བདེ་ཆེན་སྒྲོལ་མ།
ཉིན་འདི་འགར། མི་མང་པོ་ཞིག་གིས་༧གོང་ས་མཆོག་གི་བགྲེས་ཡོལ་སྐོར་ནས་རང་རང་གི་བསམ་ཚུལ་བཤད་ནས་ཁད་ཅིག་བུད་སོང་། ཡང་མི་མང་པོ་ཞིག་གིས་ད་དུང་ཅི་ཡང་མ་ཤེས་མདོག་མདོག་གིས་གང་ཞིག་ལ་ཉན་ནས་ཡོད་པ་འདྲ། སྤྱིར་བཏང་བྱས་ན། དུས་ཚོད་མ་རན་པའི་དུས་ཚོད་ཞིག་ལ་ཉི་མ་ནུབ་འགྲོ་བར་འདོད་པ་སུ་ལ་ཡང་མེད་པ་གསལ་བོ་རེད། ཡིན་ནའང་། མི་མང་པོ་ཞིག་གིས་རང་གི་ངོ་གདོང་གཙང་བཟོ་མ་བྱས་པར་གཞན་ཞིག་གི་ངོ་གདོང་གཙང་མ་ཉར་འདོད་ཀྱི་རྣམ་འགྱུར་མངོན་པ་ནི་ཆེས་དགོད་བྲོ་བའི་གནས་ཤིག་ཏུ་འདོད།
༧གོང་ས་མཆོག་གི་བགྲེས་ཡོལ་སྐོར་ནས་བསམ་ན། དེ་ནི་ཧ་ཅང་བློ་ཡིད་ལ་མི་ཤོང་བའི་འཇིགས་སྐྲག་དང་ལྡན་པའི་ཐག་གཅོད་ཅིག་རེད། མ་མཐའ་ཡང་ངེད་རང་ལ་ཚོར་སྣང་འདི་འདྲ་ཞིག་ཡོད། བསམ་བློ་མང་པོ་མ་བཏང་བར་ང་ཡང་མང་མང་གི་རྗེས་སུ་རྒྱུགས་ཆོག་ཆོག་ཡིན་ནའང་། ལོ་རྒྱུས་ཀྱི་ནག་ཉེས་དང་དུས་རབས་ཀྱི་འོས་འགན་ལ་བསམ་ན། ང་འདིར་ལྟར་རང་དགར་གྱང་ཁའི་རྩ་ཕྲན་ལྟ་བུའི་མི་ཞིག་ལ་གང་ནས་འགྱུར་ཉན། གཏན་ནས་མི་ཉན་ནོ།།
བཙན་བྱོལ་གྱི་མི་ལོ་ལྔ་བཅུའམ་བོད་མིའི་དཀའ་སྡུག་གི་གནས་བབ་ལས་བལྟས་ཚེ། ༧གོང་ས་མཆོག་ལ་བགྲེས་ཡོལ་གྱི་དགོངས་པ་གང་ནས་ཀྱང་གནང་ཉན་པ་མི་འདུག་ཀྱང་། རྒྱ་ནག་གི་འཁྱོག་བཤད་དང་སྤྱི་ཚོགས་ཁྲོད་ཀྱི་གླེང་མི་སྤྲོ་བའི་གནས་ལུགས་ཁག་ཅིག་ལ་བསམ་ན་༧གོང་ས་མཆོག་གིས་བགྲེེས་ཡོལ་ཞུ་བ་འདི་ཡང་དེ་ཙམ་གྱི་མི་རུང་བ་ཞིག་ལ་གཏན་ནས་བསམ་མི་ཐུབ། འདི་ནི་ད་ལྟའི་ཆར་ངེད་ཀྱི་སེམས་གཏིང་ན་ཡོད་པའི་ཚོར་བའི་ཕུང་བོ་གཡའ་མེད་པ་དེ་ཡིན་ལ། འདི་དང་འབྲེལ་ནས་ངེད་རང་མཚན་གྱི་གཉིད་ཀྱང་མེད་པར་ཤོག་གུ་དང་སྙུ་གུ་ལ་འཐམ་ནས་ཅིག་ཨེ་ཕྲིས་ལ་བསམ་ནས་ཡོད།
ང་ནི་༧གོང་ས་མཆོག་མ་གཏོགས་བོད་ལ་གཙོ་བོ་གཞན་ཞིག་ཡོད་པར་ཡིད་མི་ཆེས་མཁན་ཞིག་ཡིན། གཅིག་བྱས་ན་བསམ་ཚུལ་འདི་ནི་ལོ་རྒྱུས་ཤོག་ངོས་ཀྱི་སྤྱི་བསྡོམས་ཤིག་ཡིན་སྲིད། བོད་ཀྱི་ཡག་སྡུག་གང་ཡིན་རུང་༧གོང་ས་མཆོག་དང་ཐད་ཀར་འབྲེལ་བ་ཡོད་པར་འདོད་མཁན་ཞིག་ཡིན། མདོར་ན་བོད་ཀྱི་ལས་དབང་དང་སྒུལ་ཤུགས་ཡོད་ཚད་༧གོང་ས་མཆོག་གཅིག་པུ་ལ་རག་ལས་བར་འདོད་མཁན་ཞིག་ཡིན། སྐད་ཆ་འདིའི་ཆེད་དུ་ངས་སྔོན་ཆད་ཀྱང་ཁ་རྡུང་མང་པོ་གཟེད་མྱོང་། ངེད་ཀྱི་དགེ་རྒན་ཞིག་གིས་ང་ལ་རུས་པ་མི་འདུག་ཟེར་ནས་ཀྱང་དམོད་མྱོང་། ཡིན་ནའང་། ངེད་ཀྱི་བསམ་ཚུལ་ད་དུང་འགྱུར་མེད། ངེད་ཀྱི་སེམས་ཤུགས་དང་ཡིད་ཆེས་ཡོད་ཚད་༧གོང་ས་མཆོག་གི་སྒང་ལ་སྤུངས་ནས་ཡོད། ༧གོང་ས་མཆོག་ཡོད་ས་ན་བོད་ཀྱི་བདེ་སྐྱིད་ཡོད་པ་དང་། ༧གོང་ས་མཆོག་ཡོད་ས་ན་བོད་ཀྱི་བདེན་པ་ཡང་ཡོད་པར་འདོད་བཞིན་ཡོད་དོ།།
བདེ་ཆེན་སྒྲོལ་མ་ལགས་
༸གོང་ས་མཆོག་ནས་བཀའ་གསལ་པོ་གང་འདྲ་གནང་མ་སོང་ངམ དེ་ལ་ཡིད་ཆེས་གནང་ན་ཁྱེད་རང་གི་སེམས་ངལ་དེ་གསེལ་འགྲོ་ཡི་རེད་ ང་རང་ལའང་དེ་ལྟར་བྱུང་་ མི་མང་པོར་དེ་འདྲ་བྱུང་འདུག་ ཁྱེད་རང་གཅིག་པོ་མ་རེད་
རྩོམ་ཡིག་བཀླགས་ཟིན། སེམས་ཚོར་དང་ལྟ་སྟངས་གཉིས་ཀ་རྒྱས་བསྡུས་འཚམ་ཞིང་གནད་འདུས་པ་ཞིག་འདུག བསམ་ཚུལ་ཞིག་ཞུས་ན། སྔ་རྗེས་ལ་མ་ལྟོས་པར་ང་ཚོས་དཀའ་ངལ་འདིར་གདོང་ལེན་བྱེད་དགོས་པ་ནི་གཟུར་ས་གཡོལ་ས་མེད་པ་ཞིག་ཆགས་ཡོད་སྟབས། མི་རེ་ངོ་རེའི་སེམས་ནང་རང་ཚོད་ཀྱི་གྲ་སྒྲིག་དང་འཆར་གཞི་ཡོད་དགོས་པ་ནི་ཞུ་ཅི་དགོས། ད་ལྟའི་འགྱུར་བ་འདི་ནི་གོང་ས་མཆོག་གིས་བོད་ཀྱི་ད་ལྟ་ལས་མ་འོངས་པ་གལ་ཆེ་བར་གཟིགས་སྟངས་ཤིག་ཆགས་ཡོད་པར་འདོད། ད་ཆ་ཁྱེད་རང་གིས་རང་ཉིད་ལ་རང་ཉིད་དང་འབྲེལ་བའི་འོས་འགན་ཡོད་པ་དང་། རང་ཉིད་ལ་རང་ཉིད་ཀྱི་ཚོས་གཞི་དགོས་པར་བཤད་པའང་དོན་འདིས་རེད།
ཨ་རོ་སྤུན་ཆུང་། བདེ་མོ་ཐོན་དང་ན་ཧྲ་གི དཔེ་མཛོད་ནང་ནས་ཅིག་འགོར་ཐལ། ད་སྡོད་རྒྱུན་རིང་པོ་ཡིན་རྒྱུ་རེད་པཱ། ག་ལེར་བསམ་ཚུལ་སྤུངས་རོགས་ཞུ།
ངེད་དེང་སང་༧གསུང་འཕྲིན་རིན་པོ་ཆེའི་ཕྱི་ནང་གསང་གསུམ་མ་ཡིན་ལ། གཏིང་མཐའ་གང་ཡང་མ་ཡིན་པའི་ངོས་ཤིག་ན་འཁོར་བསྡད་ཡོད། དེའང་ལོ་ལྔ་གཅིག་ཧྲིལ་པོའི་མཐོང་ཐོས་དྲངས་ནས་ལྟོས་ཡོང་དུས། རང་དགར་ཡིད་ལ་ཁུངས་མེད་རུ་དཔུང་ཟེར་བའི་མིང་ཞིག་འཁྲུངས། དེ་ནས་བསམ་ཞིབ་བྱེད་སྐབས་འབྲེལ་ཡོད་ལྟོས་བཅས་ཀྱི་ཚོས་གཞི་དེའང་མི་མཐོང་བ་ཞིག་མིན་པས་ངེས་ཤེས་འདྲ་ཞིག་སྐྱེས། དེ་མ་ཐག་ཁྱེད་ཀྱིས་བཤད་པ་ལྟར་རང་གི་རང་ཚུགས་དང་བྱུང་རབས་ཀྱིས་གང་སྤྲད་པ་གཉིས་སྦྱར་ཡོང་སྐབས། བབ་དོན་༧གསུང་འཕྲིན་རིན་པོ་ཆེར་ལྟ་སྟངས་དེ་དག་ཐལ་སོང་། སོང་ཙང་དེ་རིང་གི་བསམ་ཚུལ་འདི་བཀླགས་སྐབས་ཁྱེད་ཀྱིས་ཀྱང་རང་གི་ཚོས་གཞི་ལས་སྤྱི་པའི་མདུན་ལམ་ལ་ལྟ་སྟངས་འདི་ཡིད་ལ་འཐད་པ་བྱུང་། དེ་ཙམ་གྱིས།
ཞིབ་མོར་རྗེས་སུ་མོལ་ལགས།
བདེ་སྒྲོལ་ལགས།
ཉི་མ་ནུབ་དུས་ཀྱང་མིན་ལ། ཉིན་ཅིག་ཉི་མ་ནུབ་ཀྱང་། སླར་ཡང་འཆར་བ་དགོས་པ་ནི། ཆོས་ཉིད་རེད། བོད་མི་རིགས་ཀྱི་བདེ་སྐྱིད་༸གོང་ས་མཆོག་ལ་རག་ལས་པ། བདེན་ན་ཡང་།
ལོ་བཅུ་ཚན་འདི་ཡི་ནང་ལ། དགའ་ལྡན་ཕོ་བྲང་པའི་སྲིད་གཞུང་གི་མིང་ཕོ་ནས། དམངས་གཙོའི་གཞུང་དུ་བསྒྱུར་བ་ཙམ་ལས། བོད་མང་གཙོ་གསར་པར་༸གོང་ས་སྐུ་ཕྲེང་༡པོ། གཉིས་པ། གསུམ་པ། བཞི་པའི་ཆོས་ཀྱི་ནུས་པ་དང་། དེ་ནས་༸གོང་ས་༥པ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་བྱིན་ནུས་ནས། ༡༣པ་དང་༡༤པའི་བར་གྱི་ཆོས་དང་འཇིག་རྟེན་བྱིན་ནུས་ང་ཚོས་སྤྱི་བོར་ཕོས་ཟིན་པ་ལ། ད་སྐྱོ་དགོས་ཅི་ལྷག་འདུག་གམ། ཡང་བསྐྱར་སོམས་དང་། དེ་བས་མུ་མཐུད་ནས་རང་ས་ནས་སྨྱུ་གུ་ཐོགས་ནས་ངར་ཤོག་དང་། འདིས་ཅིག་ཕན་འགྲོ་ངེས་འདུག་སྙམ་ལགས།
བརྩེ་བའི་བདེ་ཆེན་ལགས།
ཁ་བྲལ་ནས་རྒྱུན་རིང་ཕྱིན་སོང་།དུས་བབ་ཀྱི་ཟིན་བྲིས་ནང་ནས་ཀྱང་ཕེབས་འདུག
དེ་རིང་ཕྱིར་དྲ་ངོས་སུ་སླེབས་པར་དགའ་སྤྲོ་ཆེན་པོ་བྱུང་།
ངས་ཁྱེད་ཀྱིས་ལོ་གཅིག་སྔོན་དུ་བྲིས་པའི་ཁ་སང་གི་རྨོག་རུ་བསྟན་པ་ཞེས་པའི་རྩོམ་ཡིག་དེ་བཙལ་བཞིན་ཡོད།
དེ་ཡང་ངའི་ལོ་རྒྱུས་དང་འབྲེལ་བ་ཆགས་ཀྱིན་འདུག
རྨོག་རུ་ཚང་གི་གློག་འཕྲིན་དུ་སྐུར་རོགས།
འདིའང་བོད་བཏང་བ་ཞིག་གི་བཤད་སྟངས་ཉག་གཅིག་རེད།
སོ་སོ་ལས་མི་རིགས་ཞེས་པ་འདིའི་མ་འོངས་པ་དང་མི་ཐོག་རྗེས་མ་ཞེས་པ་ཞིག་ལ་བསམ་བློ་ཁྱོན་ནས་གཏོང་གི་མེད་མཁན་ཚོས་སྐད་ཆ་འདི་རིགས་ཡང་ནས་བསྐྱར་དུ་བཤད་ཀྱིན་པ་དང་། གོ་སྐབས་འཚོལ་མཁན་ཚོས་གོ་སྐབས་མ་ཤོར་བ་བྱས་ནས་དམིགས་ཡུལ་ཅན་ཚོར་ཞབས་ཞུ་བཞིན་ཡོད། དེ་མ་གཏོགས་གོང་ས་མཆོག་གིས་མི་རིགས་ཀྱི་མ་འོངས་པར་དམིགས་ཡོད་ཅེས་གསུངས་ཡོད་པ་ལས་སྤྱི་ཚོགས་ལ་བློ་ཕམ་ཡོད་ཚུལ་ཞིག་རྩ་བ་ནས་གསུངས་མི་འདུག
བདེ་ཆེན་ལགས་ཁྱེད་ཀྱི་རྩོམ་ཡག་པོ་ཞིག་བྲིས་འདུག་ཡིན་ན་ཡང་དགེ་རྒན་ཞིག་གི་ཁྱེད་ལ་རུས་པ་མི་འདུག་ཟེར་ནས་དམོད་ནའང་ཁྱེད་སེམས་སྐྱོ་དགོས་པའི་གནད་དོན་ཡོད་མ་རེད་ལ་ད་དུང་སོ་སོའི་སློབ་སྦྱོང་གོང་འཕེལ་གཏོང་དགོས་པ་སྟེ་ཡང་ཤིན་ཏུ་གལ་ཆེའོ།
《བོད་མི་རིགས་ཀྱི་བདེ་སྐྱིད་༧གོང་ས་མཆོག་ལ་རག་ལས་པ་》ཟེར་ནས་བཤད་བསྡད་པ་མ་ཡིན་པ་སྤྱི་བཏང་བོད་མི་རིགས་ཀྱི་སྡུག་བསྔལ་སེལ་བའི་ཐབས་ནི་བོད་མི་དམངས་ལ་ཡོད་རེད་མ་གཏོགས་༧གོང་ས་མཆོག་གཅིག་པུར་ཐུབ་ཡོད་མ་རེད།
ད་ལྟ་བོད་མི་མང་པོ་ཞིག་གིས་ཡོངས་གྲགས་སྐད་ཆ་བཤད་བཏང་བོད་མི་མང་གི་དཀའ་ངལ་༧་གོང་ས་མཆོག་ལ་ཐུབ་ཡོད་ཟེར་ནས་བཤད་ཀྱི་ཡོད་རེད་ཡིན་ནའང་༧གོང་ས་མཆོག་གཙོ་བྱེད་པའི་བོད་མི་མང་གི་ཕྱག་ལས་གནང་དགོས་པ་ཞིག་རེད་མ་གཏོགས་གང་ཟག་གཅིག་ལ་འདི་འདྲ་བཤད་བསྡད་པ་ཡིན་ན་འགྲིག་གི་ཡོད་དམ་ཁྲིམས་འགལ་དང་དེ་འདྲ་མ་རེད་དེང་སྤྱི་བཏང་གི་ཆ་ནས།
ད་ཆོ་མེད་པ་ཤ་སྟག་མ་ཤོད། ༸གོང་ས་མཆོག་མ་བཞུགས་ན་བོད་ཀྱི་འཐབ་རྩོད་ཚར་འགྲོ་བ་འདྲ་མ་ཤོད། དེ་ནི་རྒྱ་མིའི་ལྟ་སྟངས་རེད། ངས་བསམ་ན་འཇིག་རྟེན་ཐལ་བར་མ་འགྱྲུར་བར་དུ་བོད་དོན་བརླག་གི་མ་རེད། འོན་ཀྱང་གཟབ་དགོས་པ་ནི་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་དགོས་པ་དེ་རེད། ད་དུང་དེ་ཙམ་མ་ཟད་ར་མ་ལུག་འདྲ་བའི་སྐྱ་མིན་སེར་མིན་འདི་ཚོས་བོད་ཀྱི་སྲིད་དབང་ལ་འཚང་ཁ་མ་བརྒྱབ་ན་བཟང་། ཁོང་ཚོས་ཁ་བདེ་ལྕེ་བདེ་ཙམ་ལས་དམངས་ཀྱི་བདེ་སྡུག་རྟོགས་ཐུབ་ཀྱི་མིན་འདུག ཆོས་པས་ཆོས་བྱས། སྐྱ་བོས་སྲིད་བསྐྱངས་ན་བོད་དོན་བདེན་མཐའ་སེལ་རྒྱུ་ཡང་དཀའ་ངལ་དེ་ཙམ་མེད། ད་ལྟ་ཕ་རོལ་པོར་རྩོད་རྒྱུ་ཕར་ཞོག་ནང་ཁུལ་ཕྱོགས་གཏོགས་འཐེན་འཁྱེར་ཀྱང་ཀྱང་གི་ང་ཚོས་ཆོས་ལུགས་དང་ཁྱོད་ཚོས་ཆོས་ལུགས་ཟེར་ནས་དམངས་ལ་མགོ་བསྐོར་ནས་ནང་འཁྲུག་ཀྱང་ཀྱང་འཐབ་ནས་སྡོད་ཀྱིན་འདུག
ང་ཚོའི་གནས་བབ་འདི་འདྲ་ཞིག་གི་ཚོད་ལ་ལྷུང་ཡོད་དུས་རྒྱལ་བ་རིན་པོ་ཆེའི་སྲིད་དབང་མཇུག་དྲིལ་རྒྱུ་ཡིན་ཟེར་བ་དེ་ངོ་མ་བློ་ངོར་མི་ཤོང་བ་ཞིག་རེད། རྒྱལ་བ་རིན་པོ་ཆེས་སྲིད་དབང་བཟུང་ན་དམངས་གཙོའི་འགོག་རྐྱེན་དུ་འགྱུར་ཟེར་བ་དེ་ལ་རྒྱུ་མཚན་ཞིག་མི་འདུག དམངས་གཙོ་ཡིན་མིན་ཟེར་བ་དེ་དམངས་གཙོའི་རྩ་ཁྲིམས་ཡོད་མེད་དང་། མི་མང་གིས་གཞུང་འཛིན་ཚོགས་པ་འདེམས་པའི་ཐོབ་ཐང་ཡོད་མེད་སོགས་ལས་འཇོག་གིན་ཡོད་པ་རེད། སུའུ་ཌིན་དང་། ཋའེ་ལན་ཌི་དང་། འབྲུག མ་ལའེ་ཤི་ཡ། ཁེམ་བྷོ་ཌི་ཡ། དབྱིན་ཇི་སོགས་དམངས་གཙོའི་ཡུལ་མང་པོར་རྒྱལ་པོ་རྒྱལ་མོ་འདུག དཔེར་ན། དབྱིན་ཇིའི་རྒྱལ་མོ་དགུངས་ལོ་བརྒྱད་ཅུའི་ནང་ལ་ཡོད་པ་རེད། ད་ལྟ་ཡང་རྒྱལ་ཁབ་ཀྱི་སྲིད་དབང་ལ་ཇུས་གཏོགས་དང་ཕྱག་ལས་གནང་བཞིན་པ་རེད། རྒྱལ་ཁབ་ཀྱི་ལས་དོན་གནད་ཅན་ཚང་མ་ལ་རྒྱལ་མོའི་ཆོག་མཆན་ཡོད་དགོས་པ་རེད། མོ་རང་གིས་བགྲེས་ཡོལ་བྱས་རྗེས་རྒྱས་སྲས་སྐུ་བགྲེས་ཝི་ལིམ་ལགས་རྒྱལ་པོ་གོ་སར་མངའ་གསོལ་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱལ་ཁབ་དྲག་གྲས་འདི་ཚོ་ལ་ཡང་ད་དུང་རྒྱལ་པོ་དགོས་ཟེར་གྱིན་འདུག ང་ཚོ་ལ་དགོས་དང་དགོས། ང་ཚོས་རྒྱ་ནག་གིས་སྐྱོན་བརྗོད་འགོག་ཐབས་ལ་རྒྱལ་བ་རིན་པོ་སྲིད་སྟེགས་སྟེང་ནས་བྱོལ་རྒྱུ་ཡིན་ཟེར་ཆོ་མེད་པའི་སྐད་ཆ་ཞིག་རེད། གལ་སྲིད་ཏཱ་ལའི་བླ་མས་བོད་མི་སུ་གཅིག་ལ་ཡང་ཁ་མ་གྲག་ནས་ངག་བཅད་ཀྱིས་བཞུགས་བསྡད་ན་མ་གཏོགས་རྒྱ་ནག་གིས་སྐྱོན་འདོགས་བྱེད་ཀྱི་རེད། ང་ཚོས་ལྟད་མོ་ལྟ་ཆོག བགྲེས་ཡོལ་ཡིན་མིན་ནས་བཤད་ན་རྒྱལ་བ་རིན་པོ་ཆེ་ལ་གཞུང་འབྲེལ་གྱི་ཕྱག་ལས་སྔར་ནས་ཇེ་ཉུང་དུ་བཏང་ཡོད་པ་རེད། ད་དུང་སྐུ་གཟུགས་ཀྱི་བབ་སོགས་ཀྱིས་མི་ལྕོག་པ་ཡོད་ན་ཇེ་ཉུང་དུ་བཏང་ན་ལོས་ཆོག ཡིན་ན་ཡང་སྲིད་སྟེགས་ལས་ཟུར་བཞུགས་གནང་རྒྱུ་ཟེར་བ་དེ་ཁག་པོ་རེད། ད་གལ་སྲིད་རྒྱལ་བ་རིན་པོ་ཆེས་ངོ་མ་བོད་ཀྱི་སྲིད་དབང་སྟེང་ལ་མཚན་གནས་མེད་པར་ཟུར་བཞུགས་གནང་རྒྱུ་ཡིན་ན་ངོ་མ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱས་མ་བྱས་མེད་པ་རེད། བོད་ལ་ཆབ་སྲིད་ཀྱི་འགན་ཁུར་མཁན་མེད་མེད་པ་མ་གཏོགས་བླ་མ་སྤྲུལ་སྐུ་ཧ་ཅང་མང་པོ་རེད།
སྤྱིར་ན་རྒྱལ་པོ་ཟེར་བ་དང་བླ་མ་ཟེར་བ་ཚང་མ་སྲིད་སྟེགས་ལས་ཕྱིར་འབུད་དགོས་པར་འདོད་པའི་ལྟ་བ་དེ་ཡང་རྒྱ་དམར་གྱི་སློབ་གསོ་ཞིག་ལས་བྱུང་བ་ཡིན་པ་འདྲ།
ད་དུང་རི་པིན་ལ་ཡང་རྒྱལ་བོ་ཡོད་ས་རེད། ཁ་སང་ས་ཡོམ་མཚོ་སྐྱོན་དང་། རྡུལ་ཕྲན་ཉིང་རྡུལ་གྱི་ཉེན་ཁའི་སྐབས་སུ་རྒྱལ་བོས་འབངས་མི་རྣམས་ལ་གསུང་འཕྲིན་སྩལ་བའི་བརྙན་འཕྲིན་དེ་BBC ནང་བསྟན་སོང་།
྆རྒྱལ་པོ་མ་རེད་ རི་པིན་༸གོང་མ་རེད
ང་ནི། བཀྲ་ཤིས་དབང་འདུད་ལགས་ལ། རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ན་ཡང་། བཀྲ་ཤིས་དབང་འདུས་ལགས་ཀྱི་བརྟན་བརླིང་འདི་ལས། བློ་སེང་གི་ཡ་ཡུད་དེ་དགའ་རུ་འགྲོ་བགྱིད་འདུག ད་བཀྲས་མཐོང་བཀའ་དྲིན་ཅན་དེ། ཐོབ་ན་ཡང་དགའ་བསུ་ཡོད། ༸གོང་ས་མཆོག་རྒྱལ་ལོ། བཀའ་ཁྲི་རྒྱལ་ལོ། བོད་རྒྱལ་ལོ། །
ཀ་རྡོས་མཆན་བུ་བཏགས་ས་ནོར་འདུག
༧གོང་ས་མཆོག་ཡོད་ན་བོད་དོན་ཡོད། ༧གོང་ས་མཆོག་མེད་ན་བོད་དོན་མེད་སོང་ན། འོ་ན་་་་་་་་་་་་་་་་་་་་་
ད་གཡུག་ཞོག་་ཤུ་རེ་ཁུ།
བདེ་ཆེན་ལགས་ཀྱི་སེམས་ཚོར་ཏེ་བོད་མི་ཀུན་ལ་ཡོད་པའི་སེམས་ཚོར་ཅིག་ལས་གསར་བ་གང་ཡང་གླེང་མི་འདུག། སྐབས་འདི་འདྲ་ཞིག་ལ་སླེབས་དུས་ང་ཚོའི་རང་ཉིད་ཀྱི་སེམས་ཚོར་ཙམ་གྱིས་རྗེས་འབྲངས་ནས། ༧གོང་ས་མཆོག་གིས་གང་གསུང་བ་མ་གོ་མ་ཐོས་ཁལ་བྱས་ནས། རང་རང་ས་ནས་རྟོག་བཟོ་ཉ་ཉོག་རེ་བྱས་ནས་བསྡོད་པ་ལས། ཏ་ལྟ་མིག་མདུན་ཏུ་སླེབས་ལ་ཉེ་བའི་འབྱུང་གྱུར་གྱི་ང་ཚོ་དང་ང་ཚོའི་ཁྱིམ་གཞི་གླེང་ན་འོས། གལ་ཏེ་ཁྱེད་ཀྱིས་༧་གོང་ས་མཆོག་སྤྱན་རེས་གཟིགས་མི་ཡི་གར་ཏུ་རོལ་བའི་རྣམ་ཐར་ཁེས་འཆེས་ན། གལ་ཏེ་ཁྱེད་ཀྱིས་༧གོང་ས་མཆོག་དུས་གསུམ་གསལ་གཟིགས་དང་ཡང་དག་པའི་དབུ་ཁྲིད་ཞིག་དུ་འདོད་ན། བགྲེས་ཡོལ་ལ་ཕེབས་རྒྱུ་ཡང་༧ཁོང་སྐུ་སྒེར་གྱིས་ཐུགས་ཐག་བཅད་པ་ལས་གཞན་གྱིས་བཙན་གནོད་འོག་ཕེབས་དགོས་བྱང་བ་མིན་པ་མ་ཟད། ང་ཚོའི་འཕྲད་ཕུགས་ཀྱིས་དགེ་ཕན་ཆེད་ཡིན་ཅེས་གསུང་བསྟུད་མར་གནང་གི་ཡོད་པ་ཐོས་ཡོད་པས་རི་བོང་གནམ་རྡུབས་ཀྱིས་སྡུག་བསྔལ་བྱེད་དོན་མི་འདུག། དེ་ནི་ཕྱོགས་གཅིག་ནས་ང་ཚོ་རང་ཉིད་ལ་ཡིད་ཆེས་སྤོབས་པ་ཆུང་དྲག་པ། ་སྒྱུལ་ལུགས་བག་འཁུམ་གྱིས་ངང་མིས་ལས་དཀའ་ལྷ་ལ་བཅོལ་རྒྱུའི་གོམ་གཤིས་དང་བག་ཆགས་འཐུགས་དྲག་པའི་ཡིན།
བདེ་ཆེན་ལགས། སྐུ་ཁམས་བཟང་། ཁྱེད་ཀྱི་རྩོམ་ཡིག་ལ་བལྟས་ཚེ་ཁྱེད་ནི་ཤེས་ཡོན་ཅན་ཞིག་ཡིན་པར་འཚོར། ཡིན་ནང་ཁྱེད་ཀྱི་ཐུག་ཁྲལ་གནང་སྟང་ནི་ ༧གོངས་ས་མཆོག་གི་ཡང་དག་པའི་བཀའ་སློབ་གྱི་དགོང་དོན་རྟོགས་མེད་བཟོ་འདུག་མ་ཏོག གསལ་བཞིན་གསལ་བ་གསུང་འདུག་ལ་ཡང་དུའང་བཀའ་སློབ་ཕེབས་པ་རྣམས་ཐུགས་ལྷོད་ལྷོད་བྱས་ནས་གསན་ན། ཁྱེད་ཀྱི་ཐུགས་ཁྲལ་རྣམས་ཞི་བར་གྱུར་ལ་དུས་གསུམ་གསལ་གཟིགས་ཀྱི་བཀའ་སློབ་འདི་དུས་ལ་བབས་འདུག་བསམ་པ་ཡང་འཚོར་ཐུབ་པའི་རེ་བ་ཞུ།།
ཟབས་ཅིང་རྒྱ་ཆེ་བའི་༧ བཀའ་སློབ་དག ཕལ་པ་བདག་གི་བློ་ཡུལ་དུ་ཤོང་བཀའ་ཡང་། ཁོང་གི་མཛུབ་སྟོན་ནི་དུས་ནམ་དུའང་ནོར་མི་སྲིད་པས། བདག་ནི་སེམས་ཁྲལ་མེད་ལ་སྤོ་བ་ཡང་མེད།།
འཕན་པོ་བསྟན་དར་ནས།
དྲ་གྲོགས་ཚང་མས་གནད་དོན་འདིའི་ཐོག་ལ་ད་དུང་བཤད་པ་འདྲ་མིན་མ་བགྱོན་ཡག་པ་འདུག བདེ་ཆེན་སྒྲོལ་མས་རང་གི་བསམ་ཚུལ་བཤད་པ་ཙམ་རེད། གཞན་པ་ཚོས་རྦད་དེ་ཐག་ཆོད་པའི་རྣམ་པ་འདྲ་ཞིག་བསྟན་ཡོང་གིན་འདུག
ད་ཐེངས་ཀྱི་གནད་དོན་འདི་ལ་ཆེད་དུ་བཙུགས་པའི་ཚོགས་ཆུང་དང་གྲོས་ཚོགས་ཀྱི་གསལ་བསྒྲགས་སོགས་ལ་ཉན་ན་མང་མོས་འོས་བསྡུ་བྱེད་རྒྱུ་ཡིན་པ་འདྲ། མང་མོས་འོས་བསྡུའི་ལམ་དུ་བསྐྱོད་ཚེ་བོད་མི་མང་གིས་༧གོང་ས་མཆོག་ད་ལྟའི་བར་དུ་གློད་མྱོང་མེད་ལ་ད་ཐེངས་ཡང་མི་གློད་པ་ཐག་བཅད་ཆོག་པ་ཞིག་རེད་འདོད། གང་ལྟར། བསམ་ཚུལ་ལ་ཉན་རེས་དང་བཤད་རེས་བྱེད་དགོས་པ་གལ་ཆེན་པོ་རེད། རྣམ་དཔྱོད་རྩལ་དུ་ཐོན་པའི་ཐོག་ནས་རང་རང་གི་བསམ་ཚུལ་སྤུངས་རོགས་ཞུ་ཞུ།།
གྲོས་ཚོགས་དང་ཆེད་བཙུགས་ཚོགས་ཆུང་གི་གསལ་བསྒྲགས་ལ་ཉན་པ་ཡིན་ན། གནད་དོན་འདི་ད་དུང་མུ་མཐུད་ནས་ནང་རྙོག་ལ་ཆགས་རྒྱུར་ཉེ་བས། དྲ་གྲོགས་ཚོས་ད་ལྟ་ནས་གང་བྱུང་མ་བཤད་མ་བྲིས་ན་ཡག་ཤོས་སུ་མཐོང་།
གཞན་མིང་སྤྱོད་པའི་མི་ཡིས་བདེན་བདེན་ཇི་ལྟར་བཤད་ཀྱང་། རང་སེམས་ན་ནོག་ཅིག་ཡོད་པས། ནུས་པ་ཅི་ཡང་མི་ཐོན་ལ་ཐོན་ཡང་རང་ཉིད་ཀྱི་བླ་སྲོག་བསྣུབས་མཁན་ཡིན་། རང་ཉིད་ཀྱི་བརྩི་མཐོང་རྫོབས་མཁན་ཡིན། རང་ཉིད་ཀྱི་ངོ་གདོང་ཡང་་སྟོན་མི་ཐུབ་པའི་མིའུ་འདི་ལྟ་བུས་ད་གཟོད་ཤེས་ཡོན་པའི་སྡེ་ཡི་རྐང་འདྲེན་བྱེད་ཀྱིན་ཡོད་པ་རེད་ལ། འདི་ལྟ་བུས་བབ་ཅོལ་གྱི་གཏན་རྟག་པར་ཐད་ཐད་དུ་སྨྲ་བར་ད་དུང་སྤོབས་སྤོབས་བཤད་། འདི་ལྟ་བུའི་སེམས་ན་རྒྱུ་འབྲས་བློ་མིག་ནི་དེ་བས་ཀྱང་ཡོད་མི་སྲིད་དོ།།།།།
གོང་མིང་ཅན་ལ་ཞུ་རྒྱུ་། དེ་ཉིད་ཀྱི་མིང་འདི་ད་ནས་སྤྱོད་མཚམས་འཇོག་རོགས།ཏ་ལྟ་ཡིན་ན་འཕྱི་ཁྱོན་ནས་མི་འདུག་གོ།
ངས་ད་བར་དྲ་ངོས་འདིར་མཆན་ནག་མོའི་ཇོ་འཛིང་གཅིག་ཀྱང་བྲིས་མ་མྱོང་། བྲིས་པ་རྣམས་གནད་འགག་གཏིང་ཟབ་ཡིན་པས་ནད་མ་འཁྱོག་པར་གནམ་ལོ་ཡག་གིས་ངེད་རང་མཁས་དབང་རྡོ་རྗེ་དབང་ཕྱུག་རེད་ཅེས་བསྙོན་འཛུགས་བྱས་འདུག ང་འཕྱི་དྲགས་ནས་མཆན་སྒོ་བརྒྱབས་འདུག དྲང་མོ་ཞུས་ན། ངེད་རང་མཁས་པ་རྡོར་དབང་ལགས་རེད་ལབ་ན་དགའ་གི ཡིན་ནའང་མཁས་པ་རྡོར་དབང་ལགས་ལ་འདི་དང་འབྲེལ་ནས་དགོངས་སེལ་ཞུ་རྒྱུ་གཅིག་ནི་ཁྱེད་ཀྱི་མིང་ལྟས་ངན་དེ་ཚོས་བེད་སྤྱོད་གནང་བ་དེ་ང་དང་འབྲེལ་ནས་བྱུང་སྟབས་དགོངས་པ་མ་འཚོམ་རོགས་ཞུ་རྒྱུ་ཡིན།
གཞན་བདེ་ཆེན་སྒྲོལ་མས་༼ རྒྱ་ནག་གི་འཁྱོག་བཤད་དང་སྤྱི་ཚོགས་ཁྲོད་ཀྱི་གླེང་མི་སྤྲོ་བའི་གནས་ལུགས་ཁག་ཅིག་ལ་བསམ་ན་༧གོང་ས་མཆོག་གིས་བགྲེེས་ཡོལ་ཞུ་བ་འདི་ཡང་དེ་ཙམ་གྱི་མི་རུང་བ་ཞིག་ལ་གཏན་ནས་བསམ་མི་ཐུབ༽ བཤད་འདུག ཁྱེད་ཀྱང་བློ་མིག་ལྡན་པ་ཞིག་རེད་འདུག
ལྟས་ངན་ཀླུ་མཁར་བྱམས་སོགས་ཀྱིས་བོད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟིན་བྲིས་འདེབས་ཀྱི་ཡོད་ཟེར་ནས་སྐད་རྒྱག་གི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མང་གཙོའི་གེགས་རྡོ་རེད་ཟེར་གྱི་ཡོད་པ་རེད། འདི་དག་གིས་གཞུང་བརྗེ་བོ་རྒྱག་གི་ཡིན་མགོ་རྟིང་སློག་གི་ཡིན། གསར་བརྗེ་བྱེད་ཀྱི་ཡིན་ལབ་ཀྱི་ཡོད་པ་རེད། འདི་དག་དོན་དམ་པས་ལྟས་ངན་མིན་ན་གང་རེད། ད་དུང་སྐུ་སྒེར་དྲུང་ཆེས་༼ རྒྱ་ནག་དང་བྱེད་ཕྱོགས་གཅིག་པ་བྱས་རྐྱེན་དགོངས་སེལ་ཞུས་ན་མི་མང་ལ་ཞུས ༽གསུངས་པ་དག་དངོས་གནས་མི་མང་གིས་ཤེས་དགོས་ཀྱི་རེད།
དེང་སང་རྒྱ་ཆེས་མི་མང་གིས་ཤུགས་ཆེན་གླེང་བཞིན་པས། མི་འདི་དག་སྙིང་རེ་རྗེ་ཡི་འདུག
ཁ་བརྡ་དྲ་དེབ་འདིས། ༼སྐྱེ་བོ་སྒེར་པ་ལ་དམོད་ ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།༽ཅེས་གསལ་བཤད་ཞུས་ཡོད་པ་གཞི་འཛིན་ཞུས་འབྲེལ། ད་ལམ་རྩོམ་ཡིག་འདིའི་གཤམ་ལ་མཆན་བུ་འདེབས་མཁན་རིགས་གཅིག་གིས་སྐྱེ་བོ་སྒེར་ལ་དམོད་ཚིག་བསྟར་བཞིན་པར་མཆན་བུའི་ལམ་ཁ་བཀག་ཟིན་ཡོད། དེ་བཞིན་རྩོམ་ཡིག་འདིར་ཡང་མཆན་བུའི་སྒོ་བརྒྱབ་ཡོད།
རྡོར་དབང་གིས།