ཆང་སྐྱེས།
ཁ་བ་མར་མར་འབབ་པའི་ཞོགས་ཞིག།
རྨ་ཆུ་སྔོན་མོའི་འགྲམ་ནས་ལམ་ལ་ཆས།།
བློན་པོ་གསེར་ཆེན་སྒང་ནས་བསང་ཞིག་ཕུད།།
ཁྲི་ཤོར་རྒྱལ་མོའི་ངོགས་ནས་ཕྱག་གསུམ་འཚལ།།
ཨ་ཆེན་གངས་རྒྱབ་ཁུགས་ནས་ངལ་ཞིག་གསོས།།
ལྷག་རླུང་ཙག་གི་ང་རོ་ཕྱོགས་སུ་ལྡང་།།
ཅེ་སྤྱང་སོ་བ་རི་བོའི་ཕག་ནས་འཇབ།།
རི་དྭགས་མ་བུ་བདེ་མོ་ཐང་ནས་ཡལ།།
གདང་ལ་རི་བོ་རྩེ་ནས་ཟོན་ཞིག་བཏབ།།
ཁ་བའི་འབབ་སྟངས་ཇེ་རྩུབ་ཇེ་མཐུག་རེད།།
ཁ་དབུགས་སྲབ་མོ་འཁྱག་རོམ་དར་ལ་འབྱར།།
འཛུབ་མོ་མཆུ་ཁར་སྦྱར་ཏེ་ཡང་ཡང་སྲོས།།
ནག་ཆུའི་སྲང་ལམ་བར་ནས་གྲོ་ཞིག་བསླངས།།
མཐེ་བོང་དགུང་ལ་ཀེར་ཏེ་འཛུམ་ཞིག་བསྟན།།
ཉིན་བྱེད་ཞོན་ནུ་ས་སྲོད་ཀློང་ནས་རྒུད།།
ཁོ་བོས་ཡང་བསྐྱར་ཕམ་ཁ་ཐེངས་ཤིག་ཉོས།།
ཉི་མ་ལྷ་སའི་གྲོང་ལ་ཡུན་གྱིས་སླེབས།།
པ་ཏ་ལ་ཡི་གཟི་བྱིན་རྒུད་ནས་འདུག།
བར་བསྐོར་གླིང་ལ་སྐོར་བ་ལན་གསུམ་བརྒྱབ།།
མཇལ་བ་མང་པོའི་ངོ་གདོང་མཆི་མས་བརླན།།
ནོར་བུ་གླིང་ཁའི་མཛེས་སྡུག་རྨང་ནས་ཡལ།།
རྡོ་རིང་ཡི་གེ་ཆར་དང་ཐིགས་པས་ཟེགས།།
སྐྱིད་ཆུ་གཙང་ཆབ་སྔོན་མོ་འགག་ལ་ཉེ།།
འཁོར་ཡུག་རི་བོ་མུན་ནག་མུན་པས་བསྒྲིབ།།
ཨ་རག་ཕོར་གང་བཙན་གྱིས་ཁོག་ཏུ་མིད།།
མགོ་བོ་བྲང་ཁར་དམད་དེ་གླུ་ཞིག་བླངས།།
སྤྲིན་པ་ལང་ལོང་གནམ་མཁའི་མཐའ་ནས་འཁྲུག།
གློ་རྡེག་ཆར་བ་ཤག་ཤག་ཤུགས་བབས།།
ཡིག་ནོར་གཏགས་ནོར་མང་པོས་སྙན་ངག་ལ་རྨ་ཁ་བཟོས་འདུག་ག