—-ནམ་མཁའ།
དང་པོ། གླེང་གཞི།
དེ་རིང་འདིར་ཕྲན་གྱིས་དོགས་སློང་ཕྲན་བུ་ཞིག་བྱེད་འདོད་པ་ནི། ཚན་རིག་པ་ཚོས་བཤད་པ་ལྟར་འཇིག་རྟེན་ཐོག་མའི་འབྱུང་རྐྱེན་འབར་གས་ཆེན་མོ་རེད་ཟེར་བ་ལྟར། འབར་གས་ཆེན་མོ་ནི་ཅི་ཞིག་ཡིན་མིན་སྐོར་ལ། ཕྲན་གྱིས་བསམ་ཚུལ་ལྟར་དོགས་སློང་ཕྲན་བུ་ཞིག་བྱེད་འདོད་པ་དེ་ཡིན། ཡིན་ཡང་། ཕྲན་གྱི་དོགས་སློང་འདི་ལ་ཚན་རིག་པ་ཚོ་གཙོ་བྱས་ཏེ། ནང་པའི་རིག་པ་སྨྲ་བ་ཚོ་ཡང་གད་མོ་ཤོར་སྲིད། ཡིན་ན་ཡང་གད་མོ་འདི་ནི་གནས་ལུགས་དང་མཐུན་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། ཕྲན་གྱི་མི་ཚེ་ནང་ཚན་རིག་གི་ཕྱོགས་ལ་རྩ་བ་ནས་སློབ་སྦྱོང་བྱས་མྱོང་མེད་པས་ཡིན།
འོན་ཏེ། སེམས་དང་སྲོག་གི་བགྲོ་གླེང་གནང་བའི་དེབ་འགའ་ཤས་ཞིག་བོད་ཡིག་ནང་བསྒྱུར་ཡོད་པའི་དེབ་དེ་དག་ནང་དུ། ཕྲན་གྱི་བསམ་བློའི་ནུས་ཚོད་ཀྱིས་དོགས་འཇུག་རིང་ལུགས་ཀྱི་ལམ་ནས་འགྲུལ་བཞུད་ཐེངས་མང་བྱས་པ་ཡིན། འགྲུལ་བཞུད་འདིས་ཕྲན་ལ་ཤེས་བྱ་གསར་བ་མང་པོ་ཞིག་ཤེས་རྟོགས་བྱུང་བ་བཞིན། རིམ་བཞིན་དོགས་པའི་རང་བཞིན་གྱི་དྲི་བ་མང་པོ་ཞིག་ཀྱང་སྐྱེས་སུ་བཅུགས་པས། ངས་འདིར་དོགས་པའི་རང་བཞིན་གྱི་དྲི་བ་འགའ་འགོད་འདོད་པ་དེ་ཡིན། དེ་ཡང་འབར་གས་ཆེན་མོ་འཇིག་རྟེན་གྲུབ་པའི་ཐོག་མའི་རྒྱུ་རྐྱེན་དུ་འཇོག་པའི་དབང་དུ་བྱས་ཏེ། དྲི་བ་འགོད་ཀྱི་ཡིན།
ཚན་རིག་པ་ཚོར་ཐོག་མའི་འཇིག་རྟེན་གྱི་སྐོར་ལ། ཐོག་མ་ཉིད་ནས་ཡོད་པའི་མེ་ཕུང་ཆེན་མོ་ཞིག་འཐོར་ནས་འཇིག་རྟེན་གྲུབ་ཚུལ་ངོ་མཚར་ཆེ་ཞིང་། ཡིད་དབང་འཕྲོག་ཐུབ་པའི་སྒྲུང་སྙན་མོ་གོ་རིམ་ལྡན་པ་ཞིག་ཡོད་པ་མ་ཟད། ལོ་ཅི་ཙམ་སོང་ཡོད་མེད་ཀྱི་ཕྱོགས་ནས་ཀྱང་།བཤད་ཚུལ་མི་འདྲ་ཡང་ལོ་ཚོད་ངོས་བཟུང་ཡོད། དཔེར་ན། ༢༠༠༢ལོར་རྡ་རམ་ས་ལའི་བཞུགས་སྒར་དུ་སེམས་དང་ཚེ་སྲོག་གི་བགྲོ་སྟེང་ཕེབས་པའི་ཕྲ་ཕུང་རིག་པ་སྨྲ་བ་༼འོད་སྰོ་ལཱ༽ཡིས་སའི་གོ་ལ་ནི་ལོ་ངོ་ཐེར་འབུམ་བཞི་དང་ཕྱེད་ཀའི་གོང་དུ་གྲུབ་ཅིང་། ཞེས་གསུངས་པ་དང་། ༡༩༩༧ལོར་སེམས་དང་ཚེ་སྲོག་གི་བགྲོ་སྟེང་ཕེབས་པའི་གནམ་དཔྱད་རིག་པ་བ་༼ཕེའར་ཊི༽PIET HUTཡིས་ད་ལྟ་ང་ཚོ་ནི་འཇིག་རྟེན་ཐོག་མར་གྲུབ་པའི་འབར་གས་ཆེན་མོ་ནས་མར་བརྩིས་ན། འོད་ལོ་ཐེར་འབུམ་བཅུ་གཉིས་མཚམས་སུ་ཡོད་ཞེས་གསུངས་འདུག་པས། ལོ་ངོ་ཐེར་འབུམ་འགའ་རེ་ཡི་ཁྱད་པར་ཤོར་ཡོད་ན་ཡང་། སྟོང་པའི་མཁའ་དབྱིངས་ཀྱི་འོད་ལ་ཚད་འཇལ་བྱས་ཏེ། ང་ཚོ་འཚོ་གནས་བྱེད་སའི་གོ་ལ་རིལ་མོ་འདི་ལ་ཡང་མི་ལྟར་ལོ་ཚོད་ཞིག་ངོས་བཟུང་བ་ནི། ཆེས་ཤིན་ཏུ་དྭངས་པ་འདྲེན་པ་ཞིག་རེད།
ཕྲན་གྱིས་བཤད་འདོད་པ་གཙོ་བོ་ནི། ཚན་རིག་པ་ཚོས་རྙེད་པའི་འབར་གས་ཆེན་མོ་འདི་ཐོག་མ་ཉིད་ནས་ཡོད་པའི་མེ་ཕུང་ཆེན་པོ་དེ་གང་ནས་བྱུང་མིན་དང་།དེའི་སྔ་རོལ་དུ་ཅི་ཞིག་ཡོད་མེད་སྐོར་ལ་ལོ་འགའི་ཡར་སྔོན་དུ་༼འཇིག་རྟེན་ལ་ཐོག་མ་ཡོད་དམ་༽ཟེར་བའི་རྩོམ་ཐུང་ཞིག་བྲིས་ཟིན་པ་ཡིན་མོད།འོན་ཀྱང་དེ་རིང་འདིར་ཡང་བསྐྱར་འབར་གས་ཆེན་མོ་དེ་ཅི་ཞིག་ཡིན་མིན་སྐོར་ལ། ཕྲན་གྱིས་དྲི་བ་འགའ་དང་འབྲེལ་བའི་དོགས་དཔྱོད་ཕྲན་བུ་རེ་འགོད་འདོད་པ་དེ་ཡིན།
དབྱིན་སྐད་དུ༼big bang ༽ཟེར་བའི་འབར་གས་ཆེན་མོའམ་འབོམ་སྒྲ་ཆེན་མོ་དེ་གས་འཐོར་དུ་མ་སོང་བའི་སྔ་རོལ་གྱི་འབར་བཞིན་པའི་སྐབས་སུ་ཅི་ཞིག་ཡིན་མིན་དེ་ཡིན། ཚན་རིག་པ་ཚོས་ཀྱང་འབར་གས་ཆེན་མོ་དེ་དོན་ངོ་མར་ཅི་ཞིག་ཡིན་མིན་ད་རུང་ཤེས་ཐུབ་མེད།
དེ་ཡང་༡༩༩༧ལོར་ནང་པའི་ཚན་རིག་དང་རིག་གསར་ཚན་རིག་བར་བགྲོ་གླེང་གནང་བའི་དེབ།༼གསར་བྱུང་དངོས་ལུགས་དང་།འཇིག་རྟེན་ཆགས་རིམ༽ཟེར་བའི་དེབ་དེའི་ཤོག་ངོས༣༢༢རུ། གནམ་དཔྱད་རིག་པ་བ་འཇོར་ཇི༼georgeཡིས་དགུ་ཚིགས་ཐམས་ཅད་ཀྱི་འགུལ་སྐྱོད་བྱེད་སྟངས་ལ་བལྟས་ཚེ། ལོ་ངོ་ཐེར་འབུམ་༡༥གོང་དུ་དེ་དག་ཐམས་ཅད་པོ་གནས་འདིར་ཡོད་པ་ཞིག་ཡིན་ཞིང་། ང་ཚོས་དུས་སྐབས་དེ་ལ་འབར་གས་ཆེན་མོ་ཞེས་བརྗོད་ཀྱང་། དེ་ནི་དོན་ངོ་མར་ཅི་ཞིག་ཡིན་པ་ང་ཚོས་གསལ་བོར་རྟོགས་མེད༽ཞེས་གསུངས་འདུག་པ་དང་། གཞན་གསར་བྱུང་དངོས་ལུགས་དང་། འཇིག་རྟེན་ཆགས་རིམ་ཞེས་བའི་དེབ་འདི་རྩོམ་པ་པོ་དངོས་ཁམས་རིག་པ་བ༼ཨ་ཐོར=arthur zajoinc༽ཡིས་གསལ་བཤད་ཤོག་ངོས༣༥༠ནང་། ང་ཚོས་གསལ་བོར་བརྗོད་ཐུབ་པ་ནི། རགས་རྩིས་བྱས་ན་ལོ་ངོ་ཐེར་འབུམ་༡༢ནས་༡༣ཡར་སྔོན་དུ་འབར་གས་ཆེན་མོ་ཞིག་བྱུང་ཡོད་པ་འདི་ཡིན་ཞིང་། ལོ་ངོ་ཐེར་འབུམ་བཅུའི་ཕ་རོལ་གྱི་འདས་དུས་ལ་བལྟས་ཚེ། ང་ཚོས་ཁྱེའུ་དགུ་ཚིགས་ཁོ་ན་མཐོང་བ་དང་། དེ་ནས་ཡར་བལྟས་ན་གོར་ཐིག་ཡན་གྱི་གྲངས་ཚད་གསུམ་དུ་ཡོད་པའི་ཤུལ་འོད་མཐོང་ཞིང་། འདི་ནི་ང་ཚོས་འབར་གས་ཆེན་མོའི་ཤུལ་ལྷག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཞེས་གསལ་བཤད་དམ་འགྲེལ་བཤད་སྙིང་བསྡུས་ཞིག་རྒྱབ་འདུག་པར་བལྟས་ན། དེང་གི་རིག་གསར་ཚན་རིག་པ་ཚོས་ཀྱང་འབར་གས་ཆེན་མོའམ་འབོམ་སྒྲ་ཆེན་མོ་ནི་འཇིག་རྟེན་གྱི་ཐོག་མའི་འབྱུང་ཁུངས་རེད་ཟེར་བ་དེ་ཡང་མཐའ་གཅིག་ཏུ་ཐག་གཅོད་རང་བཞིན་མེད་པ་གསལ་བོར་རེད།
དེ་ཡང་དཔེར་མཚོན་སྟབས་བདེ་ཞིག་གི་སྟེང་ནས་དྲི་བ་བཀོད་དེ་བཤད་ན།༼༡༽འབར་གས་ཆེན་མོའི་སྔ་རོལ་གྱི་མེ་ཕུང་ཆེན་པོ་དེ་ཅི་ཞིག་ཡིན་ནམ་ཟེར་བ་དེ་ཡིན། དྲི་བ་སྟབས་བདེ་འདི་ནི་རྩོམ་ཐུང་འདིའི་གླེང་གཞི་གཙོ་བོ་ཡིན། གས་འཐོར་དུ་མ་སོང་བའི་སྔ་རོལ་གྱི་མེ་ཕུང་ཆེན་མོ་དེ་ཅི་ཞིག་ཡིན་མིན་རྟོགས་པ་ལ། ནུས་སྟོབས་ཆེ་བའི་རྒྱང་མཐོང་ཆེན་པོ་ཞིག་བཟུང་སྟེ། ང་ཚོ་ནམ་མཁའི་མཁའ་དབྱིངས་ཀྱི་སྐར་མའི་གྲོང་ཁྱེར་ལ་འགྲུལ་བཞུད་བྱས་ཏེ། སྟོང་པའི་མཁའ་དབྱིངས་ནས་ང་ཚོ་དྲོད་ཁོལ་སྦྱིན་པའི་ཉི་མ་གཅིག་ཁོ་ན་ཡིན་ནམ། ཡང་ན་ཉི་མ་ཡང་གྲངས་མེད་ཡོད་མེད་ལ་བསམ་གཞིགས་བྱེད་ཆོག དེ་ཡང་གནམ་སྔོ་ཤིན་ཏུ་དྭངས་བའི་མཚན་མོ་ཞིག་ལ། ཁྱེད་ཀྱིས་མཁའ་དབྱིངས་ཀྱི་གྲངས་མེད་པའི་སྐར་ཚོགས་ལ་བལྟ་སྐབས། སྐར་མ་ཁ་ཤས་ལ་འོད་འཚེར་འཚེར་གྱིས་འོད་ལ་གཡོ་འགུལ་བྱེད་བཞིན་ཡོད་པ་དང་། སྐར་མ་ཁ་ཤས་ཀྱི་འོད་ལ་གཡོ་འགུལ་མེད་པར་ཡོད་པ་མཐོང་ཐུབ།
གལ་སྲིད་ཁྱེད་རང་དོགས་འཇུག་རིང་ལུགས་ཀྱི་ལམ་ནས་རྒྱང་བལྟས་འགྲུལ་བཞུད་བྱས་ཡོད་ཚེ། ཁྱེད་རང་ལ་དྲི་བ་ཞིག་སླེབས་སྲིད། དྲི་བ་ཡང་འདི་ལྟར་ཡོང་སྲིད་པ་ཞིག་རེད། ༼༢༽འོད་འཚེར་འཚེར་གྱིས་སྐར་འོད་གཡོ་འགུལ་ཅན་དེ་དག་ཅི་ཞིག་ཡིན་ནམ། ༼༣༽སྐར་འོད་ལ་གཡོ་འགུལ་མེད་པར་ཡོད་པའི་སྐར་མ་དེ་དག་ཅི་ཞིག་ཡིན་ནམ། སྟོང་པའི་མཁའ་དབྱིངས་ཀྱི་ཁྱིམ་གཅིག་གི་སྐར་ཚོགས་ཀྱི་འོད་སྣང་ལ། ཁ་ཤས་ཀྱི་འོད་ལ་གཡོ་འགུལ་དང་འོད་འཚེར་འཚེར་བྱེད་ལ། སྐར་མ་ཁ་ཤས་ཀྱི་འོད་ལ་གཡོ་འགུལ་མེད་པར་ཡོད་པས། དེ་ཚོའི་བར་གྱི་ཁྱད་པར་ཅི་ཞིག་ཡིན་ནམ་ཞེས་དྲི་བ་འགའ་སླེབས་ངེས་རེད། དྲི་བ་འདི་ཚོར་ལན་འདེབས་བྱེད་པ་ལ། ཕྲན་ལྟ་བུ་ཚན་རིག་ལ་རྩ་བ་ནས་སློབ་སྦྱོང་བྱས་མྱོང་མེད་མཁན་ཞིག་གི་ངོས་བཤད་ན། གཏན་ཚིགས་ཡང་དག་གི་སྒོ་ནས་ལན་འདེབས་རྒྱུ་ལས་སླ་བོ་ཞིག་མ་རེད།
ཡིན་ན་ཡང་། ནང་པའི་གཞུང་ལུགས་ལྟར་བློ་ཐེ་ཚོམ་གྱི་ངང་ནས། རྒྱ་ཆེ་ཞིང་གཏིང་ཟབ་པའི་རྒྱ་མཚོ་ལྟ་བུའི་གཞུང་ལུགས་ལ་འགྲུལ་བཞུད་བྱེད་ཐུབ་ཚེ། རྒྱུ་མཚན་ནམ་གཏན་ཚིགས་ཡང་དག་རྙེད་པའི་ཐབས་ལམ་གསུངས་པ་ལྟར། ཚན་རིག་དང་ནང་པའི་གཞུང་ལུགས་གཉིས་གར་བལྟ་རྒྱ་དང་ཐོས་རྒྱ་ཆུང་ཡང། ཕྲན་གྱིས་དོགས་པའི་རང་བཞིན་གྱི་དྲི་བ་གསུམ་ལ་རྒྱུ་མཚན་ཡང་དག་ཡིན་མིན་ལ་མ་ལྟོས་བར་བསམ་ཚུལ་འགའ་འབྲི་འདོད་པ་དེ་ཡིན།
གཉིས་པ། ཉི་མའི་གོ་ལ་བྱེ་བ་ཕྲག་བརྒྱ།
དེ་ཡང་ཐོག་མར་ང་ཚོའི་ལོངས་སྤྱོད་བཞིན་པའི་ཉི་མའི་ཁྱིམ་བརྒྱུད་ཀྱི་དགུ་ཚིགས་ནས་འགོ་བརྩམས་ཏེ། ནམ་མཁའི་དབྱིངས་ཀྱི་སྐར་ཚོགས་ལ་བལྟ་རྒྱུ་ཡིན། ཚན་རིག་པ་ཚོས་བཟོས་བའི་འཕྲུལ་ཆས་ལ་རྟེན་ཉི་མ་ཟེར་བ་དེ་ཅི་ཞིག་ཡིན་མིན་གསལ་བོར་མཐོང་ཐུབ། ཉི་མ་ནི་འབར་བཞིན་པའི་མེ་ཕུང་ཆེན་པོ་ཞིག་ཡིན་པ་ང་ཚོས་མངོན་སུམ་དུ་རྟོགས་ཡོད། ཉི་མའི་མཐའ་འཁོར་གྱི་ཟླ་བ་དང་མིག་དམར་སོགས་ཀྱི་དགུ་ཚིགས་རྣམས། དུས་ནམ་ཞིག་ལ་བྱུང་མིན་ཚན་རིག་པ་ཚོས་གསལ་བོར་ཞིག་གསུངས་ཐུབ་མེད་ན་ཡང་། ང་ཚོ་འཚོ་གནས་བྱེད་སའི་ས་ཡི་གོ་ལ་འདི་བྱུང་བའི་རྗེས་སུ་བྱུང་ཡོད་ཚུལ།གནམ་དཔྱད་རིག་པ་བ་འགས་གསུངས་འདུག དེ་ཡང་མཐའ་གཅིག་ཏུ་ཐག་གཅོད་ཀྱི་རང་བཞིན་ལྡན་མིན་གང་ལྟར་ཡང་། སའི་གོ་ལ་བྱུང་བའི་རྗེས་སུ་ཉི་མ་དང་ཟླ་བ་སོགས་བྱུང་ཚུལ་གསུངས་པ་འདི་ཆེས་ཤིན་ཏུ་དྭངས་པ་འདྲེན་པ་ཞིག་རེད།
དེ་ཡང་དང་པོར་ང་ཚོས་ཟླ་བ་ཉ་གང་བའི་འོད་སྣང་ལ་བལྟས་ཚེ། ཟླ་བའི་འོད་དེ་གཡོ་འགུལ་མེད་པར་ཡོད་པ་སུས་བལྟས་ཀྱང་མཐོང་ཐུབ། ཟླ་བའི་གོ་ལ་ལས་ཀྱང་ང་ཚོ་དང་རྒྱང་ཐག་རིང་བའི་དགུ་ཚིགས་རྣམས་ཀྱི་འོད་སྣང་དེ། ཟླ་བའི་འོད་སྣང་བཞིན་གསལ་བོར་མཐོང་མི་ཐུབ་ན་ཡང་གཡོ་འགུལ་མེད་པར་ཡོད་པ་མཐོང་ཐུབ། ཟླ་བ་དང་གཟའ་མིག་དམར་སོགས་ཉི་མ་མ་ཡིན་པའི་སྐར་མའི་འོད་རྣམས་གཡོ་འགུལ་མེད་པའི་རྒྱུ་མཚན་ནི། ཟླ་བ་སོགས་ཁོ་རང་ཚོའི་སྟེང་ནས་འཕྲོས་བ་མ་ཡིན་པར་ཉི་མའི་འོད་དེ་ཟླ་བ་སོགས་དགུ་ཚིགས་གཞན་སྐར་མའི་སྟེང་ཕོགས་པའི་རྒྱུ་མཚན་གྱིས་རེད་ཅེས་དེང་སང་ཚན་རིག་པ་ཚོས་ཀྱང་བཤད་པ་ལྟར། ང་ཚོའི་ཁྱིམ་གཞིའི་དགུ་ཚིགས་དང་ཆེས་ཤིན་ཏུ་རིང་བའི་སྐར་ཚོགས་ལ་བལྟས་ཏེ། རྒྱང་ཐག་རིང་བའི་སྐར་ཚོགས་ཀྱི་ནང་དུ་འོད་འཚེར་འཚེར་གྱིས་འོད་གཡོ་འགུལ་ཅན་དེ་ཚོ་ཅི་ཞིག་ཡིན་མིན་ལ་དཔྱད་པའི་བསམ་ཚུལ་འོག་ཏུ་འབྲི་ཆོག
གོང་དུ་བཀོད་པའི་དྲི་བ་གཉིས་སྟེ། སྐར་ཚོགས་གྲངས་མེད་པའི་ནང་དུ་འོད་འཚེར་འཚེར་བྱེད་བཞིན་པའི་སྐར་མ་དེ་དག་ཅི་ཞིག་ཡིན་ནམ། དེའི་མཐའ་སྐོར་གྱི་སྐར་མ་མང་པོ་ཞིག་གི་འོད་ལ་གཡོ་འགུལ་མེད་པར་ཡོད་པའི་སྐར་མ་དེ་དག་ཅི་ཞིག་ཡིན་ནམ།
ང་ཚོ་དང་ཆེས་ཤིན་ཏུ་རྒྱང་ཐག་རིང་བའི་སྐར་ཚོགས་གྲངས་མེད་པའི་ནང་། འོད་འཚེར་འཚེར་གྱིས་འོད་གཡོ་འགུལ་ཅན་དེ་ཚོ་ཉི་མ་ཟེར་བ་དེ་ཡིན་པས། ང་ཚོས་རྒྱང་ཐག་རིང་པོ་ནས་བལྟས་ཚེ།དེའི་འོད་ལ་གཡོ་འགུལ་གྱིས་འོད་འཚེར་འཚེར་བྱེད་ཀྱི་ཡོད། ཡིན་ན་ཡང་དེའི་མཐའ་སྐོར་གྱི་འོད་ལ་གཡོ་འགུལ་མེད་པའི་སྐར་མ་དེ་དག་ནི། སའི་གོ་ལ་དང་ཟླ་བ་ལྟ་བུའི་རང་ངོས་ནས་འོད་མེད་པའི་འཇིག་རྟེན་གཞན་ཡིན་པ་ཐེ་ཚོམ་མེད་པ་ཞིག་རེད།
རྒྱུ་མཚན་ནི། གལ་སྲིད་ཁྱེད་ཀྱིས་ང་ཚོ་དང་ཆེས་རྒྱང་ཐག་རིང་བའི་དགུ་ཚིགས་གཞན་གྱི་སྟེང་ནས། ང་ཚོས་ལོངས་སྤྱོད་བཞིན་པའི་ཉི་མ་དང་ཟླ་བ་གཟའ་མིག་དམར་སོགས་ལ་བལྟས་ཚེ། འོད་གཡོ་འགུལ་ཅན་གྱི་འོད་འཚེར་འཚེར་བྱེད་ཀྱི་ཡོད་པར་མཐོང་བ་དེ་ནི་འབར་བཞིན་པའི་མེ་ཕུང་ཆེན་པོ་སྟེ། ང་ཚོས་ཉི་མ་ཞེས་འབོད་པ་དེ་ཡིན་ལ། འོད་ལ་གཡོ་འགུལ་མེད་པར་ཡོད་པའི་སྐར་མ་དེ་དག་ནི། ང་ཚོ་འཚོ་གནས་བྱེད་སའི་ས་ཡི་གོ་ལ་དང་ཟླ་བ་གཟའ་མིག་དམར། ད་རུང་སྐར་མ་མཚོ་རྒྱལ་སོགས་ཡིན།
ཡིན་ན་ཡང་། ཕྲན་གྱིས་བཀླགས་མྱོང་བའི་བོད་ཡིག་གི་དེབ་ནང་པའི་ཚན་རིག་དང་རིག་གསར་ཚན་རིག་བར་བགྲོ་གླེང་གནང་བའི་དེབ་དེ་དག་གི་ནང་དུ། ཚན་རིག་པ་ཚོས་ཉི་མའི་གོ་ལ་ཡང་གྲངས་མེད་ཞིག་ཡིན་པ་གསུངས་ཀྱི་མི་འདུག་པས། དེང་གི་དུས་སུ་གང་ཟག་ལ་མི་རྟོན་ཚིག་ལ་རྟོན་ཟེར་བའི་རྟོན་པ་བཞིའི་གོ་དོན་གོ་ལྡོག་གི་དུས་ལྟར། ཚིག་ལ་མི་རྟོན་གང་ཟག་ལ་རྟོན་ཟེར་བའི་རྗེས་འབྲངས་པ་ཡིན་སྟབས། ཚན་རིག་ལ་རྩ་བ་ནས་སྦྱངས་མ་མྱོང་མཁན་ཕྲན་ལྟ་བུས། གྲངས་མེད་པའི་ནམ་མཁའི་སྐར་ཚོགས་ཀྱི་དཀྱིལ་ན་འོད་འཚེར་འཚེར་གྱིས་འོད་གཡོ་འགུལ་ཅན་དེ་ཚོ་ཉི་མ་རེད་ཅེས་བའི་སྐད་ཆ་འདི་ནི། ཚན་རིག་པ་ཚོ་དང་དེ་མིན་དྲ་གྲོགས་མང་པོ་ཞིག་གི་རྣ་ལམ་དུ་བདེ་བོ་ཞིག་ཡིན་མིན་མི་ཤེས་མོད། འོན་ཀྱང་ནང་པའི་གཞུང་ལུགས།༼ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ༽ལས། རིགས་ཀྱི་བུ་དག་དེ་ལ་མཚམས་སྦྱོར་བ་བཀོད་པ་རྣམས་ཀྱི་ཚད་ནི། གླིང་བཞི་བའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་བོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། ཟླ་བ་དང་ཉི་མ་བྱེ་བ་ཕྲག་བརྒྱ་དག་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ་ཞེས་གསུངས་པས། ཉི་མའི་གོ་ལ་ཡང་གྲངས་མེད་ཡོད་པ་རྟོགས་ཐུབ་པ་མ་ཟད། དུས་འཁོར་གྱི་རྒྱུད་འགྲེལ་དྲི་མེད་འོད་གསལ་ལས། ང་ཚོའི་འཇིག་རྟེན་སའི་གོ་ལ་འཇིག་པ་ལ་ཉི་མའི་དཀྱིལ་འཁོར་གཅིག་ནས། ཉི་མའི་དཀྱིལ་འཁོར་བདུན་ཤར་ནས་འཇིག་ཚུལ་ཞིག་གསུངས་པ་ཡང་དོན་དུ་གནས་བར་འདུག་སྙམ་མོད། འོན་ཀྱང་ཉི་མ་གཅིག་གི་ཚ་ཤུགས་ཀྱི་ནུས་པ་ཉི་མ་བདུན་གྱི་ཚ་ཤུགས་དང་མཉམ་ཚུལ་གསུང་གི་ཡོད་དམ། ཡང་ན་ཉི་མའི་གྲངས་བདུན་དུས་གཅིག་ཏུ་ཤར་བར་གསུང་གི་ཡོད་དཔྱད་གཞི་གནས་སུ་གྱུར་འདུག
འོན་ཏེ། ནང་པ་སངས་རྒྱས་བའི་རྒྱུ་འབྲས་ལ་དབྱེ་བ་མི་འདྲ་བ་གསུམ་ཕྱེ་ནས་དངོས་འབྲས་དང་བརྒྱུད་འབྲས། བདག་འབྲས་ཞེས་གསུམ་གསུངས་པའི་ནང་གི་ཉི་མ་དང་སའི་གོ་ལ་སོགས་ནི་བདག་འབྲས་ཀྱི་ཁོངས་སུ་གཏོགས་པ་ཡིན། དེ་ཡང་སེམས་ཅན་ཐུན་མོང་གི་ལས་དང་འབྲེལ་བ་ཡོད་པས། སའི་གོ་ལ་འདི་འཇིག་པའི་སྐབས་སུ་ཡང་སེམས་ཅན་ཐུན་མོང་གི་ལས་ཀྱི་དབང་གིས་ཉི་མ་བདུན་ཤར་མི་སྲིད་པ་ཞིག་མ་རེད་སྙམ་མོད། འོན་ཀྱང་དངོས་ཁམས་རིག་པའི་སྐོར་གླེང་དུས་སེམས་ཅན་གྱི་ལས་དབང་སྐོར་གླེང་ཚེ། གྲོགས་པོ་མང་པོ་ཞིག་གད་མོ་ཤོར་སྲིད་ཀྱང་། གང་ལྟར་ཡང་ནང་པ་སངས་རྒྱས་པའི་ལོ་ངོ་ཉིས་སྟོང་ཡར་སྔོན་ནས། འཇིག་རྟེན་ལ་གངྒའི་ཀློང་གི་བྱེ་མ་ལ་དཔེ་སྦྱར་ནས་གྲངས་མེད་གསུངས་པ་ལྟར། ཉི་མའི་གོ་ལ་ཡང་གྲངས་མེད་པར་གསུངས་ཟིན་མོད། འོན་ཀྱང་ནང་པའི་གཞུང་ལུགས་ལ་དགག་སྒྲུབ་བྱེད་པའི།བོད་ཀྱི་དམར་སྲུང་དམག་མི་གསར་པ་ཚོའི་མིག་ལམ་དུ་མི་མཛེས་ཡང་། བློ་གཟུར་བོ་གནས་པའི་དེང་རབས་ཚན་རིག་པ་ཚོའི་སེམས་ལ་དྭངས་པ་འདྲེན་བྱེད་ཞིག་ཏུ་གྱུར་ཡོད།
གསུམ་པ། འབར་གས་ཆེན་མོའི་སྔོན་གྱི་མེ་ཕུང་ཆེན་མོ་དེ་ཅི་ཞིག་ཡིན་ནམ།
གོང་དུ་ཕྲན་གྱིས་དོགས་འཇུག་གི་ལམ་ནས་ཉི་མའི་གོ་ལ་ཡང་གྲངས་མེད་ཡོད་པ་བཤད་ཟིན་པ་ལྟར། དེང་རབས་ཀྱི་ཚན་རིག་པ་མང་པོ་ཞིག་གིས། དང་པོ་ཉིད་ནས་ཡོད་པའི་མེ་ཕུང་ཆེན་མོ་ཞིག་ཚ་ཤུགས་ཆེ་བའི་དབང་གིས་གས་འཐོར་དུ་སོང་སྟེ། འཇིག་རྟེན་དང་བར་སྣང་དུས་སོགས་གྲུབ་པར་གསུངས་པ་ལྟར་ན། ཕྲན་ལ་དོགས་པའི་རང་བཞིན་གྱི་དྲི་བ་འདི་དག་སླེབས། ༼༡༽འབར་གས་ཆེན་མོ་དེ་གྲངས་མེད་པའི་འཇིག་རྟེན་གྱི་ཐོག་མ་ཡིན་ནམ། ༼༢༽ཡང་ན་འཇིག་རྟེན་བྱེ་བྲག་པ་སའི་གོ་ལའི་ལྟ་བུའི་ཐོག་མ་ཡིན་ནམ། ༼༣༽མདོར་ན་འབར་གས་ཆེན་མོའི་སྔོན་གྱི་མེ་ཕུང་ཆེན་པོ་དེ་ཅི་ཞིག་ཡིན་ནམ་ཅེས་བའི་དོགས་པའི་རང་བཞིན་གྱི་དྲི་བ་འདི་དག་བྱུང་། གཅིག་བྱས་ན་ཕྲན་གྱི་དྲི་བ་འདི་དག་ལ་ཚན་རིག་པ་ཚོར་སྤྲོ་སྣང་མེད་པའི་དྲི་བ་ཡིན་སྲིད། ཡིན་ཡང་ཚན་རིག་པ་ཚོས་ད་རུང་ཞིབ་འཇུག་གི་ལམ་ནས་མེ་ཕུང་ཆེན་མོ་ཞིག་གས་འཐོར་དུ་སོང་བའི་འབར་གས་ཆེན་མོ་དེ་ཅི་ཞིག་ཡིན་མིན་ད་རུང་ཡང་རྙེད་ཐུབ་མེད་མོད། འོན་ཀྱང་འདིར་ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི། ཚན་རིག་པ་ཚོས་ཆོས་གང་ཞིག་ཡིན་ཡང་ཐོག་མ་ཞིག་འཇོག་དགོས། དེ་ནི་ཚན་རིག་པ་ཚོའི་ལྟ་གྲུབ་བམ་སྒྲིག་ཁྲིམས་ཡིན་པ་དེ་རེད། ཐ་ན་ཁོང་ཚོས་བར་སྣང་དང་དུས་ཀྱི་ཐོག་མ་ཡང་འཇོག་གི་ཡོད།
ཅི་ཞིག་གིས་འབར་གས་ཆེན་མོ་ལ་རྒྱུ་རྐྱེན་བྱས་སམ་ཞེས་བའི་དྲི་བ་འདི་ལ་༧གོང་ས༧མཆོག་དང་མཉམ་དུ་བགྲོ་གླེང་སྐབས་སུ། ཤོག་ངོས༣༥༥རུ་གནམ་དཔྱད་རིག་པ་བ་༼ཕེའར་ཊི PIET HUT༽ཡིས་དངོས་ཁམས་རིག་པའི་ནང་ང་ཚོར་སྒྲིག་ཁྲིམས་ཞིག་ཡོད་པ་ནི།གལ་སྲིད་ང་ཚོས་རྐྱང་པ་ཉིད་དམ།ཡང་ན་ཕྲ་མོ་ཡིན་པ་ལ་མཐའ་མེད་པ་དང་། ཡང་ན་གང་ཞིག་ཡིན་པར་མཐའ་མེད་པའི་ཆོས་ཤིག་ལ་སྔོན་དཔག་བྱས་ན། དེས་ང་ཚོའི་རྣམ་བཞག་ལ་རང་ཚུགས་ཤོར་ཡོད་པ་དང་། ང་ཚོས་རྣམ་བཞག་གསར་པ་ཞིག་དགོས་པར་སྟོན་གྱི་ཡོད་ཅེས་གསུངས་འདུག་པས། ཚན་རིག་པ་ཚོའི་ཐོག་མ་ཞིག་ཡོད་དགོས་པའི་སྒྲིག་ཁྲིམས་སམ་ལྟ་གྲུབ་ལ་གཞི་བཅོལ་ཏེ། འཇིག་རྟེན་གྱི་ཐོག་མ་ཞིག་འཇོག་ཨེ་ཐུབ་ལ་འབད་ཀྱི་འདུག་སྙམ།
ཡིན་ན་ཡང་། གནམ་དཔྱད་རིག་པ་བ་ཕེའར་ཊི་ཡིས་གསུངས་བའི་ཚིག་འདིའི་ནང་དུ། ད་རུང་ནང་འགལ་ཞིག་མཐོང་བ་ནི། ༼གལ་སྲིད་ང་ཚོས་རྐྱང་པ་ཉིད་དམ།༽ཟེར་བའི་ཚིག་འདིས་གཞན་ལ་ལྟས་མེད་ཀྱི་ཆོས་ཞིག་འཇོག་མི་ཐུབ་པར་སྟོན་མོད། འོན་ཀྱང་ཐོག་མའི་འཇིག་རྟེན་དུ་འདོད་པའི་འབར་གས་ཆེན་མོའི་སྔོན་གྱི་མེ་ཕུང་ཆེན་པོ་དེ། དང་པོ་ཉིད་ནས་རང་ཆས་སུ་ཡོད་པར་ཁས་ལེན་གྱི་ཡོད་པས། འབར་གས་ཆེན་མོའི་སྔོན་གྱི་མེ་ཕུང་ཆེན་མོ་དེ་གཞན་ལ་ལྟོས་མེད་ཀྱི་རྐྱང་པ་ཉིད་ཞིག་ཏུ་རང་བཞིན་གྱིས་ཁས་ལེན་བྱེད་ཀྱི་ཡོད་པས་ནང་འགལ་ཞིག་ཏུ་མཐོང་།
བཞི་པ། འབར་གས་ཆེན་མོ་ནི་འཇིག་རྟེན་ཧྲིལ་བོའི་ཐོག་མ་ཡིན་ནམ། ཡང་ན་འཇིག་རྟེན་བྱེ་བྲག་པ་ཞིག་གི་ཐོག་མ་ཡིན།
ཚན་རིག་པ་ཚོས་བཤད་པ་ལྟར་མེ་ཕུང་ཆེན་མོ་དེ་གས་འཐོར་དུ་སོང་སྟེ། འཇིག་རྟེན་ཧྲིལ་བོ་གྲུབ་པའི་དབང་དུ་བྱས་ཏེ་བཤད་ཀྱི་ཡོད་ཚེ། ནང་པའི་གཏན་ཚིགས་རིག་པ་ལྟར་ན།འདི་ལ་ཡང་བསྐྱར་དྲི་བ་ཞིག་འདི་ལྟར་འབྱུང་ཆོག དང་པོར་མེ་ཕུང་ཆེ་ཆུང་གང་ཞིག་འབར་ན་ཡང་མེ་ཡི་ངོ་བོར་འགྱུར་རྒྱུའི་རྫས་སམ་རྒྱུ་ཞིག་དགོས་པ་ལྟར། འབར་གས་ཆེན་མོའི་སྔོན་གྱི་མེ་ཕུང་ཆེན་པོ་དེ་ཅི་ཞིག་འབར་གྱི་ཡོད་དམ། མེ་ཕུང་ཆེན་པོ་དེ་འབར་བའི་རྒྱུའམ་རྫས་ཞིག་ཡོད་དམ་ཅེས་ཡང་བསྐྱར་དྲི་བ་མང་པོ་ཞིག་ཡོང་ཆོག
དཔེར་ན། གྲོང་ཁྱེར་ཆེན་པོ་ཞིག་དང་། ཡང་ན་རི་ལུང་ཐང་ཆེན་སོགས་ཡུལ་གང་ཞིག་ནས་མེ་སྐྱོན་ཤོར་ཚེ། དེའི་མཐའ་སྐོར་གྱི་མི་ཚོས་ཅི་ཞིག་འབར་གྱི་འདུག་ཅེས་དྲི་བ་ཞིག་རང་བཞིན་གྱིས་ཡོང་ངེས་རེད། གལ་སྲིད་གྲོང་ཁྱེར་ནས་ཁང་པ་ཞིག་མེ་སྐྱོན་ཤོར་ནས་འབར་གྱི་ཡོད་ཚེ། འབར་བཞིན་པའི་ཁང་པ་དེ་བཟོ་བྱེད་ཀྱི་ཤིང་དང་ཡང་ན་ས་སོགས་གང་རུང་ཞིག་འབར་དགོས་སྟབས། མེ་ཕུང་གི་ཀློང་ན་འབར་བཞིན་པའི་ཁང་པ་དེའི་སྔ་རོལ་དུ། ཁང་པ་དེ་བཟོ་བྱེད་ཀྱི་རྒྱུ་ཆ་ཁང་པ་དེའི་སྔོན་དུ་གྲུབ་དགོས་པ་ལྟར། ཁང་པ་བཟོ་བྱེད་ཀྱི་ཤིང་སོགས་རྒྱུ་ཆ་གཞན་རྣམས་ཡང་ཤིང་སོགས་ཀྱི་རང་རང་གི་རིགས་འདྲའི་ངོ་བོར་བསྐྱེད་ནུས་པའི་རྒྱུ་ཞིག་ལས་འབྱུང་དགོས།
དཔེ་མཚོན་གཞན་ཞིག་གི་སྟེང་ནས་དེ་བས་ཀྱང་ཐག་ཉེ་རུ་བཏང་སྟེ་དྲི་བ་ཞིག་བཀོད་ན། ང་ཚོས་ཉི་མ་ཞེས་འབོད་པ་དེ་ནི་དོན་ངོ་མར་འབར་བཞིན་པའི་མེ་ཕུང་ཆེན་མོ་ཞིག་ཡིན་པ་མངོན་སུམ་དུ་མཐོང་བ་ལྟར། འབར་བཞིན་པའི་མེ་ཕུང་ཆེན་པོའམ་ཉི་མ་དེ་རྒྱུ་རྫས་ཅི་ཞིག་འབར་གྱི་ཡོད་དམ་ཞེས་བའི་དྲི་བ་འདི་རེད། རྒྱུ་དངོས་དེ་ནི་མེ་ཡི་སྔ་རོལ་དུ་གྲུབ་ཡོད་པ་སུས་བསམ་གཞིགས་བྱས་ཀྱང་རྟོགས་ཐུབ་པ་ལྟར། འཇིག་རྟེན་གྱི་ཐོག་མར་འདོད་པའི་འབར་གས་ཆེན་མོ་དེ། མེ་ཕུང་ཆེན་མོ་ཞིག་ཚ་ཤུགས་ཀྱི་དབང་གིས་གས་འཐོར་དུ་སོང་སྟེ། འབོམ་སྒྲ་ཆེན་མོ་༼BIG BANG༽དང་མཉམ་དུ་གས་འཐོར་དུ་སོང་ནས་བྱུང་བ་ཡིན་ལ། མེ་ཕུང་ཆེན་མོའི་ངོ་བོར་གྱུར་བའི་རྒྱུ་རྫས་དེ་ནི་འབར་གས་ཆེན་མོ་སྔ་རོལ་དུ་ཡོད་པ་མ་ཟད། གས་ཐོར་དུ་མ་སོང་བའི་སྔོན་གྱི་མེ་ཕུང་ཆེན་མོ་དེའི་སྔ་རོལ་དུ་ཡང་ཡོད་པ་གསལ་བོར་རེད། འདི་ལྟར་རྒྱུ་འབྲས་ཀྱི་ཕྲེང་བ་ཞིག་ལ་བསམ་བློ་བཏང་ཚེ། འབར་གས་ཆེན་མོ་དེ་འཇིག་རྟེན་ཧྲིལ་བོའི་ཐོག་མ་འཇོག་པ་ལ།ནང་པའི་གཞུང་ལུགས་ལྟར་ན་གཏན་ཚིགས་རིག་པའི་གནོད་པ་འབྱུང་གི་ཡོད་སྟབས། ནང་པའི་གཞུང་ལུགས་ལ་འཇིག་རྟེན་སྤྱིའི་སྐྱེ་འཇིག་གི་སྔ་ཕྱི་འཇོག་མི་ཐུབ་པ་ཡིན།
ལྔ་པ། འབར་གས་ཆེན་མོའི་སྔོན་གྱི་མེ་ཕུང་ཆེན་མོ་དེ་ཅི་ཞིག་ཡིན་ནམ།
མདོར་ན་དྲི་བ་གཞན་འདི་ལྟར་འགོད་ཆོག་སྟེ། དགུ་ཚིགས་ཀྱི་མཚམས་ཞིག་ནས་མཐོང་བའི་འོད་སྣང་དེ་གང་ནས་བྱུང་ངམ། དྲི་བ་འདི་ལ་ཚན་རིག་པ་ཚོས་དེ་ནི་འབར་གས་ཆེན་མོ་ནས་བྱུང་བ་རེད་ཅེས་ལན་འདེབས་ངེས་རེད། དེ་ལྟར་ན།འབར་གས་ཆེན་མོ་དེ་གང་ནས་བྱུང་བ་རེད་དམ་ཅེས་ཡང་བསྐྱར་དྲི་བ་ཞིག་འགོད་ཆོག དེ་ཡང་ཁོང་ཚོས་མེ་ཕུང་ཆེན་པོ་ཞིག་གས་འཐོར་དུ་སོང་སྟེ་བྱུང་བ་རེད་ཅེས་ལན་འདེབས་ངེས་ཡིན། འོ་ན་མེ་ཕུང་ཆེན་པོ་དེ་གང་ནས་བྱུང་བ་རེད་དམ་ཅེས་དྲི་བ་ཡང་མུ་མཐུད་འགོད་དུས། ཚན་རིག་པ་ཚོས་མེ་ཕུང་ཆེན་པོ་དེ།ཐོག་མ་ཉིད་ནས་ཡོད་ཡོད་པ་རེད་ཅེས་ལན་འདེབས་རྒྱུ་ཡིན་ནམ། ཡང་ན་འབར་བཞིན་པའི་སྐབས་ཀྱི་མེ་ཕུང་ཆེན་པོ་དེ་ཅི་ཞིག་འབར་གྱི་ཡོད་མེད་དང་། དེ་གང་ནས་བྱུང་མིན་དེའི་རྒྱུ་རྐྱེན་སོགས་གང་ནས་བྱུང་མིན་ལ་བརྟག་དཔྱད་ཀྱི་ལམ་ནས་བཙལ་རྒྱུ་ཡིན།
གལ་སྲིད་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ས་རྡུལ་ཕུང་གསོག་ཆེན་པོ་ཞིག་འབར་བར་རྙེད་པའི་དབང་དུ་བཏང་ན་ཡང་། ས་རྡུལ་གྱི་ཕུང་གསོག་དེ་དག་གང་ནས་བྱུང་མིན་སོགས་ཀྱི་དྲི་བ་འབྱུང་སྟབས། འཇིག་རྟེན་ལ་གྲངས་མེད་པ་ལྟར་ད་རུང་དྲི་བ་ལ་ཡང་མཐའ་མེད་པས། དེའི་རྒྱུ་མཚན་གཙོ་བོ་ནི། གཟུགས་ཅན་གྱི་འཇིག་རྟེན་ལ་སྔ་མ་རྣམས་ཕྱི་མའི་ངོ་བོར་འགྱུར་བའི་ཉེར་ལེན་གྱི་རྒྱུའི་ཕྲེང་བ་ཞིག་ཡོད་སྟབས་ཀྱིས་ཡིན། དེ་ཡང་༼ཚད་མ་རྣམ་འགྲེལ་ལེའུ་གཉིས་པ་ལས༽གང་ཕྱིར་རིགས་མཐུན་སྔ་མ་ཡིས།།ས་བོན་ལས་ནི་འཕེལ་བ་ཅན།།ཞེས་གསུངས་པ་ལྟར། དེས་རྐྱེན་གྲངས་མེད་པའི་འཇིག་རྟེན་གྱི་ཐོག་མ་འཇོག་ཐུབ་པ་ཕར་བཞག ཐ་ན་འཇིག་རྟེན་བྱེ་བྲག་པ་ཞིག་གི་ཐོག་མ་ཡང་འཇོག་དཀའ་བ་ཞིག་ཡིན།
ཡིན་ན་ཡང་། འཇིག་རྟེན་གྱི་ཐོག་མ་དང་ནང་པའི་ཐོག་མ་མེད་པའི་རྒྱུ་འབྲས་ཀྱི་འབྲེལ་བ་ཟེར་བའི་༼ཤོག་ངོས༣༤༦༽རུ་གནམ་དཔྱད་རིག་པ་བ༼PIET HUT༽ཕེའར་ཊི་ཡིས། འབར་གས་ཆེན་མོ་བྱུང་མ་ཐག་པའི་ཤུལ་འོད་སྐབས་ཀྱི་དུས་དེར་དགུ་ཚུགས་རྣམས་ད་དུང་གྲུབ་མེད་ལ། འཇིག་རྟེན་འདི་ཕལ་ཆེར་ལོ་ངོ་ཐེར་འབུམ་འགའ་ཙམ་ལ་སླེབས་པའི་རྗེས་སུ་དགུ་ཚིགས་རྣམས་གྲུབ་པ་ཞིག་ཡིན། ༽ཞེས་གསུངས་འདུག་པས། འདིའི་སྐབས་ཀྱི་དགུ་ཚིགས་རྣམས་གྲུབ་མེད་ཟེར་བའི་དགུ་ཚིགས་དག་ང་ཚོ་འཚོ་གནས་ཀྱི་སའི་གོ་ལའི་མཐའ་སྐོར་གྱི་དགུ་ཚིགས་ལ་བརྗོད་ཀྱི་ཡོད་དམ། འཇིག་རྟེན་ཧྲིལ་བོའི་དགུ་ཚིགས་ལ་གོ་དགོས། དེ་གཉིས་གང་ཞིག་གོ་དགོས་མིན་མ་ཤེས་མོད། འོན་ཀྱང་འབར་གས་ཆེན་མོའི་སྔོན་ལ་དགུ་ཚིགས་བྱུང་མེད་ཚུལ་བརྗོད་ཀྱི་ཡོད་པས། དང་པོ་ཉིད་ནས་ཡོད་པའི་མེ་ཕུང་ཆེན་པོ་ཞིག་གས་འཐོར་སོང་སྟེ། འབར་གས་ཆེན་མོའམ་འབོམ་སྒྲ་ཆེན་མོ་བྱུང་རྗེས་སུ་དགུ་ཚིགས་རྣམས་གྲུབ་པར་བརྗོད་ཀྱི་ཡོད་སྟབས།
ང་རང་ལ་ད་རུང་དོགས་པ་ཞིག་ཡོད་པ་ནི། འབར་གས་ཆེན་མོའི་སྔོན་ལ་དགུ་ཚིགས་རྣམས་གྲུབ་པ་ཡིན་ནམ། ཡང་ན་ཚན་རིག་པ་ཁོ་རང་ཚོས་བཤད་པ་ལྟར་འབར་གས་ཆེན་མོའི་རྗེས་ཀྱི་ལོ་ངོ་ཐེར་འབུམ་འགའི་རྗེས་སུ་དགུ་ཚིགས་རྣམས་གྲུབ་པ་ཡིན་མིན་ད་རུང་ཐེ་ཚོམ་གྱི་གནས་ཡིན་སྟབས། དཔྱད་གཞིའི་གནས་གཏིང་ཟབ་མོ་ཞིག་རེད་སྙམ།
རྒྱུ་མཚན་ནི། ང་ཚོ་འཚོ་གནས་བྱེད་ས་ཡི་སའི་གོ་ལ་འདིར་འབྱུང་བཞི་གང་རུང་ལ་བརྟག་དཔྱད་གཏོང་བའི་ཆ་རྐྱེན་ཚང་ཡོད་མོད། འོན་ཀྱང་ད་རུང་དུས་ནམ་ཞིག་ལ་བྱུང་མིན་ཡང་གསལ་བོར་ཚིག་ཐག་ཆོད་པ་ཞིག་བཤད་ཐུབ་མེད་པས། རྒྱང་ཤེལ་གྱི་ལམ་ནས་འོད་སྣང་ཁོ་ན་མཐོང་སྟེ། གྲངས་མེད་པའི་སྐར་ཚོགས་དེ་རྣམས་ཀྱི་སྔོན་ལ། མེ་ཕུང་ཆེན་མོ་ཁོ་ན་ཞིག་གས་འཐོར་དུ་སོང་བ་དང་། མེ་ཕུང་ཆེན་མོ་དེ་རྒྱུ་དང་རྐྱེན་གང་ལ་ཡང་མ་བརྟེན་པར་དང་པོ་ཉིད་ནས་ཡོད་པར་འདོད་པ་ནི། འཇིག་རྟེན་བཀོད་པ་པོ་ཞིག་འདོད་པ་དང་ཕལ་ཆེར་གཅིག་མཚུངས་ཀྱི་གྲལ་དུ་བཞག་ཆོག་སྙམ།
དྲུག་པ། ཕྲན་གྱི་བསམ་ཚུལ་གྱི་མདོར་བསྡུས།
ཚན་རིག་པ་ཚོས་ནུས་སྟོབས་ཆེ་བའི་རྒྱང་ཤེལ་ལ་རྟེན་ནས་དངོས་སུ་མཐོང་སྟེ་བཤད་ཚུལ་ཞིག་ལ། སྐར་མ་ཞིག་གས་འཐོར་དུ་སོང་སྟེ་དེའི་སྐར་རྡོ་ཆག་རོ་ཞིག ང་ཚོའི་མིག་ལམ་དུ་འབྱོར་བར་དུ་ལོ་བརྒྱ་ཕྲག་འགའ་དགོས་ཚུལ་གསུངས་ཀྱི་འདུག་པས། དགུ་ཚིགས་ཀྱི་མཚམས་ཞིག་ནས་རྙེད་པའི་འབར་གས་ཆེན་མོའི་ཤུལ་འོད་ཞེས་འབོད་པའི་འོད་དེ་ཡང་། ཉི་མའི་གོ་ལ་ཞིག་གས་འཐོར་དུ་སོང་སྟེ་ལོ་ངོ་སྟོང་ཕྲག་མང་པོའི་རྗེས་ཀྱི་ཤུལ་འོད་མཐོང་བ་ཡིན་ནམ། ཡང་ན་ཉི་མའི་གོ་ལ་མ་ཡིན་པའི་འཇིག་རྟེན་བྱེ་བྲག་པ་སའི་གོ་ལ་ལྟ་བུ་ཞིག་ཚ་ཤུགས་ཆེ་ཆེར་སོང་སྟེ། འབར་ནས་གས་འཐོར་དུ་སོང་བའི་ཤུལ་འོད་ཞིག་མཐོང་བ་ཡིན། དེ་གཉིས་གང་ཞིག་ཡིན་མིན་ཕྲན་ལྟ་བུས་བཤད་དཀའ་ཡང་། ལོ་གཉིས་ཀྱི་ཡར་སྔོན་དགུན་དུས་ཞིག་ལ། སྐར་རྡོ་ཆག་རོ་ཞིག་མགྱོགས་ཚད་ཤིན་ཏུ་མྱུར་ཞིང་། འོད་སྣང་དང་བཅས་ར་ཤེ་ཡའི་ས་ཁུལ་ཞིག་ཏུ་ལྷུང་བ་གསར་འགྱུར་བརྙན་འཕྲིན་མང་པོའི་ནང་སྟོན་གྱི་འདུག་པས། འཇིག་རྟེན་བྱེ་བྲག་པ་ཞིག་འཇིག་སྟེ། དེའི་ཆག་རོ་སྐར་རྡོ་ཞིག་ང་ཚོའི་འཇིག་རྟེན་འདིའི་སྟེང་ལྷུང་བ་སུས་བལྟས་ཀྱང་ཤེས་ཐུབ་པ་ཞིག་ཡིན་སྟབས། དོགས་པའི་རང་བཞིན་ཅན་གྱི་བསམ་ཚུལ་ཞིག་དོན་སྣང་ཅན་གྱི་གྲོགས་པོ་ཚོའི་སྤྱན་ལམ་དུ་ཕུལ་བ་ཡིན།
དཔྱད་གཞིའི་ཡིག་ཆ།
ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས།
རྒྱལ་ཚབ་ཆོས་རྗེ་ཡིས་རྗེ་ལ་གསན་པའི་དབུ་མ་རྒྱན་གྱི་བརྗེད་བྱང་།
༧གོང་ས༧མཆོག་གི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན།
༢༠༠༢ལོའི་སེམས་དང་སྲོག་གི་བགྲོ་གླེང་།
༡༩༩༧ལོའི་གསར་བྱུང་དངོས་ལུགས་དང་།འཇིག་རྟེན་ཆགས་རིམ།
འཕྲང་དུ་ལུས་བའི་སེམས་ཀྱི་གནས་བབ།
༢༠༠༣ལོར་ཨ་རི་ནས་ཤར་ནུབ་བར་གྱི་སེམས་ཁམས་རིག་པའི་བགྲོ་གླེང་།
སྨྲས་པ།
ཕྱི་མཛེས་ཆོ་འཕྲུལ་སྒྱུ་མའི་འཇིག་རྟེན་འདིར།།
ཕྲག་དོག་འདྲེ་མོ་རྒྱུ་བའི་སྐྱེ་ཚོགས་ཀྱི།།
གདོང་གི་གཉེར་མ་ཡལ་ཐབས་མེད་ན་ཡང་།།
རང་སེམས་དགའ་བའི་ཕྱོགས་ལ་དོགས་འཇུག་བྱས།།
རིག་གསར་མཁས་པའི་གཞུང་ལུགས་མཁའ་དབྱིངས་ལ།།
ཕྱེ་མ་ལེབ་ཀྱིས་གནམ་འཕང་མི་ཆོད་ཀྱང་།།
སྟོང་པའི་དབྱིངས་ཀྱི་སྐར་མའི་གྲོང་ཁྱེར་ལ།།
དོགས་སློང་རིག་པས་འགྲུལ་བཞུད་ཅུང་ཙམ་བྱས།།
༢༠༡༦ ལོའི་ཟླ་༡༢ ཚེས་༡༡ ལ་ནམ་མཁས་ཡོ་རུབ་ནས་བྲིས།
བར་འགས་ཆེན་པོ་དེ་མེ་ཕུང་ཆེན་པོ་ཞིག་འགས་པ་ཨ་ཡིན་ན། ནུས་སྟོབས་ཆེན་པོ་ཞོ་འགས་པ་ཙམ་ལས། འགས་ཡ་ཆེན་པོ་དེ། ད་ལྟའི་ཉི་མ་ལྟར་མེ་ཕུང་རང་ཅང་ཨ་དགོས། དཔེརན། རྡུལ་ཕྲན་མཚོན་ཆའི་ནང་ལ་་འབར་རྫས་ཡོད་ཀྱང་། མེ་མེད་པ་བཞིན་ནོ།།
རྒན་ཀརྡོ་ལགས།རྡུལ་ཕྲན་མཚོན་ཆ་གས་དུས་མེ་མེད་པ་འེ་རེད།དང་པོ་མེ་ཟེར་དུས་ལྷབ་ལྷབ་ཏུ་དམར་བོ་འབར་བ་ཁོ་ན་ལ་མེ་ཟེར་གྱི་ཡོད་དམ།འབྱུང་བ་མེེ་ཟེར་དུས་དྲོད་ཙམ་པོ་ལ་གོ་དགོས།
ཉི་མའི་གོ་ལ་གྲངས་མེད་ཡོད་ཆོག་ཀྱང་།འོད་ལམ་ལམ་གྱི་སྐར་མ་དེ་ཚོ་ཉི་མ་ཡིན་པ་རེད་ཟེར་བ་འདི་ད་རུང་བརྟག་དགོས
རླུང་གོང་ཁ་ཕྱེ་ནས་ད་ལྟའི་འཇིག་རྟེན་ཆགས་།
དང་པོ་འཇིག་རྟེན་བསྐྲུན་མཁན་འབྱུང་བ་རླུང་།
བར་དུ་འཇིག་རྟེན་སྲུང་མཁན་འབྱུང་བ་རླུང་།
མཐའ་མར་འཇིག་རྟེན་འཇིག་མཁན་འབྱུང་བ་རླུང་།
བྱེད་པོ་ཐམས་བཅས་འབྱུང་བ་རླུང་།
ནང་པའི་གཞུང་ལུགས་འབྱུང་བཞི་གང་རུང་གིས་རྐྱེན་བྱས་ཏེ་འཇིག་ཤིང་།སླར་ཡང་འབྱུང་བཞིས་རྐྱེན་བྱས་ཏེ་འཇིག་རྟེན་གྲུབ་པ་ཡངས་གྲགས་རེད།འདིར་བཤད་བཞིན་ཚན་རིག་པ་ཚོས་ཐོག་མའི་འཇིག་རྟེན་སྐོར་ལ་དོགས་འདྲི་རེ་བཀོད་འདུག་པ་ལས་འབྱུང་བཞིས་སྐྱེས་འཇིག་ལ་དོགས་འདྲི་མི་འདུག་པས་དེ་གཞིར་བཞག་རེད་གཞུང་ཚེ་ལགས དོགས་འདྲི་བྱེད་སྟངས་ལ་དཔྱད་གླེང་བྱས་ན་ང་ཚོ་ཕན་གྱི་རེད།
དང་པོ་མེ་གི་སྐལ་བ་།
གཉིས་པཆུ་གི་སྐལ་པ་།
གསུམ་པ་རླུང་གི་སྐལ་པ་།
མེ་ཆུ་རླུང་གསུམ་འོག་ཏུ་སྐལ་པ་ཆགས་།
ད་ལྟའི་སྐབས་ལ་འབྱུང་བ་འཞིའི་འོག་ཏུ་སྐལ་པ་ཆགས་།
རླུང་ལམ་འགག་ན་འཇིག་རྟེན་འཇིག་།
རླུང་ལམ་མ་འགག་འཇིག་རྟེན་འཚོ་།
ས་དང་ཆུ་དང་མེ་བཅས་གསུམ་ཉམས་ནའང་རླུང་རྩ་མ་འགག་གསོན་ལ་གནས་རླུང་རྩ་འགག་ན་ས་ཆུ་མེ་ཡིའི་སྐྱོབས་ནུས་བྲལ་།
བྱེད་པོ་ཐམས་བཅས་འབྱུང་བ་རླུང་ལ་རག་།
རླུང་རྩ་ཤེས་ན་གླད་རྩ་ངང་གི་ཤེས་།
རླུང་རྩ་མ་ཤེས་གླད་ན་གང་ན་ཤེས་།
མེ་དང་གཅིག མེའི་འབྱུང་བ་དང་གཉིས། མེའི་འབྱུར་གྱུར་དང་གསུམ་གྱི་སྐོར་ལ་ཨེ། ཡ་ཡ་། རྩོད་ཆོག་བགྱིད་རེ། རྩོད་རྒྱུ་དང་། རྩོད་ཡ་མང་པོ་ཡོད་རེད། ང་ཚོས་མང་པོ་རྩོད་ཚར་བ་རེད། ཡིན་ན་ཡང་། མེའི་དྲོད་མེ་རེད་ཅེས་མ་ལབ་ཨ།།
འདི་ལྟར་བསམ་བློ་གཏོང་རྒྱུ་དང་ཤེས་རྒྱུ་ཡོད་པའི་རིགས་ལ་ཀློག་འདོད་ཡང་འདུག་ལ།རྩོད་འདོད་ཡང་ཡོད། དང་པོ་ཁྱེད་ཀྱིས་རྡུལ་ཕྲན་གཅིག་གི་སྟེང་ལ་གྲུབ་པའི་འབྱུང་བཞི་ཞོག་དང་ངེད་གཉིས་རྩོད་ཆོག
ཆུའི་ནང་ལ་མེ་མེད་ཀྱང་། མེའི་འབྱུང་བ་ཡོད་པ་འདྲ། མེའི་ནང་ལ་ཆུ་མེད་ཀྱང་། ཆུའི་འབྱུང་བ་ཡོད་ཆོག་པ་འདྲ། དེ་བཞིན་མེ་ནི་ཚ་ཞིང་བསྲེག་པ་ཞིག་ལ་གོ་བདེ་ཡང་། མེའི་འབྱུང་བ་དང་། མེའི་འབྱུང་འགྱུར་གཉིས་ལ་དབྱེ་ཕྱེ་དགོས་ཡོད་སྙམ་ཡང་ད་ལྟ་གསལ་པོ་ཞིག་མི་དྲན། རིན་ཆེན་ལགས།
་་་་་རྡུལ་ཕྲན་གཅིག་གི་སྟེང་ལ་གྲུབ་པའི་འབྱུང་བཞི་ཞོག་དང་་་་་་་་
དེའི་ལན་དུ།
རྡུལ་ཕྲན་གྱི་སྟེང་ལ་གྲུབ་པའི་འབྱུང་བ་བཞི་འཇོག་སྟངས་མི་ཤེས་ཀྱང་། རྡོ་རྡོ་རིལ་གཅིག་གི་ནང་ལ་སའི་འབྱུང་བ་ཡོད་པ་ནི། ས་རྡུལ་མང་པོ་བསྡུས་ཡོད་པ་དང། ཆུ་རྡུལ་ཡོད་དེ། ཐོག་མར་ས་རྡུལ་རྣམས་གཅིག་གིས་གཅིག་ལ་མཐུད་མ་ད་ེཆུས་བརླན་སྦྱར་བྱས་ལ། རླུང་གིས་ཆུ་དང་བསླན་བཤེར་ཡོད་པའི་འདམ་འབག་དེ་སྐམ་པོར་བཏང་བ་རེད། མེ་རྡུལ་ཡོད་དེ། དེ་རྡོ་རིལ་གཞན་གཅིག་དང་བརྡར་ན་མེ་ཚེག་ཐོན་པ་འདིས་ཤེས་ཐུབ་སྙམ་ལགས།
ཧ་ལས་པའི་རྩོམ་དང་ཧ་ལས་པའི་བསམ་ཚུལ་བརྗོད་འདུག་།
འབྱུང་བ་བཞིའམ་ལྔ་འདུས་པ་ལ་བརྟེན་ནས་དངོས་པོ་ཞིག་འགྲུབ་དགོས་པས་གོང་གི་འབར་འགས་ཆེན་མོ་དེའང་འབྱུང་བཞིའི་ངོ་བོ་ལས་གྲུབ་པའི་དངོས་པོ་ཞིག་འབར་འགས་བྱུང་བ་ཡིན་སྟབས་དང་པོ་འབྱུང་བཞི་ལ་ཐོག་མཐའ་འཇོག་ཐུབ་དང་མི་ཐུབ་་་དེ་མིན་ན་དངོས་པོ་ཐམས་ཅད་གཅིག་ལ་གཅིག་རྟེན་གྱི་གྲུབ་པས་ཐོག་མཐའ་མེད་པ་ཡིན་ནམ་་་་ཡང་ན་ཐོག་མ་མེད་པ་དང་་མཐའ་ཡོད་པ་ཡིན་ནམ་
སྐྱེད་བྱེད་ལས་ལ་ཐོག་མཐའ་མེད་ན། བསྐྱེད་བྱ་འབྱུང་བཞི་ལ་ཡང་མཐའ་མའི་མཐའ་མེད་དགོས། ནང་པའི་རིགས་པའི་རྒྱུ་མ་ཕུད་དེ་བྱས་ན། སྐྱེད་བྱེད་བདག་པོའི་རྒྱུ་བཟོ་མཁན་ཡོད་ཕྱིན། ནམ་མཁའ་སྟོང་པའི་ནང་ལ། བསྐྱེད་བྱ་བདག་འབྲས་ཛམ་གླིང་བྱེ་བ་ཕྲག་བརྒྱ་ཡང་། ཆགས་གནས་འཇིག་སྟོང་ཡོད་ཡོད་པ་ཡིན་དགོས་སོ།།
གཞུང་ཚེ་བཤད་པའི་འཇིག་རྟེན་ཆགས་འཇིག་ཐམས་ཅད་རླུང་གིས་བྱེད་གསུངས་པ་ལ་བསམ་ཚུལ་ག་རེ་ཡོད་ལགས་
ཀརྡོ་ལགས།ངེད་གཉིས་རྩོད་གཞི་གཙོ་བོ་དེ་མེ་ཕུང་ཞིག་འཐོར་ནས་འབར་གས་ཆེན་མོ་བྱུང་ཚུལ་ནས།མེ་ཟེར་བ་དེ་ཅི་ཞིག་ཡིན་མིན་དེ་རེད།དེ་ནས་རྡུལ་ཕྲན་གཅིག་གི་སྟེང་འབྱུང་བཞི་འཇོག་ཚུལ་རེད།ངས་བལྟས་ན་ཁྱེད་ཀྱིས་བསམ་ཚུལ་ལ་འབྱུང་བ་མེ་ཟེར་དུས་འབར་བཞིན་མེ་དམར་པོ་ཁོ་ན་གོ་འདུག་མོད།དེ་འདྲ་ཞིག་མ་རེད། རྡུལ་ཕྲན་གཅིག་གི་སྟེང་ནས་འབྱུང་བཞི་བཙལ་དུས།རྡུལ་ཕྲན་ཕན་ཚུན་འབྱར་བའི་རྒྱུ་མཚན་ནི་རླན་གཤེར་གྱིས་རྐྱེན་ཡིན་ལ།ཡང་བའི་རྒྱུ་མཚན་ནི་རླུང་གི་རྐྱེན་གྱིས་ཡིན།སྐམ་པའི་རྒྱུ་མཚན་ནི་དྲོད་ཀྱིས་རྐྱེན་བྱས་པ་ལས་བྱུང་སྟབས།དངོས་པོ་གང་ཞིག་ཡིན་ན་ཡང་འབྱུང་བཞིའི་རྫས་འདུས་པས་འདུས་བྱས་ཟེར་བ་རེད།དེ་ལྟར་ཡིན་དུས་རྡུལ་ཕྲན་མཚོན་ཆ་གས་འཐོར་དུ་སོང་བ་ཡང་མེ་ཡོད་ཆོག
བྱམས་རྒྱལ་ལགས།འཇིག་རྟེན་ཆགས་འཇིག་རླུང་ཁོ་ནའི་བྱེད་ཐུབ་ཀྱི་མ་རེད།འབྱུང་བ་བཞི་བོ་དགོས་ཀྱི་རེད།གཞུང་ཚེ་དང་ཀརྡོ་གཉིས་ཀྱིས་འབྱུང་བ་རགས་པ་མ་གཏོགས་འབྱུང་བ་ཕྲ་མོ་ལ་བསམ་བློ་བཏང་མི་འདུག
མིང་ཚིག་སོ་མ་ཞིག་བཟོ་དགོས་ཚེ་ལེགས་པར་སེམས་པ་གལ་ཆེ། ངའི་སྐད་དུ། གས་པ། སེར་ག་ཤོར་བ་་ལ་ཟེར། མི་ངོ་སྡུག་པ་ཞིག་གིས་རང་ལས་དྲག་པ་ཞིག་ལ་སྐྱོན་བརྗོད་ན། ཆག་པོས་གས་པོ་ལ་ཁྲེལ། ཟེར་སྲོལ་འདུག དེས་ན། འབར་གས་ལས་འབར་ཐོར་ཞེས་པ་བཟང་བར་ཤེས་སོ། འབར་ཤུགས་འབྱུང་བ། ཞེས་ན་གང་འདྲ་འདུག་གམ།
མེ་ཡི་ནང་ལ། ཆུ་ཡི་འབྱུང་བ་ཡོད་རེད་དུས། མེ་ནང་གི་ཆུ་ཡི་འབྱུང་བའི་རྡུལ་དེ་ལས། ལྷག་པའི་འབྱུང་རྡུལ་ཕྲ་མོ་ཞིག་གང་ནས་རྙེད་དམ། ལགས།
ཨིན་སྐད་སྦིག་སྦང་གི་སྐད་དོད་རྙིང་པ་འབར་གས་ཆེན་མོ་འདི་དག་པ་ཡིན་ནམ། ཡང་ན། འབར་ཐོར་ཆེན་མོ་དག་ག་ཡོད་རེད། ལགས།། །།
འབར་ཐོར་འདི་ལ་རྒྱུ་མཚན་ཅིག་ཡོད་པ་ནི། འབར་ནས་གས་པ་མ་ཡིན་པར། གས་ནས་འབར་དགོས་འདུག་པས། འབར་ནས་ཐོར་བ་ཡིན་པ་འདི་ལ་ང་རྒྱབ་སྐྱོར་བྱེད་བཞིན་ཡོད་དོ།།
དེ་ལྟར་ན།རྡུལ་ཕྲན་གཅིག་གི་སྟེང་ནས་འབྱུང་བཞིའི་རྫས་ཅི་ལྟར་འཇོག་གི་ཡིན་ནམ།ཁྱེད་ཀྱིས་བཤད་པའི་འབྱུང་བཞི་དེ་རགས་པ་རེད།
གས་ནས་འཐོར་བ་ཡིན་ནམ།ཐོར་ནས་གས་པ་རེད།དང་པོ་མེ་ཤུགས་ཆེན་པོ་འབར་དུས་དང་པོ་གས་དེ་ནས་ཐོར་བ་རེད
ས་ཆུ་མེ་རླུང་བཞི་ཡི་འབྱུང་བ་དེ་རགས་ཀྱང་། ནམ་མཁའི་འབྱུང་བ་དེ་འཇོག་སྟངས་དཀའ་མོ་རེད་དོ།།
འབར་རྫས་ནས། འབར་གས། འབར་གས་ནས། འབར་ཐོར་ཞེས་རིམ་པ་གསུམ་མི་འདུག་གམ། ལགས།
། ཉི་མ་འབར་བའི་དུ་བ་སུའི་མཐོང་ཀྱང ་ །
གས་སྐྱོན་ཤོར་བའི་གྲུབ་བྱེད་གང་དང་གནས །
མ་ཤེས་མཁས་མདོག་སྟོན་པའི་གླད་གས་བ །
གང་མགྱོགས་མེ་ཕུང་ནང་ནས་ཚིག་བར་ཀྱེ །།
། ཉི་མ་འབར་བའི་དུ་བ་སུའི་མཐོང་ཀྱང ་ །
འདི།
ཉི་མ་འབར་བའི་དུ་བ་སུས་མཐོང་ཡང་། །
་
གས་སྐྱོན་ཤོར་བའི་གྲུབ་བྱེད་གང་དང་གནས །
འདི།
གས་སྐྱོན་ཤོར་བའི་སྒྲུབ་བྱེད་གང་དུ་གནས །
་
མ་ཤེས་མཁས་མདོག་སྟོན་པའི་གླད་གས་བ །
གང་མགྱོགས་མེ་ཕུང་ནང་ནས་ཚིག་བར་ཀྱེ །།
་
འདི་གཉིས་ནི་དོན་ནི་ཤེས་མ་སོང་།
ནོར་བུའི་ཕྲག་དོག་མེ་ལྕེ་ཁོག་ནས་འབར།།
ཁ་ནས་དུ་བ་ལྷོག་ལྷོག་འཕྱུརབའི་ཚེ།།
བླུན་པོའི་སེམས་ཀྱི་རང་མདོག་བསྟན་པའི་དུས།།
ཉི་མ་བཞིན་དུ་འབར་ཡང་གད་མོ་ཤོར་བའི་ཡུལ།།
ནོར་བུ་ཁ་ལ་ཕྲག་དོག་་མེ་འབར་ཁྱོད་
ཞེ་སྡང་སྣ་ནས་དུ་བ་འཚུབ་སེ་འཁྱུར་
རང་སེམས་དཀར་པོ་ཞི་ཞིང་མ་དུལ་ན་
དམར་ཆུང་སྙིང་ག་འགས་ཏེ་འཆི་ཉེན་ཡོད་
གས་ནས་ཐོར་བ་ཡིན་ཡང་། གས་པ་དེ་མེ་ཏོག་ཨུཏྤལའི་འདབ་མ་བརྒྱ་ཐམ་པ་བརྩེགས་པ་དེ་གཅིག་ཅར་དུ་འཕུག་པའམ་འབིགས་པ་ལས་ཀྱང་ཕྲ་བ་མ་ཡིན་ནམ།
ཡོངས་རྫོགས་བཀླགས་ཟིན། རྩོམ་ཟེར་ན་འདི་འདྲ་དགོས་པ་རེད། མཁས་པའི་ཉམས་འདུག ཡག་པོ་བྲིས་འདུག་པས་དགའ་བོ་བྱུང་། བཀའ་དྲིན་ཆེ་ཞུ།
འབྲེལ་བ་མེད་པའི་མཆན་ཡང་རེ་གཉིསའདུག།
དགོས་པ་མེད་པའི་མཆན་ཞིག་ངས་ཀྱང་བཏབ།།
གང་ལྟར་ཤོག་ངོས་གཅིག་ལ་འཛོམས་ཡོད་ཕྱིར།།
།བསམ་ཚུལ་གང་ཞིག་བྲིས་ཀྱང་སྐྱོན་མེད་སྙམ།།
ནམ་མཁའི་གོ་རྟོགས་རྒྱ་མཚོའི་འཇིང་ལས་ཟབ།།
ནམ་མཁའི་དམིགས་རྒྱང་ལྷ་ཡི་ལམ་ལས་རིང་།།
ནམ་མཁའི་སྨྱུག་ཁ་འཇའ་མཚོན་རི་མོ་བཞིན།།
གང་བྲིས་དགེ་ལེགས་ཕུན་སུམ་ཚོགས་པའི་རྒྱུ།།
འདིར་བྲིས་ཚད་བློ་བསྐྱེད་དང་། བོད་ཡིག་བོད་སྐད་མི་ཡུལ་དུ་གནས་པར་ཕན་པས་བྲིས་ཤིགུ
དེ་ལྟར་འཇིག་རྟེན་ཆགས་པ་འདི།
བར་གྱི་བསྐལ་པ་ཉི་ཤུར་གནས།
ཆགས་པ་དང་ནི་འཇིག་པ་དང་།
ཞིག་ནས་འདུག་པ་དག་མཉམ་མོ། མཛོད་གནས་གསུམ་པའི་ཚིགས་བཅད། ༩༣པ།
ཞིག་ན་འདུག་པའི་གནས་སྐབས་ལ་ཚན་རིག་པའི་སྐད་དུ། ནག་ཁུངས་ཞེས་ཟེར། གྲངས་ཅན་པས། ཁམས་པོ་འདི་དབྱེར་མེད་དུ་ཐིམ་པར་འགྱུར་བའི་གནས་ཡོད་པའི་ཕྱིར། ཞེས་པ་དང་ཆ་འདྲ་ཞིང་། ཆགས་འཇིག་གཉིས་དང་། གནས་པ་དང་ཞིག་ནས་འདུག་པའམ་སྟོངས་པར་གནས་པ་སྟེ། སྐབས་བཞི་པོ་འདི་དག་ལ་དུས་འདྲ་འདྲ་དགོས། ཞིག་ནས་འདུག་པ་ནག་ཁུངས་སུ་ཚུད་པའི་དངོས་པོ་དེ་དག་འབར་ཤུགས་ཀྱིས་འབྱུང་བ་ན། འཇིག་རྟེན་སྐྱར་དུ་ཆགས་པ་སོགས་མགོ་རྩོམ་པ་རྟེན་ཅིང་འབྲེལ་པར་འབྱུང་ངོ་། །
དྲ་གྲོགས་ཚོས་བགྲོ་གླེང་གི་ལམ་ནས་བསམ་ཚུལ་རེ་གསུངས་པ་ལ་བཀའ་དྲིན་ཆེ་ཞུ། ལྷག་པར་དུ་དོགས་སློང་རེ་བྱེད་པ་འདིས་ཕྲན་གྱིས་མ་ཤེས་རྣམས་ཤེས་བའི་རྒྱུ་རུ་འགྱུར་སྟབས་ཤིན་ཏུ་དགའ། ཕྲན་གྱིས་མ་ཤེས་པར་ཤེས་འདོད་དབང་གིས་བྲིས་པ་ལས། ཤེས་ནས་ཤེས་མདོག་བསྟན་ཏེ་བྲིས་པ་ཞིག་མིན་པ་ཀློག་ན་ཤེས་གསལ་ལྟར་ཡིན། འདིར་རྒན་ལ་དྭགས་པས་ཐ་སྙད་འདོགས་སྟངས་དཔྱད་པ་གནང་བ་ཡང་བཀའ་དྲིན་ཆེ། གཞན་རྡུལ་ཕྲན་སྟེང་གི་འབྱུང་བཞིའི་རྫས་ངོས་འཛིན་བྱེད་སྟངས་ལ། འབྱུང་བ་ཕྲ་མོའི་སྟེང་ནས་ངོས་འཛིན་བྱེད་སྟངས་ཞིག ནང་པའི་གཞུང་ལུགས་རྣམས་སུ་གསུངས་པ་གོང་དུ་དྲ་གྲོགས་ཞིག་གིས་གསུངས་པ་ལྟར་རེད། དཔེར་ན།ནང་པའི་གཞུང་ལུགས་རྣམས་སུ་བར་སྣང་སྟོང་པའི་དབྱིངས་ནི་ཅི་ཡང་མེད་པའི་སྟོང་པ་སྟོང་རྐྱང་ཞིག་ཏུ་ངོས་འཛིན་མི་བྱེད་པར།ང་ཚོའི་མིག་དབང་ལ་སྣང་མི་ཐུབ་པའི་རྡུལ་ཕྲན་མང་པོ་འཁོར་བསྐྱོད་བྱེད་བཞིན་ཡོད་པར་ཁས་ལེན་བྱེད། རྡུལ་ཕྲན་དེ་རྣམས་འཇིག་རྟེན་ཞིག་འཇིག་པའི་ལྷག་ལུས་ལ་ངོས་འཛིན་བྱེད་པ་ལྟར། སླར་ཡང་རྡུལ་ཕྲན་དེ་རྣམས་འབྱུང་བཞིའི་རྐྱེན་བྱས་ཏེ།
ཕན་ཚུན་འབྱར་ནས་འཇིག་རྟེན་གྲུབ་མགོ་རྩོམ་ཚུལ་ཞིག་གསུང་གི་ཡོད་སྟབས།འཇིག་རྟེན་སྤྱིའི་ཐོག་མ་ཞིག་འཇོག་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་འདི་རེད། གོང་དུ་རྒན་ལ་དྭགས་པས།ཚན་རིག་པ་ཚོས་ནག་ཁུངས་རེད་ཟེར་བ་དེ། ཟླ་བའི་གོ་ལའི་སྟེང་ནས་སའི་གོ་ལ་བལྟས་ཚེ།ནག་ཁུངས་རེད་དམ།བར་སྣང་གང་ལ་བལྟས་ཀྱང་ནག་ཁུངས་རེད་ཟེར་གྱི་ཡོད། ཕྲན་གྱིས་མཐོང་ནོར་མེད་ཚེ། ཟླ་བའི་གོ་ལའི་སྟེང་ནས་མར་བལྟས་ཚེ།ནག་ཁུངས་རེད་ཟེར་བ་ཞིག་ཡིད་ངོས་སུ་འདུག་མོད།འོན་ཀྱང་དེབ་འདི་དང་གཞུང་འདི་ཞེས་བཤད་ཡ་ཞིག་མི་འདུག་པས་དགོངས་འགལ་མེད་པར་ཞུ།
རྡུལ་རགས་པ་ཚོ་རྡུལ་ཕྲ་མོ་ལས་གྲུབ་པ་དང་། རྡུལ་ཕྲ་མོ་དེ་དག་གཟུགས་མེད་ཀྱི་ནུས་ཤུགས་ལས་གྲུབ། ནུས་ཤུགས་དེ་དག་རྒྱུ་མེད་ཐོལ་སྐྱེས་སུ་གྲུབ།
ནུས་ཤུགས་རྒྱུ་མེད་ཐོལ་སྐྱེས་སུ་གྲུབ་པ་མི་སྲིད་ཀྱང་། ནུས་ཤུགས་ཕྱི་མ་རྣམས། ནུས་ཤུགས་སྔ་མ་ལས་བྱུང་བའང་སྲིད་པས་་་་
ནམ་མཁའི་འབྱུང་བ་ཡོད་པར་གསུངས་འདུག་ན། ནམ་མཁའི་རྡུལ་ཞིག་ཡོད་དམ་མེད། ཡོད་ན་དེ་ལྟར་འཇོག་ཐུབ་བམ། ལགས།
འབྱུང་བ་རླུང་ལ་གཟུགས་ཡོད་དམ་མེད་ གཟུགས་མེད་ཀྱིས་ནུས་ཤུགས་ཟེར་ན་རླུང་གི་ནུས་པ་དེར་གོ་ན་མ་གཏོགས་གཞན་གཟུགས་མེད་ཀྱི་ནུས་པ་ཟེར་བ་ཞིག་ཡོད་དམ་་་གཞུང་ཚེས་འཇིག་རྟེན་ཆགས་འཇིགས་རླུང་གིས་བྱེད་ཟེར་ཡ་དང་དེ་རིང་ཀླུ་སྨྱོན་པས་རྡུལ་ཕྲ་མོ་དེ་དག་གཟུགས་མེད་ནུས་ཤུགས་ལས་གྲུབ་ཟེར་ཡ་འདི་ཚོ་འདྲ་བའི་ཆ་མང་པོ་འདུག་
རྒྱུ་རྐྱེན་མེད་པ་ཐོལ་བྱུང་དུ་གྲུབ་པའང་མི་སྲིད་
པ
ས་གཞི་ཆགས་ལ་རླུང་གི་ནུས་པ་དགོས་།
ཆུ་རྒྱུགས་པ་ལ་རླུང་གི་ནུས་པ་དགོས་།
མེ་འབར་བ་ལ་རླུང་གི་ནུས་པ་དགོས་།
སྲོག་ཆགས་འཚོ་བ་ལ་རླུང་གི་ནུས་པ་དགོས་།
འབྱུང་བ་རླུང་མེད་ན་འབྱུང་བ་བཞི་ལ་བརྟེན་
པའི་འཇིག་རྟེན་འདི་གནས་མི་ཐུབ་པ་དེ་ཡང་
མཁྱེན་དགོས་པ་དང་འབྱུང་བ་བཞི་ལ་བརྟེན་པའི་འཇིག་རྟེན་འདི་མ་བྱུང་སྔོན་འབྱུང་བ་གཅིག་ལ་བརྟེན་པའི་སྐལ་བའི་ཐོག་མ་ཆུའི་སྐལ་བ་དང་མེའི་སྐལ་བ་སོགས་བྱུང་ཡོད་པ་རིག་པས་དཔྱད་ན་ཚད་སྒྲུབ་ཐུབ་པ་ཞིག་མ་རེད་དམ་སྨྲ་ཤེས་དོན་གོ་བའི་མིའི་ཚན་ཉིད་ཚོ་།
ས་ཆུ་མེ་རླུང་སྟེ འབྱུང་བ་བཞི་ཡོད་པ་ལས་རྒྱ་ཆེ་ཤོས་དེ་གང་ཡིན་ནམ། ཚན་རིག་པས་བཤད་པ་ལྟར་མཇུག་ལ་འཆད་ངེས་ལགས་སོ།
ས་རྡུལ། ཆུ་རྡུལ། མེ་རྡུལ་ཡོད་པ་ལྟར། རླུང་རྡུལ་དང་། ནམ་མཁའི་རྡུལ་ཞེས་པ་ཞིག་ཡོད་དམ་མེད།
འབྱུང་ལའང་ངོ་བོ་དང་། །ངེས་ཚིག་དབྱེ་བ་དེའི་མཚན་ཉིད། །བྱེད་ལས་ལྔ་ལས་དང་པོ་ནི། །བརྟགས་ན་དབེན་ཕྱིར་མ་གྲུབ་སྟེ། །དེ་ལས་རང་བཞིན་འབྱུང་ཕྱིར་ངེས།།
རྒྱུ་མེད་ཐོལ་སྐྱེས་སུ་གྲུབ་པ་མི་སྲིད་པར་ཐལ། རྟགས་ཁྱེར་ཤོག
དང་པོ་དྲ་གྲོགས་བྱམས་རྒྱལ་ལགས་ཀྱི་ལན་ལ།འབྱུང་བ་རླུང་ལ་གཟུགས་ཡོད་མེད་རེད།གཟུགས་ལ་ཕྲ་རགས་གཉིས་ཡོད་པ་དང་།དེ་གཉིས་ཀྱི་ནང་ལ་ཡང་དྲི་སྒྲ་སོགས་དབྱེ་བ་མང་ལ།ཁྱེད་ཀྱིས་དྲི་བ་དེ་ཡང་ཞིང་གཡོ་བའི་ནུས་པ་ཡོད་མེད་དེ་རེད།གཡོ་བའི་ནུས་པ་ཡོད་སྟབས་རྡུལ་ཕྲན་ཕལ་ཆེར་ཕན་ཚུན་འབྱར་བ་དང་ཐོར་བ་སོགས་བྱེད།
གཉིས་པ་ཀརྡོ་ཡིས་ནམ་མཁའི་རྡུལ་ཟེར་བ་ཞིག་ཡོད་མེད་དེ་རེད།ས་རྡུལ་དང་ཆུ་རྡུལ་བཞིན་རང་གི་རིགས་འདྲ་བ་ལས་བྱུང་བ་མེད་ཀྱང་།སྟོང་པའི་དབྱིངས་ཀྱི་རྡུལ་ལ་མཁའ་རྡུལ་ཞེས་ཟེར་རོ།
ཨ་ལགས་ཀླུ་སྨྱོན་གྱིས་རྟགས་གསལ་བཏང་འདུག་པས།ཐོལ་བྱུང་གི་སྐྱེས་པ་དང་རྒྱུ་མེད་ཀྱི་རྡུལ་མེད་པར་ཐལ།དངོས་པོ་ཡིན་པའི་ཕྱིར།
མ་ཁྱབ། ནུས་ཤུགས་དེ་ཆོས་ཅན།
ནུས་ཤུགས་དེ་ཆོས་ཅན། རི་བོང་ར་ཡི་སྤྲུན་མཆེད་ཡིན་པར་ཐལ། རྒྱུ་མེད་རྐྱེན་མེད་ལས་འབྱུང་བའི་ཕྱིར། །
སྟོང་པའི་དབྱིངས་ཀྱི་རྡུལ་ཟེར་ན་གང་རེད། མཁའ་རྡུལ་དང་ནམ་མཁའི་རྡུལ་གཉིས་ལ་ཁྱད་པར་གང་ཡོད་དམ། ལགས།
ཧ་ཧ་ཧ་ད་ངོ་མ་ཁ་བརྡའི་ཆོས་གྲྭའི་ནང་ན་རྟགས་གསལ་གཏོང་གི་འདུག
ནུས་ཤུགས་ཆོས་ཅན།རྒྱུ་ཡོད་པར་ཐལ།གཞན་ལ་རྟེན་ནས་བྱུང་བའི་ཕྱིར།ཧཧཧཧ
སྦིག་སྦང་གི་སྐོར་ལ།
https://www.youtube.com/watch?v=OOlOOfEfzCs
ཀརྡོ་ལགས།དེ་གཉིས་ལ་ཁྱད་པར་མེད།ཐོག་རེག་བཅད་ཙམ་པོ་ནམ་མཁའ་འཇོག་པ་ལྟར་བར་སྣང་རུ་རྒྱུ་བའི་རྡུལ་ལ་མཁའ་རྡུལ་ཟེར།
ལྩགས་རྡུལ་ནི་རྡུལ་ཕྲ་ཤོས་ལ་འཇོག་པར་སྙམ། ལྕགས་རྡུལ་བདུན་ཆུ་རྡུལ་གཅིག། ཆུ་རྡུལ་བདུན། རི་བོང་གི་སྣ་རྩེར་ཡོད་པའི་རྡུལ་གཅིག། དེ་བདུན་ལུག་གི་སྣ་རྩེར་ཡོད་པའི་རྡུལ་གཅིག དེ་བདུན་གླང་གི་སྣ་རྩེར་ཀྱི་རྡུལ་གཅིག དེ་བདུན་ཉི་ཟེར་གྱི་རྡུལ་གཅིག དེ་བདུན་སྲོ་མ་གཅིག དེ་བདུན་ཤིག དེ་བདུན་ནས་འབྲུ་གཅིག དེ་ནས་གཞལ་སླའོ། མདོར་ན་རྡུལ་ཚོགས་པ་ལས་འཇིག་རྟེན་གྲུབ་པ་རིག་པས་དཔྱད་ན་རྟོགས་སླའོ། རླུང་སེམས་ཕྲ་མོ་ནས་ཀྱང་རིམ་པས་ཕུང་ཁམས་སྐྱེ་མཆེད་ལ་སོགས་གྲུབ་པ་རེད། མཐར་འདི་དག་ཐམས་ཅད་སྟོང་པའི་ངོ་བོར་གནས་པ། སྣང་བཞིན་སྟོང་། སྟོང་བཞིན་དུ་སྣང་། སྣང་སྟོང་དབྱེར་མེད་ཐིག་ལེ་ཉག་གཅིག་གོ །
དྲ་གྲོགས་རིན་ཆེན་ལགས་ཀྱིས་གསལ་བཤད་གནང་བར་བཀའ་དྲིན་ཆེ་
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཁྱེད་ཀྱིས་༼ས་ཆུ་མེ་རླུང་སྟེ འབྱུང་བ་བཞི་ཡོད་པ་ལས་རྒྱ་ཆེ་ཤོས་དེ་གང་ཡིན་ནམ། ཚན་རིག་པས་བཤད་པ་ལྟར་མཇུག་ལ་འཆད་ངེས་ལགས་སོ༽ཞེས་གསུངས་འདུག་པས་ཚན་རིག་པས་བཤད་པ་ལྟར་ན་འབྱུང་བ་བཞི་ཡོད་པ་ལས་རྒྱ་ཆེ་ཤོས་དེ་གང་ཡིན་ནམ་ཤེས་འདོད་ཆེན་པོ་འདུག་པས་གསུངས་རོགས་
ངས་ཨིན་སྐད་ལེགས་པར་མི་ཤེས་མོད། སྟབས་ལེགས་ཀྱིས་རྩོམ་བྲིས་སླ་བ་ཞིག་ཨིན་སྐད་དུ་བཀླགས། ལ་དྭགས་ཕལ་སྐད་དུ། བཀླགས་པ་ལ་གསིལ་ཟེར།
ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་བཞི་ལས་་རླུང་གི་ཁམས་དེ་སྟེང་དུ་མི་ལི་༢༠༠བར་དུ་རླུང་ཡོད་ཟེར། རླུང་ཁུངས་བུ་ཡོངས་སུ་ཚངས་པར་མཐོང་། དིང་སང་གྱིག་ལས་བཟོས་པའི་དངོས་པོ་མང་པོ་མཐོང་སྣང་དུ་ཡོད། གྱིག་གི་ཁུག་མ་ཞིག་ལ་རླུང་ཚངས་ཏེ་ཆེར་ཆགས་པ་ན་གྲང་གློག་སྒམ་དུ་ཁུག་མ་དེ་ཚུད་དཀའ་བ་ན། རླུངདེ་་རྣམས་ཕྱིར་བཏོན་དགོས་པ་འདུག བྱམས་པ་རྒྱལ་མཚན་ ཁྱེད་ཀྱིས་གཟིགས་རྟོག་མཛད་གྲོགག། འདི་ཡང་ཚན་རིག་གི་ཤེས་བྱ་གལ་ཆེ་བ་ཞིག་ཡིན་ནོ།
་
བྲིས་ནོར་དག་ལ་ཞུས་དག་གིས་རང་གི་བློ་གྲོས་ཡར་འཕེལ་ལ་ཕན།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་སྙིང་ནས་བཀའ་དྲིན་ཤིན་དུ་ཆེ་ཞུའོ།
ནམ་མཁའ་ལགས་ཀྱིས་སྐར་ཚོགས་ཀྱི་ཁྲོད་ནས་སྐར་མ་ཁ་ཤས་ཀྱི་འོད་འཚེར་འཚེར་བྱེད་པ་དང་། འགའ་ཤས་ཀྱི་འོད་ལ་གཡོ་འགུལ་མེད་པ་དེ་ནི་འོད་རང་འཕྲོ་དང་ལྡོག་འཕྲོའི་ཁྱད་པར་གྱིས་ཡིན་པའི་དོགས་སློང་གནང་འདུག དོགས་སློང་དེ་ནི་དང་བ་འདྲེན་པ་ཞིག་རེད། ཡིན་ནའང་ད་ལྟའི་ཚན་རིག་གི་ནུས་པས་ང་ཚོས་མཐོང་ཐུབ་པའི་སྐར་འོད་དེ་དག་རང་འཕྲོ་དང་ལྡོག་འཕྲོ་གང་ཡིན་རྟོགས་པའི་ནུས་པ་ལས་བརྒལ་ཡོད་པར་ང་རང་ཉིད་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད་པས། སྐར་འོད་དེ་དག་ལྡོག་འཕྲོ་ཡིན་པར་ད་དུང་ངོས་འཛིན་བྱེད་བཞིན་ཡོད། འོད་འཚེར་འཚེར་བྱེད་མིན་དེ་ནི་གཙོ་བོ་བར་ཐག་གི་ཁྱད་པར་དང་། དེ་བཞིན་བར་གྱི་སྨུག་རྒྱུའམ་རྡུལ་ཕྲན་གྱི་དབང་གིས་ཨེ་ཡིན་བསམས།
ཉི་མ་མ་གཏོགས། ས་ཡི་གོ་ལ་དང་། ཟླ་དཀར་ལ་རང་འོད་མེད་པ་བཞིན་དུ། རང་འོད་ཡོད་པའི་སྐར་མ་གཅིག་ཀྱང་རྙེད་ཐུབ་མེད། སྐར་མ་འོད་འཚེ་འཚེར་བྱེད་པར་མཐོང་བ་ནི། མིག་དང་བར་ཐག་རིང་དྲགས་པ་དང་། བར་གྱི་རྡུལ་ཕྲན་གྱི་རླབས་གཡོ་བས། དེ་ལྟར་སྣང་བར་འགྲེལ་བཤད་བྱས་ཡོད་རེད།
སྐར་མ་ཁ་ཤས་ལ་འོད་གཡོ་བ་དེ་རྡུལ་ཕྲན་དང་རྡུལ་ཕྲན་གྱི་རླབས་གཡ་བས་རྐྱེན་རེད་ཅེས་འགྲེལ་བཤད་གང་ན་འདུག་ཀརྡོ་ལགས
སྐར་འོད་དེ་དག་ལྡོག་འཕྲོ་ཡིན་པར་ད་དུང་ངོས་འཛིན་བྱེད་བཞིན་ཡོད། ཟེར་བ་དེ་འོད་རང་འཕྲོ་ལ་ནོར་བཅོས་ཞུས་ཡིན།