ཕུན་ཚོགས་བསྟན་དར།
ས་གཞིའི་རི་མོར་མཛེས་སྡུག་ཇི་ཙམ་ལྡན་ནའང།
ཀུན་གསལ་འོད་སྣང་མེད་ན་སུ་ཡིས་མངོན།
མིག་ལྡན་རྣམས་ཀྱི་དགའ་བའི་ཡུལ་དང་།
སྡུག་པའི་བཀོད་པ།
སྐྱིད་པའི་སྣང་བ་སོགས།
ཡངས་ཤིང་ལྟ་ན་སྡུག་པའི་འཛམ་གླིང་ལ་ཇི་ལྟར་སྤྱོད།
ཡང་ནས་ཡང་དུ་བལྟ་འདོད་ཅིང་།
ངོམས་པ་མེད་པའི་ཚོར་ཤུགས་སུ་ཡིས་སྟེར།
རིང་ནས་ཡུན་དུ་བསྲིངས་འདོད་པའི།
ཚེ་སྲོག་གི་གསོན་ཤུགས་སུ་ཡིས་སྤྲོད།
ནམ་ཡང་ནུབ་ཏུ་མི་རུང་བའི་ཉི་གཞོན་ལགས།
གལ་ཏེ་ཁྱེད་མེད་ན།
འཛམ་གླིང་ཧྲིལ་པོར་བདེ་སྐྱིད་ག་ལ་འོང་།
དུས་རིང་འཚོ་བའི་ཚེ་སྲོག་གི་རྟེན་གཞི་གང་ན་ཡོད།
འཁྱགས་རོམ་དང་གངས་རི་བཞུར།
ལོ་འབྲས་དང་རྩི་ཤིང་རྒྱས།
ཚེ་སྲོག་གི་ཞལ་འདེབས་སྦྱིན།
ཁྱེད་ནི།
བདག་གི་ལུས་སྲོག་གི་དྭངས་མ་དང་།
སྙིང་དབུས་ཀྱི་དྲོད་འཁྱིལ།
ཟུངས་ཁྲག་གི་དྲོད་ཁམས་ཉག་ཅིག་ཡིན་པས།
ཕན་ནུས་དང་ཁྱབ་ཚད་བརྗོད་པར།
ཁོ་བོའི་སྨྲ་ལྕེ་རབ་ཏུ་ངལ་ཞིང་།
སྤྱོད་པའི་ཡུལ་ལས་ཤིན་ཏུ་འདས།
འོན་ཀྱང་།
དག་སྣང་དང་དད་གུས་ནི།
བདག་གི་སེམས་ཁོང་ནས།
ནམ་ཡང་ཡལ་མི་སྲིད།
ནམ་ཡང་ཡལ་མི་སྲིད།།