡོ་སྐོལ་བྱེད་པའི་དྲི་ཞིམ་ཁྱབ། །