ཉི་མ་འཚོ། (བརྒྱུད་སྤྲོད་པ་ཨེ་མ་ཧོ།)
དྲ་གྲོགས་ལགས། སྐུ་ཉིད་ཀྱིས་དྲི་བ་འདི་དག་ལ་ལན་འདེབས་པའི་རེ་བ་ཡོད། དེ་བཞིན་གཞན་ལ་བརྒྱུད་བསྐུར་གནང་བའི་རེ་བ་ཡོད། གུས་མོས་ཞིབ་འཇུག་གི་ལས་དོན་ཆུང་ཆུང་ཞིག་གཉེར་གྱི་ཡོད་མོད། ཕ་ཡུལ་དུ་ཡོང་ནས་དངོས་སུ་ཞིབ་འཇུག་ཞུ་བའི་བསོད་ནམས་མེད་པས་ས་མཐའ་ནས་ཁྱེད་ཅག་ལ་མི་རེ་ག་མེད་བྱུང་། སྐུ་ཉིད་ཀྱིས་གུས་མོར་རྒྱབ་སྐྱོར་གནང་བའི་རེ་བ་ཆེ། དགོས་དབང་ཡོད་ན་གསང་མིང་དང་དྲ་མིང་སོགས་གང་རུང་བཀོལ་ཆོག ཡིན་ཡང་ས་གནས་ཅིས་ཀྱང་གསལ་བོ་གནང་རོགས། བཀའ་དྲིན་ཆེ།
གུས་མོ་མུ་ཏིག་གིས་གུས་ཕུལ།
དང་པོ། སྐུ་ཉིད་ངོ་སྤྲོད་ཅིག་གནང་རོགས། འཁྲུངས་ཡུལ་དང་ད་ལྟའི་བཞུགས་གནས་གསལ་བོ་མཚོན་པའི་ངོ་སྤྲོད་ཅིག རབ་བྱུང་ན་ཁ་པར་ཨང་གྲངས་སམ་ཡང་ན་ཡིག་ཟམ་ཁ་བྱང་ཡང་འབྲི་རོགས།
གཉིས་པ། སྐུ་ཉིད་བཞུགས་གནས་ཀྱི་བུད་མེད་སྤྱིའི་གནས་བབ་དང་བུད་མེད་ཀྱི་ཤེས་ཡོན་གནས་ཚད་ག་འདྲ་ཡོད་དམ། དཔེར་མཚོན་དང་བཅས་གསུངས་ཐུབ་ན་ཡག་པོ་འདུག
གསུམ་པ། སྐུ་ཉིད་ཀྱི་བཞུགས་གནས་ན་མི་རིགས་བསྲེས་ལྷད་སྐོར་གྱི་གནད་དོན་འབྱུང་གི་འདུག་གམ། ཡང་ན་དེའི་སྐོར་གྱི་མཐོང་ཐོས་མྱོང་གསུམ་ཅི་ཞིག་ཡོད་ན་གསུངས་རོགས།
བཞི་བ། གོ་ཐོས་ལ་བོད་པ་ཚོས་མི་རིགས་གཞན་པ་དང་མཉམ་དུ་གཉེན་སྒྲིག་པའི་གནས་སྟངས་དེ་ཇེ་མང་ནས་ཇེ་མང་ཡིན་པ་འདྲ། དེའི་སྐོར་ལ་གསུངས་རོགས།
ལྔ་བ། སྐུ་ཉིད་བཞུགས་སའམ་ཡང་ན་སྐུ་ཉིད་ཀྱི་མཐོང་ཐོས་བྱུང་བའི་མི་རིགས་བསྲེས་ལྷད་སྐོར་ལ་རོབ་རྩིས་ཤིག་བརྒྱབ་ན་གྲངས་འབོར་ག་ཚོད་ཅིག་ཟིན་གྱིན་ཡོད་དམ།
དྲུག་པ། བོད་ཀྱི་བུད་མེད་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་རྒྱུ་རྐྱེན་ག་འདྲ་ཞིག་ལ་ཐུག་ཡོད་དམ། དེའི་སྐོར་ནས་གང་ཐུབ་ཐུབ་ཅིག་གསུངས་རོགས།
བདུན་པ། བོད་ཀྱི་སྐྱེས་པ་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་རྒྱུ་རྐྱེན་ག་འདྲ་ཞིག་ལ་ཐུག་ཡོད་དམ། དེའི་སྐོར་ནས་གང་ཐུབ་ཐུབ་ཅིག་གསུངས་རོགས།
བརྒྱད་པ། རང་མི་རིགས་དང་མི་རིགས་གཞན་པ་གཉེན་སྒྲིག་པའི་དངོས་ཡོད་གནས་ཚུལ་རེ་བརྒྱུད་རིམ་དང་བཅས་པ་གསུངས་རོགས། ས་ཆ་དང་སྡེ་བ། དུས་ཚོད། ད་ལྟའི་གནས་སྟངས་སོགས་གསལ་བོ་མཚོན་པ་རེ་གསུངས་རོགས། དེ་དང་ཆ་འདྲ་བའི་མི་ག་ཚོད་ཅིག་ཡོད་མེད་རོབ་རྩིས་ཤིག་གསུངས་རོགས།
དགུ་བ། སྐུ་ཉིད་བཞུགས་སའི་རྫོང་ཁུལ་དང་ཞང་སྡེ་སོ་སོ་ན་མི་རིགས་གཞན་དང་གཉེན་སྒྲིག་པའི་བོད་པ་རེ་མཐོང་ཐོས་ཡོད་ན། སྐབས་དེའི་ཁྱེད་ཀྱི་ཚོར་བ་ག་འདྲ་རེད་དམ།
བཅུ་བ། མི་རིགས་བསྲེས་ལྷད་ཀྱི་གནད་དོན་འདི་དུས་ག་དུས་ཤིག་ནས་ཇི་ལྟར་བོད་སྤྱི་ཚོགས་སུ་དར་བ་རེད་དམ། ལྔ་དགུའི་རྗེས་དང་དེའི་སྔོན་གྱི་མི་རིགས་བསྲེས་ལྷད་ཐད་ཀྱི་གནས་སྟངས་ལ་ཁྱད་པར་འདུག་གམ། བྱུང་རིམ་ལ་ཁྱད་པར་འདུག་གམ། མིའི་འགན་འཁུར་སྟངས་ལ་ཁྱད་པར་འདུག་གམ། མཇུག་འབྲས་ལ་ཁྱད་པར་འདུག་གམ།
བཅུ་གཅིག་པ། བོད་པ་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་རེད། དེས་ན་མི་རིགས་སུ་དང་སུ་ལ་གཉེན་སྒྲིག་གི་ཡོད་པ་རེད། རྒྱ་རིགས་རེད་དམ། ཁ་ཆེ་མི་རིགས་རེད་དམ། ཡུ་གུར་རེད་དམ། གཞན་གང་དག་རེད། ཚབས་ཆེ་ཤོས་དང་ཁ་གྲངས་མང་ཤོས་གང་དག་རེད།
བཅུ་གཉིས་པ། མི་རིགས་གཞན་དང་གཉེན་སྒྲིག་ཟིན་པ་དག་གི་བུ་ཕྲུག་ཚོས་བོད་སྐད་ཤེས་ཀྱི་འདུག་གམ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་ཀྱི་འདུག་གམ། བོད་མི་ཞིག་ཡིན་པའི་འགན་འཁྲིའི་འདུ་ཤེས་འདུག་གམ།
བཅུ་གསུམ་པ། མི་རིགས་གཞན་དང་གཉེན་མི་སྒྲིག་པའི་ཐབས་ཤེས་ཡོད་དམ། དེ་ཇི་ལྟར་རེད་དམ།
བཅུ་བཞི་པ། མི་རིགས་གཞན་དང་གཉེན་སྒྲིག་ན་ཡང་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་སོགས་ལ་བདག་པོ་རྒྱག་པའི་ཐབས་ལམ་ཡོད་དམ།
བཅོ་ལྔ་པ། བོད་པ་ནི་གྲངས་ཉུང་མི་རིགས་ཤིག་རེད། ལོ་རེར་མི་རིགས་གཞན་དང་གཉེན་སྒྲིག་པའི་ཁ་གྲངས་ལ་བལྟས་ཡོང་ན། ལོ་བཅུའི་རྗེས་ནས་བོད་མི་རིགས་ཀྱི་གནས་སྟངས་ག་འདྲ་ཞིག་ཆགས་སྲིད་གི་རེད་དམ། ལོ་ལྔ་བཅུའི་རྗེས་ལ། ལོ་བརྒྱའི་རྗེས་ལ། སྐུ་ཉིད་ཀྱི་དགོངས་ཚུལ་རང་གསུངས་རོགས།
བཅུ་དྲུག་པ། རིགས་རྒྱུད་བསྲེས་ལྷད་སྐོར་ནས་དྲི་བ་འདི་དག་གི་ནང་ལ་མ་ཚུད་པའི་མཐོང་ཐོས་མྱོང་གསུམ་ཅི་ཞིག་ཡོད་ན་གསུངས་རོགས། དྲི་བར་ལན་བཏབ་རྗེས་ཡིག་ཟམ་ཁ་བྱང་འདིའི་སྟེང་ལ་བསྐུར་ཡོང་རོགས། 1959tc2014@gmail.com
མི་རིགས་བསྲེས་ལྷད་སྐོར་ཟེར་བ་འདིའི་དོན་ཁྱོན་ནས་གོ་མ་སོང་། མི་རིགས་གཞན་པ་དང་མཉམ་དུ་གཉེན་སྒྲིག་པ་ལ་ཟེར་བ་ནི་མ་རེད། ཞིབ་འཇུག་གི་ལས་གཞི་འདིའི་དྲི་བའི་དོན་མ་གོ་བས་མགོ་ནས་བསམ་ཚུལ་མཐོང་ཚུལ་གང་ཡོད་དྲན་གསོ་ཐུབ་མ་སོང་།
དྲི་བ་གསུམ་པ་དང་བཞི་བ་གཤམ་གྱི་འདི་རེད། དྲི་བ་འདི་གཉིས་ལས་རྒྱ་བསྐྱེད་ནས་དྲི་བ་བཅུ་དྲུག་དྲིས་འདུག དང་པོ་༼མི་རིགས་བསྲེས་ལྷད་སྐོར་༽དང་༼མི་རིགས་གཞན་པ་དང་མཉམ་དུ་གཉེན་སྒྲིག་པ་༽ཟེར་བ་འདི་གཉིས་ཀྱི་ཁྱད་པར་མ་ཤེས་ན་ལན་ཅི་ཡང་འདེབས་རྒྱུ་མི་འདུག
༼གསུམ་པ། སྐུ་ཉིད་ཀྱི་བཞུགས་གནས་ན་མི་རིགས་བསྲེས་ལྷད་སྐོར་གྱི་གནད་དོན་འབྱུང་གི་འདུག་གམ། ཡང་ན་དེའི་སྐོར་གྱི་མཐོང་ཐོས་མྱོང་གསུམ་ཅི་ཞིག་ཡོད་ན་གསུངས་རོགས།
བཞི་བ། གོ་ཐོས་ལ་བོད་པ་ཚོས་མི་རིགས་གཞན་པ་དང་མཉམ་དུ་གཉེན་སྒྲིག་པའི་གནས་སྟངས་དེ་ཇེ་མང་ནས་ཇེ་མང་ཡིན་པ་འདྲ། དེའི་སྐོར་ལ་གསུངས་རོགས།༽
ཉི་མ་འཚོ་ལགས། གུས་བ་གནམ་གྱིས་ཞུ་དོན།
༼བསྲེས་ལྷད༽ རྒྱུ་བཟང་པོ་ཞིག་དང་ངན་པ་ཞིག་བསྲེས་བ་ན། བཟང་པོའི་ཕྱོགས་མང་བ་ཡོད་ན་དགེ་ཡིན་པ་རེད། ངན་པའི་ཕྱོགས་མང་བ་ཡོད་ན་སྐྱོན་ཡིན་པ་རེད། དེ་ལ་དགེ་སྐྱོན་ཞུ་བ་རེད། དེའི་དགེ་མཚན་དང་དེའི་ལྷད་སྐྱོན་ཞུས་ན་ཡང་འགྲིག་པ་རེད།
དང་པོ། ཁྱེད་ཀྱིས་འདོད་པ་ལྟར་ན་མི་རིགས་གང་རྒྱུ་བཟང་བོར་རྩི་བ་དང་། མི་རིགས་གང་རྒྱུ་ངན་པ་ལ་རྩི་བ་ཡིན།
གཉིས་བ། མི་རིགས་གཉིས་བསྲེས་བའི་རྒྱུ་ལྷད་ཅན་ལས་དགེ་ཅན་ལ་མི་འགྱུར་བའི་རྒྱུ་མཚན་ཅི་ཡོད།
གོང་གི་དྲི་བ་འདི་གཉིས་ལ་ཁ་གསལ་པོ། གོ་བདེ་བའི་ལན་གསལ་པོ་ཤིག་ཡོད་ན། ཁྱེད་ཀྱིས་ཞིབ་འཇུག་པ་ཡིན་ཉམས་ཤིག་བཏོད་དང་། ངས་ཞིབ་འཇུག་པར་མཁོ་བའི་དྲི་བ་ཆ་ཚང་ལ་ལན་མི་ཉུང་མི་རིང་བ་རེ་སྟེར་དགོས།
བཀའ་བློན་མ་དོང་དང་པན་ཆེན་སྲས་མོ་ཀྱང་སེམས་ལ་འཁོར་མ་མྱོང་བའི་འདྲི་གལ་ཆེན་འགའ་འདྲིས་འདུག བདེན་པའི་ཆ་ལན་ཞིག་འབུལ་ཐུབ་མ་སོང་།
གྲོགས་པོ་ཚོ། སྔོན་ལ་རྩད་གཅོད་ཐོངས་ཤིག དེང་སང་རྒྱ་ནག་གི་ལས་ཁུངས་དེ་ཚོས་རྣམ་པ་སྣ་ཚོགས་བཀོལ་ནས་བོད་མིའི་དྲུང་ནས་གནས་ཚུལ་ལེན་བཞིན་ཡོད་པ་དང་། གོང་གི་འདྲི་བ་དེ་ཚོ་བདེ་འཇགས་ལས་ཁུངས་ཀྱི་འཆོ་འཕྲུལ་མིན་ནམ་སྙམས།
ཁ་སྔོན་ཨ་རིའི་ནང་ཆོས་བྱེད་མཁན་ཞིག་ལ་བོད་ཀྱི་ཞིབ་འཇུག་སློབ་མ་ཡིན་མདོག་མདོག་གི་སྐྱ་མིང་ཟླ་བ་དོན་གྲུབ་ཟེར་བས་ཨ་རིའི་ནང་གི་བོད་ཀྱི་ནང་ཆོས་ཉམས་ལེན་པ་ཚོའི་སྐོར་གྱི་འདྲི་བ་འདི་འདྲ་བ་མང་པོ་བཀོལ་ནས་རྗེས་མ་རྩད་གཅོད་བཏང་དུས། མི་ངོ་མ་བོད་ཡིག་ཤེས་ཀྱི་མེད་ཚོད་ལ་ཁ་པར་དང་ཡིག་ལན་རྩ་བ་ནས་གཏོང་གི་མིན་འདུག་པས། རྗེས་མ་བོད་ནས་མི་ཞིག་གིས་དེང་སང་བདེ་འཇགས་ལས་ཁུངས་ཀྱིས་དེ་ལྟར་བགྱིད་བཞིན་ཡོད་ཟེར། གཟབ་གཟབ་གནོངས།
ཁོང་ཚོའི་འདྲི་བ་ནང་ལ་གཙོ་བོ་རྒྱལ་བ་ཀརྨ་པ་དང་། འབྲི་གུང་ཆེ་ཚང་རིན་པོ་ཆེའི་འབྲེལ་བ། དེ་བཞིན་རྒྱལ་བ་ཀརྨ་པ་དང་། འབྲུག་ཆེན་རིན་པོ་ཆེའི་དབར་གྱི་འབྲེལ་བ་སོགས་དྭོགས་གཞི་ཅན་གྱི་འདྲི་བ་མང་པོ་འདུག
ཉི་མ་འཚོ་ཟེར་བས། ༼དང་པོ། སྐུ་ཉིད་ངོ་སྤྲོད་ཅིག་གནང་རོགས། འཁྲུངས་ཡུལ་དང་ད་ལྟའི་བཞུགས་གནས་གསལ་བོ་མཚོན་པའི་ངོ་སྤྲོད་ཅིག རབ་བྱུང་ན་ཁ་པར་ཨང་གྲངས་སམ་ཡང་ན་ཡིག་ཟམ་ཁ་བྱང་ཡང་འབྲི་རོགས།༽ཟེར། ཅི་ཞིག་ལ་ཞིབ་འཇུག་བྱེད་ཀྱི་ཡོད་དམ། ཞིབ་འཇུག་ཞིག་གི་ཆེད་དུ་ཡིན་སྲིད། ཡིན་ནའང་། གནང་སྟངས་འདི་ཁྱད་མཚར་ཞིག་མཐོང་སོང་།