ལོ་མ་རྒྱལ།
ཉི་མ་ཤར་ཤར་ཏེ། ཚ་བ་ཆེ་ཆེ་སྟེ། མཐའ་མ་རྔ་མ། ཆར་བ་ཤགས་སེར་བབས་སོང་། ཆར་བ་འབབ་པའི་སྐར་ཅིག་མ་འདིར། ཆར་བ་ལ་ཀུན་པོས་ “ལྷ”འམ་ “རིན་པོ་ཆེ”་ཞེས་འབོད། རླུང་བུ་ལ་ཡང་བརླན་གཤེར་གྱིས་ཁེངས་ཏེ། རེག་བྱ་ལ་བདེ་སྣང་གིས་བྱིལ་བྱིལ་མང་ཙམ་བྱེད། བར་སྐབས་འདིར། དྲན་ངོགས་ན། ཆར་བ་དང་རླུང་བུ་མ་གཏོགས། ཅི་ཡང་མེད། ཐ་ན། མཚར་སྡུག་བཀྲ་བའི་མེ་ཏོག་ཀྱང་མེད་ལ། ལྷུན་སྟུག་ཅན་གྱི་རི་བོ་ཡང་མེད། གཏན་ཚིགས་ཏེ། ཚ་བས་གཟིར་མ་ཐག་དང་། ཆར་བ་བབས་མ་ཐག་ཡིན་པས་སོ།
ཉི་མ་ལ་ཚ་བ་ཇི་ལྟར་ཆེ་ཡང་། ཚ་བ་ལ་དུས་ཡུན་ཇི་ལྟར་རིངས་ཀྱང་། དེ་རིང་ནི། ཆར་བ་འབབ་པའི་ཉིན་མོ་རེད། དེ་རིང་ནི། ཚ་བ་སྤྱུགས་པའི་ཉིན་མོ་རེད། དེ་རིང་ནི། བརླན་གཤེར་བསུ་བའི་ཉིན་མོ་རེད། དེ་རིང་ནི། བསིལ་རླུང་འདྲེན་པའི་ཉིན་མོ་རེད། འདི་ནི། ཆར་བས་བསླངས་པའི་གསར་བརྗེ་ཆེན་མོ་དེ་ཡིན། ཚ་བ་བརླན་གཤེར་ལ་བསྒྱུར་བའི་གསར་བརྗེ་ཆེན་མོ་དེ་ཡིན། ཚ་བ་བསིལ་རླུང་ལ་ཕབ་པའི་གསར་བརྗེ་ཆེན་མོ་དེ་ཡིན། དེའི་གོ་རིམ་ནི། རླུང་དམར་འཚུབ་པ་དང་། སྤྲིན་ནག་འཁྲུགས་པ། འབྲུག་གྲགས་པ་དང་། ཤིང་གཡོ་བ་བཅས་སོ།
ཆར་བ་ལ་ཕྱོགས་ལྷུང་གི་དྲན་པ་མེད་སྟབས། ཡོད་དོ་ཅོག་ལ། བཏང་སྙོམས་དང་ཆ་སྙོམས་ཀྱིས་འབབ། མཐོན་པོ་རི་དང་དམའ་མོ་གཞུང་ལ། དེ་ལྟར་འབབ། ཚང་ཚིང་ནགས་དང་ཐ་ཐོར་ཤིང་ལ་ཡང་། དེ་ལྟར་འབབ། སྔོ་ལྗང་ལྗང་གི་ཞིང་ཁ་དང་། སྐྱ་ཐེར་ཐེར་གྱི་ཁང་ཐོག་ལ་ཡང་། དེ་ལྟར་འབབ། སྔོ་ཡུག་ཡུག་གི་རྒྱ་མཚོ་དང་། སྐྱ་ཤུར་ཤུར་གྱི་བྱེ་ཐང་ལ་ཡང་། དེ་ལྟར་འབབ། ཀྱག་ཀྱོག་གི་ལམ་ཕྲན་དང་། སྙོམས་སྙོམས་ཀྱི་ལམ་ཆེན་ལ་ཡང་། དེ་ལྟར་འབབ། ལྗོན་པའི་སྤོ་དང་གློག་སྡོང་གི་མགོ་ལ་ཡང་། དེ་ལྟར་འབབ། གླིང་ཆེན་དང་གྲོག་མ་ལ་ཡང་། དེ་ལྟར་འབབ། ས་དང་རྡོ་ཐོག་ལ་ཡང་། དེ་ལྟར་འབབ། མི་དང་བོང་བུ་ལ་ཡང་། དེ་ལྟར་འབབ། དེ་བས། ཐམས་ཅད་ཆར་བ་ལ་དགའ་ཞིང་དུངས། མོས་ཤིང་དད། དེ་བས། ཐམས་ཅད་ལ་འཁང་ར་དང་། འོ་དོད་གཏན་ནས་མི་གདའ།
ཆར་བ་ཆ་སྙོམས་ཀྱིས་བབས་པས། ཆར་བ་ཤག་ཤག་ངང་བབས། མཆིས་སོ་ཅོག་རྒྱན་ལྟར་མཛེས། ཡོད་དོ་ཅོག་ཏོག་ལྟར་སྡུག། མཛེས་མ་འཁྲུས་ཁང་ནས་བུད་པའམ། མེ་ཏོག་ཆུ་ཁ་ན་བཀད་པ་ལྟར། མིག་ལ་མཛེས་ཤིང་། སྙིང་དུ་སྡུག་ཨང་། ཡིན་ཀྱང་། འདི་ལ་སེམས་པ་རྩེ་གཅིག་ཏུ་ཤོར་ཏེ། རང་ཉིད་མུན་ཁུང་གི་ཕུག་རོལ་གྱི་རྗེས་སུ་བཞག་ན། རང་ཉིད་རང་ཉིད་ཀྱི་རྡོག་བརྫིས་བཏང་བ་རེད། རང་ཉིད་རང་ཉིད་ཀྱི་དམར་གསོད་བཏང་བ་རེད། རང་ཉིད་ཀྱི་མངའ་ཐང་རང་ཉིད་ཀྱིས་མག་མོག་བཏང་བ་རེད། རང་ཉིད་ཀྱི་རྒྱལ་ཁམས་རང་ཉིད་ཀྱིས་བཅོམ་བརླག་བཏང་བ་རེད། དེ་ན། མཛེས་པ་ནི་ཇི་ལྟར་མཛེས་ཀྱང་རང་ཉིད་རང་ཉིད་ལ་མཛེས་པའི་ཡན་ཞིག་གཏན་ནས་མིན། དེའི་ཕྱིར། རང་ཉིད་རང་ཉིད་ཀྱིས་མ་བརྗེད་རོགས། རང་ཉིད་ལ་རང་ཉིད་ཀྱི་འཇིག་རྟེན་ཡོད། རང་ཉིད་ནི་རང་ཉིད་ཀྱི་འཇིག་རྟེན་ནོ།
ཆར་བ་འབབ་མཚམས་བཞག་རྗེས། ཉི་མ་ལ་ཚ བ་སྔར་བཞིན་ཆེ། དེ་ནི། དྲང་བདེན་དང་གནས་ལུགས།་ཚད་མ་དང་ཆོས་ཉིད་ལྟ་བུ་ཞིག་རེད། ཡིན་ཀྱང་། རླུང་བུ་ལ་འཛུམ་སེ་སེ་ཡི་རློན་ཤ་ཤ་ཡི་ཆ་དེ། ད་དུང་། སྨུག་པ་ལྟར་ཡལ་མི་འདུག། འཇའ་ཚོན་ལྟར་ཡལ་མི་འདུག། དེ་ནི་ཆར་བ་རིན་པོ་ཆེ་ཡིས་བཏབས་པའི་ས་བོན་དེའི་འབྲས་བུ་ཡི་ངོ་ཞིག་ཡིན། ཡང་། རླུང་བུ་ལ་བརླན་གཤེར་བྲི་འགྲོ་བ་འདི། ཉི་མའི་སྟོབས་ཤུགས་ཡིན། གལ་ཏེ། རླུང་བུ་ཡི་བརླན་གཤེར་འདི། ཚུལ་འཆོས་དང་རྫུ་བག། ཉི་མའི་སྟོབས་ཤུགས་འདི། དྲང་བདེན་དང་གནས་ལུགས་ཡིན་པའི་དབང་དུ་བཏང་ན། ཚུལ་འཆོས་དང་རྫུ་བག་གི་བརླན་གཤེར་ཇི་ལྟར་བརླན་ཡང་། ཇི་ལྟར་ལྗིད་ཀྱང་། དྲང་བདེན་དང་གནས་ལུགས་ཀྱི་ཉི་མས་བསྐམས་འགྲོ། དེ་ཡིན་པས། མེ་ཏོག་ཐམས་ཅད་ཉི་མར་འཁོར། ལྗོན་པ་ཡོད་ཚད་ཉི་མར་འཁོར། དོན་གྱིས་ཉི་མར་འཁོར་ན་མུན་པ་མི་མཐོང་བ་བདེན་པའོ།
རླུང་བུ་ཧུར་ཐག་གི་གཡུགས་བཞིན་གདའ། རླུང་བུ་སིལ་སིལ་ངང་ལྡང་བཞིན་མཆིས། ལོ་མ་ཤག་ཤག་ངང་གཡོ་བཞིན་འདུག། ལོ་མ་ལྷབ་ལྷུབ་ངང་འཕག་བཞིན་གདའ། ལོ་མ་ན་ན་རེ། རླུང་བུ་ལ་ཨུ་ཚུགས་ཆེའོ། རླུང་བུ་ལ་སྒེར་སེམས་དྲག་གོ། གཡོ་མི་དགོས་ན་ཡང་། འགུལ་དགོས། རྔོ་མི་ཐོགས་ན་ཡང་། གཡོ་དགོས། རང་དབང་ནི་མི་གདའ་འོ། རླུང་བུ་ན་རེ། བདག་ལ་མེ་ཏོག་ལྟ་བུའི། བརླན་གཤེར་ཉུང་བས། ལོ་མའི་ཁམས་ལ། ལུས་བྲོད་སེམས་བསོད་ཀྱི་བདེ་སྣང་ཞིག་སྟོབ་མ་མཐུས་པས་ཡིན་ནམ། འོན་ཀྱང་། རྒྱུ་བ་ནི་རང་ཉིད་ཀྱི་རང་གཤིས་སོ། རྒྱུ་བ་ནི་རང་ཉིད་ཀྱི་རང་དབང་ངོ། མ་ཤི་བར། ཇི་ལྟར་ཡང་། རང་ཉིད་ལ་མངའ་བའི་རང་གཤིས་ནི་བསྒྱུར་བར་མི་བྱའོ། དེ། བདག་གི་བླ་སྲོག་ཡིན་ནོ། དེ། བདག་གི་ཐམས་ཅད་དོ། དེ་ལ་སྲོག་གིས་ཀྱང་གཅེས་སོ། དོན་གྱིས་ལོ་མ་གཡོ་བ་ནི་རླུང་བུའི་མེ་ལོང་དང་། ལོ་མ་ཡི་གླུ་དབྱངས་ཡིན། མདོར་ན་ལོ་མའི་རང་ཚུགས་ཀྱང་དེའོ། རླུང་བུའི་རང་ཚུགས་ཀྱང་དེའོ། དེ་མེད་ན་དེ་མེད་པ་ལྟར་ངེས་སོ།
ཞིབ་མོར་བཤད་ན། ཆར་བ་བབས་མ་ཐག། ཉི་མ་ཤར་བ་ཚུགས་པའོ། ཞེས་ལབ་ཆོག་ཆོག་རེད། དེ། སྐྱེས་མ་ཐག་ནས། འཆི་བར་བརྩམས་པ་དང་འདྲ། དེ། ཉི་མ་ཤར་མ་ཐག་ནས། ནུབ་པར་ཕྱོགས་པ་དང་མཚུངས། དེ། བདེན་པ་རེད། བདེན་པ་ནི་དེའོ། བདེན་པ་ནི་དེ་དེ་བཞིན་ནོ། གནམ་ལ་སྤྲིན་ནག་འཁྲུགས་ཏེ། ཆར་བ་བབས་ཚར་སོང་། འཇའ་ཚོན་ཤར་ཟིན་སོང་། ཟིལ་ཐིགས་བབས་ཚར་སོང་། ཤུལ་ཀ་ན། སྔར་བཞིན་ཉི་མ་རེད། ཚ་བ་རེད། འོད་ཟེར་རེད། དེ། མགོ་ཡིན་ནམ། རྔ་མ་ཡིན་ནམ། གཉིས་ཆ་རེད་དོ། དེ་དང་ཨ་ན་མ་ན། ཉི་མ་ཤར་མ་ཐག། ཆར་བ་འབབ་ཚུགས་པ་ཡང་རེད། ད་ནི་བར་སྐབས་ཤིག་གོ། ཆར་འབབ་ལ་ཁད་དང་། ཉི་མ་ཤར་ལ་ཁད་ཀྱ་སྐབས་ཏེ། བར་བརྒལ་རིང་མོ་ཞེས་བྱའོ། སྐབས་འདིར། མཆུ་ལི་ར་མདུང་ཅན་གྱི་དུག་སྦྲང་གི་བསྟན་པ་དར་བའི་སྐབས་ཤིག་ཀྱང་རེད། མི་རྣམས་ཀྱིས་དུག་སྤྲང་རིག་རིག་པོ་གསོད་རྐྱང་བྱེད་ན་ཡང་། དོན་གྱིས། དུག་སྤྲང་ནི། གཏི་མུག་ཅན་ལ་དུང་བརྡའོ། དོན་གྱིས། དུག་སྤྲང་ནི། ལེ་ལོ་ཅན་གྱི་སློབ་དཔོན་ནོ།
ཆར་བ་བཏང་ཚར་བ་རེད། ཆར་བ་ད་དུང་འབབ་ཀྱི་མི་འདུག། ཉི་མ་ཤར་འདུག། ཚ་བ་ཇེ་ཆེ་ནས་ཇེ་ཆེ་རེད། གྲོག་མ་དང་ས་འབུ་ལ་སོགས། དམག་ཆེན་དང་བོ་དང་། དམག་ཆེན་གཉིས་པ་ལྟར། ཡུག་ཡུག་དང་། འཚུབ་འཚུབ། འདུར་རྒྱུགས་དང་བྲེལ་འཚུབ་བོ། རང་བཙན་ཤོར་སོང་བ་དང་འདྲ་ལ། རང་བཙན་འཕྲོགས་སོང་བ་དང་འདྲ། རང་བཙན་རྩོད་ཀྱིན་པ་དང་འདྲ་ཞིང་། རང་བཙན་ཐོབ་སོང་བ་དང་ཡང་འདྲ། ཆེས་འདུ་འཛི་རྒོད་པ་ནི། ཐོབ་མ་ཐོབ་དང་། རྩོད་མ་རྩོད། འཕྲོགས་མ་འཕྲོག། སོང་མ་སོང་གི་སྐབས་འདི་ཡིན་པ་འདྲ།
དེ་ཡང་། ཐན་པ་བྱུང་བའི་སྐབས་དང་། ཆར་བ་མི་འབབ་པའི་སྐབས་སུ་བྱུང་བ་ཞིག་གོ། ད་དུང་། ཉི་མ་ཤར་རྐྱང་དང་། ཚ་བ་ཆེ་རྐྱང་བྱས་ན། སྤྲིན་པ་ཡི་གར་སྟབས་དང་། མེ་ཏོག་གི་སྒེག་ཉམས། ཆུ་ཐིགས་ཀྱི་གྲེ་འགྱུར། ལོ་མ་ཡི་གླུ་དབྱངས། མདོར་ན། མཛེས་སོ་ཅོག་བརྡིབ་བོ། འདི་ལ། ད་གཟོད། ཆ་མ་ཚང་བ་ཡང་ཟེར། འདི་ལ། ད་གཟོད། ཁ་མ་གང་བ་ཡང་ཟེར། འདི་ལ། ད་གཟོད། ཡ་བྲལ་བ་ཡང་ཟེར། འདི་ལ། ད་གཟོད། ངན་ངོན་དང་ཐབས་རྡུགས་ཀྱང་ཟེར། དྲང་མོར་བཤད་ན། ད་ནི། ཆར་བ་བབས་ན་ཏག་ཏག་རེད། དྲང་མོར་བཤད་ན། “ཤིན་ཏུ་གཅིག་མིན་ཐ་དད་མིན།” “སྣང་སྟོང་ཟུང་འཇུག”་གི་གདམས་ངག་པང་དུ་བླངས་ན་རབ་ཏུ་མཆོག་ཅིང་། བླ་ན་མེད་དོ། གོང་ན་མེད་དོ།
རི་གསུམ་གྱི་རྩེ་ན། སྤྲིན་དཀར་གྱི་ཚོམ་བུ་ཞིག། ལག་པ་མིག་ཁར་བཞག་སྟེ། དེ་ལ་ཡང་ཡང་ལྟ། སྤྲིན་དཀར་གྱི་ཚོམ་བུ་ནི། མེ་ཏོག་གི་ཚོམ་བུ་དང་འདྲ། ཆར་བ་འབབ་ན་སྙམ་པའི་སེམས་པ་ནི་བརྒྱ་དང་སྟོང་། ཟིལ་ཐིགས་རིག་ན་འདོད་པའི་འདོད་པ་ནི་སྟོང་དང་ཁྲི། འདབ་མ་བརླན་ན་བསམ་པའི་སེམས་པ་ནི་ཁྲི་དང་འབུམ། ཡིན་ཀྱང་། རླུང་བུ་དབེན་པས། བསིལ་རླུང་ཉུང་བས། ཆར་རླུང་དེ་བས་མེད་པས། སྤྲིན་དཀར་གྱི་ཚོམ་བུའི་ཁོ་ནས་ཅི་བྱ། སྤྲིན་དཀར་གྱི་འདབ་མའི་ཁོ་ནས་ཅི་བྱ། སྤྲིན་དཀར་གྱི་མཛེས་སྡུག་ཁོ་ནས་ཅི་བྱ། ཆར་བ་འབབ་པར་ཡང་། རླུང་བུའི་རམ་འདེགས་མཁོ་བས། སྤྲིན་དཀར་གྱི་ཚོམ་བུ་ཁོ་ནས་རྒྱལ་ཁ་ཐོབ་མ་ནུས་སོ། ཡིན་ཀྱང་། ཀུན་པོ་ཀུན་ནས་རྨོངས་ཏེ། ཆར་བ་ལ་སྨོན། ཉི་མ་ལ་སྡང་། བསིལ་རླུང་ལ་རེ། ཚ་རླུང་ལ་ཁྲོ། ཆར་བའི་འཕྲིན་ལས་ཡང་ཡང་སྒྲོག། ཚ་བའི་ཉེས་པ་ཡང་ཡང་ཟློས། རླུང་བུའི་དགེ་མཚན་ཡང་ཡང་བརྗོད། ཚ་རླུང་གི་མཚང་བ་ཡང་ཡང་བཤད། འདི་ནི་ཇི་ལྟར་འཇིག་རྟེན་གྱི་མྱི་ཁར་འཁོར་ཚུལ་ཡིན་པ་དང་འདྲ།